སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བཞི་པ། གཞང་འབྲུམ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་རེ་བཞི་པ། གཞང་འབྲུམ་གསོ་བ།



ལེའུ་རེ་བཞི་པ། གཞང་འབྲུམ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དགྲ་ལྟར་སྲོག་འཕྲོག་གཞང་འབྲུམ་གསོ་བ་ལ། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

རྒྱུ་རྐྱེན་ཁྲུས་དྲགས་བཤང་ལམ་གཅེ་འུས་བཙན། །སྟན་སྲབ་ཙོག་འདུག་བཤང་གཅི་ཕྱེན་འགག་བཙིར། །བཞོན་སྟེན་ཐུར་སེལ་རླུང་འཁྲུགས་གཞང་འབྲུམ་སྐྱེད།།
དབྱེ་བ་བད་རླུང་ཁྲག་མཁྲིས་སྐམ་གཤེར་རོ།།

དེ་རྟགས་འབྲུམ་པས་གཞང་བཀག་ཐུར་སེལ་ལོག །ཉེས་པ་འཁྲུགས་ཏེ་དྲོད་ཆུང་ཡན་ལག་ན། །རླུང་འཁྱིམ་ཁོང་སྦོ་མགོ་འཁོར་ཡི་ག་འཆུ། །སྟོབས་ཆུང་ཤ་སྐམ་མཆིལ་མང་རུས་ཚིགས་ན། །གཅིན་མང་བཤང་བ་ཉུང་ཞིང་འཁྲུ་འམ་སྐམ། །ཆུ་སྲི་མཚན་མ་ན་འབྲབ་གཞང་ཁ་གཟེར། །དྲི་མ་ཁྲག་བཅས་སུལ་ལས་གྲངས་ཕྱོགས་དཔག །ཁྱད་པར་བད་གྱུར་སྦོ་ཞིང་མེ་དྲོད་ཆུང༌། །ཡི་ག་འཆུ་ཞིང་ཆམས་འདེབས་མཆིལ་མ་མང༌། །གཅིན་སྲི་ཆུ་སོར་ཟུག་ཅིང་ན་ལ་གཟེར། །འཁྲུ་མདོག་སྐྱ་ལ་བད་ཀན་བེ་སྣབས་མང༌། །ཁྲག་དང་ཆུ་སེར་མི་འཛག་འབྲུམ་པ་དཀར། །གཡའ་ཞིང་འཕྲུག་འདོད་ཚོར་བ་ཆུང་བ་ལ། །པགས་པ་སེན་མོ་མིག་སྤྲིན་གདོང་པ་སྐྱ། །རླུང་གྱུར་དྲི་མ་བཤང་སྐམ་ཚ་ལ་འཚག །སྒྲ་དང་བཅས་ཤིང་སྐ་སླ་འདྲེས་མར་འཁྲུ། །མགོ་དང་ཕྲག་པ་བརླ་དང་རྩིབ་ལོགས་དང༌། །ཆུ་སོ་ན་ཞིང་དབུགས་རྒོད་ལུས་དྲོད་ཆུང༌། །པགས་པ་སེན་མོ་གདོང་མིག་འབྲུམ་པ་ནག །ཁྲག་གྱུར་འབྲུམ་པ་བྱུ་རུ་འོལ་སེ་འདྲ། །ཤིན་ཏུ་ཚ་ཞིང་ན་ལ་ཁྲག་མང་འཛག །མཁྲིས་གྱུར་ཚ་བ་སྐྱེ་ཞིང་སྐོམ་དད་ཆེ། །ལུས་རྔུལ་གཞང་ནག་དམར་སེར་དྲི་བཅས་འཁྲུ། །འབྲུམ་པ་དམར་སེར་སྔོ་ལ་ཁྲག་སླ་འཛག །པགས་པ་སེན་མོ་མིག་ཆུ་སྔོ་སེར་ལྗང༌།  །གཞང་སོར་ཕྱེད་དང་ལྔ་ལས་གཉེར་མ་གསུམ། །ཕྱིར་བྱུང་གསར་པ་གསོ་བ་སླ་བ་སྟེ། །བར་མར་བྱུང་དང་ལོ་གཅིག་འདས་གསོ་དཀའ། །ནང་གནས་འདུས་པ་ལོ་འདས་གསོ་བ་ཙམ། །ལུས་སྐྲངས་གཞང་རྣག་རིམས་བཏབ་སྐྱུག་པ་དང༌། །སྙིང་ག་རྩིབ་ལོགས་ན་དང་ལྷན་སྐྱེས་སྤང༌།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ཨ་རུ་ར་དང་བྱི་ཏང་ག །དུག་ཉུང་ཙི་ཏྲ་ཀ་དང་དར་བ་བླུད། །ཨ་རུ་ཀཎྜ་ཀ་རི་ཙི་ཏྲ་ཀ །གང་རུང་སྦྱར་བྱུགས་དར་བ་བླུག་ལ་བླུད། །ཛཱ་ཏི་རུ་རྟ་ཐལ་ཏྲེས་ཨ་ག་རུ། །ཤུ་ཏི་བསེ་ཡབ་ཐང་ཤིང་རོ་སྨད་བྱུག །བཤང་གཅི་འགགས་ན་འོ་མ་མར་གསར་བྱུག །གཟེ་མ་བ་སྤྲུ་ཐང་ཤིང་ཁུ་བ་བླུད། །ཆུ་ཚན་ལུས་སྤྱིང་སྤ་འབྲུ་ཞུན་མར་བྱུག །བྱ་བྲུན་པི་པི་ལིང་དང་འོལ་མོ་སེ། །ཡུང་བ་བ་གཅིན་བྱུག་དང་རེང་བུ་གཞུག །མི་སྐྲ་བྱི་ལ་སྦྲུལ་ལྤགས་མོན་ཆ་ར། །མར་སྦྱར་དུད་བདུག་དེ་དག་གཞང་འབྲུམ་འཇིག །ཐོར་པ་བྲུད་དང་གཏར་བས་ཁྲག་ངན་དབྱུང༌། །མ་ཞིག་ལྟོས་སྦྱངས་ཉི་མ་བདེ་བའི་སར། །རྡེའུ་འདོན་པ་ལྟ་བུར་ལུས་བཅོས་ལ། །བལྟ་དང་བཅད་པའི་ཆ་བྱད་ཚད་ལྡན་པས། །ཐོར་པ་བཞར་ཞིང་ལྕགས་དང་མར་གྱིས་བསྲེག །དེ་རྗེས་རོ་སྨད་སྨན་མར་བྱུག་པར་བྱ། །གཡས་གཡོན་མདུན་རྒྱབ་ཐོར་པ་རིམ་པ་ཡིས། །ཞག་བདུན་བར་བཅད་འབྲུམ་པ་རེ་རེ་བསལ། །ཙི་ཏྲ་ཀ་བཏབ་ཞོ་བསྣན་དར་བ་བཏུང༌། །ཤ་ཁུའམ་སྲན་ཁུ་དར་བར་བཅས་པ་བཟའ། །དར་བ་འཇམ་རྩུབ་བར་མ་མེ་དྲོད་དཔག །དར་བས་གཞང་འབྲུམ་ནད་བཅོམ་སླར་མི་ལྡོག །བྱེ་བྲག་བད་གྱུར་རྒོད་མ་ཁ་ཕྱེ་སྦྱར། །སོ་ཆ་དུད་པ་པི་པི་ལིང་དང་མར། །རེང་བུའམ་འབྲུ་མར་སྦྱར་བ་མས་བཏང་བྱ། །རླུང་གྱུར་སེ་འབྲུའི་ཁུ་བ་ཟི་ར་གཉིས། །ལ་ལ་ཕུད་དང་པ་ཏྲ་སྒ་སྦྱར་བཏང༌། །ཨ་རུ་བ་ཆུར་བཙོས་ཕྱེ་བུར་སྦྱར་བྱིན། །ཁྲག་གྱུར་དྲི་མནམ་ཟུངས་བསྲུང་མི་བཅད་བཞག །མཚལ་འདྲ་བཅད་དེ་ཤ་མ་ལི་ཡི་ཤུན། །སེང་ཕྲོམ་བཙོད་དང་ཧོང་ལེན་དུག་མོ་ཉུང༌། །ཙན་དན་ཤིང་མངར་པུ་ཤེལ་ནཱ་གེ་སར། །ཞིབ་བཏགས་འབྲས་བཀྲུས་ཆུ་དང་སྦྱར་ལ་བླུད། །དུག་མོ་ཉུང་ཤུན་འབྲས་བུ་ཨ་བྱག་དང༌། །གེ་སར་ཨུཏྤལ་སེང་ཕྲོམ་སྨན་མར་བཏང༌། །སྟང་ཟིལ་ཙན་དན་པུ་ཤེལ་ར་ཁྲག་དང༌། །ཀ་ར་འབྲས་ཀྱི་ཆུ་བླུད་ཏིལ་ནག་གི། །ལྔ་འགྱུར་ཤ་ཁ་ར་དང་འོ་སྦྱར་བྱིན། །མཁྲིས་པ་ལས་གྱུར་ཨིཎྜ་བཞི་ཐང་བཏང༌། །དུག་ཉུང་བོང་ང་སྐྱེར་ཁཎ་སྦྲང་སྦྱར་བཟའ། །སྤོས་དཀར་དོང་གྲ་ཨ་རུ་ཁྲོན་བུས་སྦྱང༌། །གཞང་འབྲུམ་རློན་ལ་དུག་མོ་ཉུང་ཤུན་མཆོག །སྐམ་ལ་བསེ་འབྲས་ཀུན་ལ་དར་བ་མཆོག །བླ་གཉན་གང་བྱུང་ནད་གཞི་བརྟགས་ལ་བསལ། །ཤུགས་བཙིར་སྟན་སྲབ་ཉལ་པོ་བཞོན་པ་དང༌། །རླན་གྲང་མེ་ཉིས་གདུང་བ་རྟག་ཏུ་སྤང༌།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཞང་འབྲུམ་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།