སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་བདུན་པ། རྨེན་བུ་བཅོས་པ།



ལེའུ་རེ་བདུན་པ།  རྨེན་བུ་བཅོས་པ། 

སུར་ཡའི་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རྨེན་བུའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་དྲག་ཤུལ་གྱི་རྐྱེན་གྱིས་འགྲམས་པའམ། རླུང་ཁྲག་གཉིས་འཁྲུགས་པ་རྨེན་བུ་ལ་བརྟེན་ཏེ་སྐྲངས་ཤིང་སྲ་ལ་འདྲིལ་བ་ཕལ་ཆེར་སྐེ་འཇིང་མིག་ཟུར། མཆན་ཁུང༌། སྣེ་ས་བཞི་རྣམས་སུ་མང་བ་འབྱུང་སྟེ། ཡན་ལག་བརྒྱད་པར། ནང་གི་བད་ཀན་ཤས་ཆེ་བ། །ཁྲག་དང་ཤ་དང་ཚིལ་ལ་བརྟེན། །ཟླུམ་ཞིང་མཐོ་ལ་སྲ་བ་སྟེ། །མདུད་པ་འདྲ་བས་རྨེན་བུར་བཤད། །ཅེས་འབྱུང་ལ།

དབྱེ་བ་ཕྱེ་ན་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། ཤ་རྨེན་དང༌། ཚིལ་རྨེན་དང༌། རྩ་རྨེན་དང༌། འབྲས་རྨེན་དང་བརྒྱད་དུ་བཤད་དོ། །

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་རླུང་ལས་གྱུར་པ་སྐྲངས་རྒྱ་ཆེ་ཞིང་བུས་པ་ལྒང་པ་འདྲ་བར་གཡོ། མཁྲིས་པ་ལས་གྱུར་པ་མདོག་དམར་སེར་དུ་སྐྲངས་ཤིང་དྲོད་ཆེ་སྟེ་ཚ་ལ་ན་བ་རྣག་ཏུ་འདྲུལ། ཁྲག་ལས་གྱུར་པ་དྲོད་ཆེ་ལ་ཚ་ཞིང་མདོག་དམར་བ་རྩ་ཐོག་ཏུ་འབྱུང༌། བད་ཀན་ལས་གྱུར་པ་ཟུག་ཆུང་ཞིང་སྐྲངས་སྲ་ལ་བསིལ་བས་སྨིན་དཀའ་ཞིང་མདོག་སྐྱ་བ་ཡིན་ཤ་རྨེན་སྲ་ལ་རྒྱ་ཆེ་བ་འཇམ་ཞིང་རྩ་རིམ་མང་ལ་སྣུམ། ཚིལ་རྨེན་མདོག་དཀར་ལ་བསིལ་ཞིང་ཤ་ཉམས་ཆེ་ན་རྨེན་བུ་ཆེ། ཤ་ཉམས་ཆུང་ན་ཆུང་སྟེ་འཕེལ་འབྲི་ཆེ། རྩ་རྨེན་ནི་རྩ་སྟེང་དུ་འབྱུང་བས་སྙི་ལ་རྩ་འབྲུམ་ལྟར་སྐྲངས་ཤིང་མནན་ན་ན་ལ་འགུལ་བའོ། །འབྲས་ནི་མཁྲང་ལ་སྲ་འདྲིལ་དང་གཏིང་ཟུག་བྱེད་ཅིང་འཕེལ་འབྲི་ཆུང༌། སྤྱིར་རྨེན་བུ་ཁ་ཅིག་རང་བཞིན་གྱིས་ཞི་འམ་འཕེལ་ཞིང་རྒྱས་པར་བྱེད། ཁ་ཅིག་ཟུག་མེད་ཅིང་མྱུར་དུ་སྨིན་པ་དང༌། ཁ་ཅིག་ཟུག་གཟེར་ཆེ་ལ་སྨིན་པ་དཀའ། ལ་ལ་སྨིན་དཀའ་ལ་མཁྲེགས། ལ་ལ་མྱུར་དུ་རྣག་ཏུ་འདྲུལ། དེ་ལས་སྲ་ལ་རྣག་མེད་ཅིང་སྨིན་དཀའ་བ་ཉུང་གཤེར་འཁྱགས་འདྲ་དང་རྩ་ལ་འབྲོས་ཤིང་འཕེལ་སྐྱེན་ཏེ་རྒྱས་པས་པགས་པ་འགས་པ་རྣམས་སྤང་བར་བྱའོ། །

བཅོས་པའི་ཐབས་ལ་གསར་དུས་ལོ་མ་ལོན་ཞིང་ནད་སྟོབས་ཆུང་བ་ལ་སྦྲང་རྩི་ལས་བྱུང་བའི་སྤྲ་ཚིལ་ཤོག་བུ་ལ་བསྐུས་ནས་བསྲོས་པ་གླན་ཞིང༌། རྒྱམ་ཚྭ་དང་བཅའ་སྒ་གཉིས་ཀྱི་ཚན་དོས་བདུག་ཅིང་མཉེ། དེས་ཀྱང་མ་ཞི་ན་སྟེང་དུ་མེ་ཡིས་ཚོས་པར་བསྲེག ནད་སྟོབས་འབྲིང་པོ་ཟླ་བ་གཅིག་གཉིས་ལོན་པ་ལ་བྲག་ཞུན་དྲི་ཆུ་སྦྱར་བ་བྱུག་པ་དང༌། ཡང་ན་ཀླད་པ་རུལ་པ་ཚྭ་དང་སྦྱར་བ་བྱུག་ཅིང༌། ཨ་རུ། གུ་གུལ། སྐྱེར་པའི་ཁཎྜ་བཅས་པ་ཆུར་སྦྱར་བ་བཏུང༌། དེས་ཀྱང་མ་ཞི་ན་འབམ་པོ། བྱ་བྲ་ཞེས་ཕུག་རོན་གྱི་བྲུན་གྱིས་རྣག་ཏུ་དགུག རྙིངས་ཤིང་ཆེར་རྒྱས་ཏེ་ཟླ་བ་བཞི་ལྔ་ཙམ་སོང་ནས་སྣུམ་འཆོས་དང་འོག་ཏུ་འཆད་པའི་ཨ་སའི་དུགས་བྱས་ལ་ཕྱི་རྒྱུད་ལྟར་ལྟོ་སྦྱོང་དོན་སྣོད་སོ་སོར་བཤད་པ་ལྟར་དང་རྩ་ནས་སྦྱངས་ཤིང་གང་ཉེའི་ཞེས་གང་ཞུགས་ཀྱི་རྩ་ལ་གཏར། ཆུ་མ་རྩི་དང་སྒོང་ཐོག་པ། བྲག་ཞུན་དང༌། བུལ་ཏོག་རྣམས་དྲི་ཆུར་སྦྱར་བས་བྱུག་པར་བྱ་བ་དང༌། དེས་ཀྱང་མ་ཐུབ་ན་བསྲེགས་ཏེ། དེ་སྟེང་དུ་ཁྲ་བོའི་ལུམས་ཀྱིས་གདུལ་བ་གཞུང་འདིའི་ཡན་ལག་གི་རྨ་གསོ་བར། དེས་ཀྱང་མ་ཐུབ་ཁྲ་བོའི་ཆས་ཀྱིས་གདུལ། །ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕབ་ཚོས་རམས། །སོ་ཐོག་ཝ་སྤྱང་གོང་མོ་སྤྲེ་སྤྲེལ་བྲུན། །རི་བོང་རིལ་མ་ཞུན་ནན་གང་འཕྲོད་སྦྱར། །ཞེས་བྱ་བ་དང༌། རྣག་ཏུ་ཁུགས་ནས་འབྲས་ལྟ་བུར་བཅོས་པར་བྱ། རྨེན་བུ་ཟུག་ཆུང་ཞིང་རབ་ཏུ་འཕྱང་ན་རྩ་བ་ནས་བཅད་ལ་བསྲེག།

བད་རླུང་ལ་སྟག་ཚེར་ཏེ་ཀཎྜ་ཀ་རི། སེང་ཚེར་ཏེ་སེང་ལྡེང་དང༌། ཙི་ཏྲ་ཀཔི་པི་ལིང་རྣམས་ཀྱི་སྨན་མར་སྣུམ་བཅས་ཟ་ཞིང་བྱུག་པའི་རྗེས་སུ་ཕྱི་རྒྱུད་ལྟར་སྦྱང་བ་དང༌། རྒྱམ་ཚྭ་སྒ་བཅས་མར་སྦྱར་བྱུགས་སྟེང་ཟན་དྲོན་ལ་སྤོད་སྣ་འབྲུ་མར་བཅས་བཏབ་པའི་ཨ་སས་བདུག ཁྲག་མཁྲིས་ལ་ཨ་རུ་ར། རྒྱ་སྐྱེགས། ཙན་དན་དམར་པོ་དང༌། ཧོང་ལེན། ཤུ་དག་རྣམས་སྦྲང་དང་སྦྱར་ལ་བཏང་བ་དང༌། ཀྱི་ལྕེ་དཀར་པོ་དང༌། བྲག་ཞུན། ཧོང་ལེན་རྣམས་དྲི་ཆུར་སྦྱར་བ་བྱུག ཤ་རྨེན་ལ་གཅན་གཟན་གྱི་ཤ་སྣ་ཚོགས་ཚད་ཆང་དུ་བཙོས་ལ་བདུག་ཅིང་ཡང་ན་ལྡེ་གུ་བྱུགཚིལ་ལས་གྱུར་པ་ལ་གུ་གུལ། བྲག་ཞུན། སྤང་སྤོས། སྐྱེར་ཁཎྜ། རྒྱ་སྤོས། སྦྲང་རྣམས་སྦྱར་བ་ཟ་ཞིང་བྱེ་རུག་པས་བདུག རྩ་རྨེན་ལ་གང་བྱུང་གི་གོང་འོག་བསྲེག་ཅིང་གང་ཉེ་གཏར་བ་དང༌། འབྲས་མཁྲང་ལུམས་ཀྱིས་ཞེས་པ། འབྲས་འདུལ་མི་ཡི་རྐང་མགོ་ཉྭ་ཡི་ཤ། སྤྲུ་རྩ་རེ་ལྕག་ཆང་བཙོས་ལུམས་སུ་གཞུག། ཅེས་པ་དེས་བཏུལ་ལ་དེ་རྗེས་བསྲེག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་རྨེན་བུ་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།