སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དྲུག་པ། སུར་ཡའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་དྲུག་པ། སུར་ཡའི་ནད་བཅོས་པ།



ལེའུ་རེ་དྲུག་པ།  སུར་ཡའི་ནད་བཅོས་པ། 

མེ་དབལ་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། སུར་ཡའི་ནད་འདི་སྤྱིར་སྐྲན་རིགས་འགའ་ཞིག་དང༌། ཁོང་འབྲས་སུར་ཡ་རྣམས་ཁྱད་པར་ཆེར་མེད་ཀྱང༌། སྐྲན་ནི་མ་ཞུ་བས་བསྐྱེད་པ་ཤས་ཆེ་ཞིང་ངོ་བོ་འདྲིལ་བ་དང༌། ཁོང་འབྲས་ནི་ཟས་ལ་འཁྲེན་ཞིང་ཟུག་རྔུ་ཆུང་ལ་ངོ་བོ་བམ་པ། སུར་ཡ་ནི་ཁྲག་ངན་དོན་སྣོད་ཀྱི་རྩ་མིག་ཏུ་འདུས་ནས་ངོ་བོ་སྐྲངས་པ་ཟུག་རྔུ་དང་བཅས་པ་གཞུག་རྣག་ཏུ་སྨིན་པའོ། །དེའི་གྱུར་ཚུལ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

གྱུར་ཚུལ་ཟས་སྤྱོད་གཉིས་དམན་ལྷག་ལོག་པའི་རྐྱེན་གྱིས་ཁྲག་འཕེལ་བ་དང༌། མཚོན་སོགས་ཀྱིས་བསྣད་པའི་ཁྲག་ལུས་པ་དང༌། ལུས་འགྲམས་པའི་ཁྲག་གཏར་གྱིས་མ་འཆུན་པ་དང༌། རིམས་དུག་ཚ་བ་སོགས་རྩར་བབས་པའི་དུས་སུ་མ་གཏར་བའི་སྐྱོན་གྱིས་ཁྲག་ངན་ཆུ་སེར་རྣམས་དོན་སྣོད་ཀྱི་རྩ་མིག་ཏུ་འདུས་པས་སྐྲངས་ཤིང་བརྣགས་ན་འབྲས་ལྟ་བུར་འགྱུར་བ་ཡིན།

དབྱེ་བ་ཕྱེ་ན་གློ་བ་དང༌། མཆིན་པ་དང༌། མཁལ་མ་དང༌། ཕོ་བ་དང༌། ལོང་དང་ལྔ།

དེ་རྣམས་ངོས་འཛིན་པའི་རྟགས་ནི་གློ་བའི་སུར་ཡ་མཆན་འོག་ཏུ་སྐྲངས་ཤིང་སྟོད་གཟེར་ལ་གློ་མང་འབྱུང༌། མཆིན་པའི་སུར་ཡ་མཆིན་སྟེང་སྐྲངས་ཤིང་སྟོད་གང་སྙམ་དང་ཉལ་བའི་དུས་སུ་ཉལ་མི་ཤེས། མཁལ་མའི་སུར་ཡ་ནི་མཁལ་སྟེང་དུ་སྐྲངས་ཤིང་དྲི་ཆུ་སྲི་བ་ཡིན། ཕོ་ལོང་གི་སུར་ཡ་ནི་སྦོ་འཁྲོག་བྱེད་ཅིང་ཕོ་ལོང་སྟེང་དུ་སྐྲངས་འོང་བ་དེ་རྣམས་ཀུན་ཀྱང་སྨིན་ནས་རྣག་ཁྲག་དང་ཤེ་རུལ་དུ་འཛག་པ་དང་སྐབས་སུ་ནང་དུ་གསོག་ཅིང་གློ་སློང་ལ་ལྡང་བར་བྱེད།

བཅོས་པའི་ཐབས་ཀྱི་ཐོག་མར་འབྱེད་ཐང་ཨ་བར་སྐྱུར་གསུམ་སླེ་ཏྲེས་བ་ཤ་ཀ་བཅས་བཏང་རྗེས་ཁྲག་མང་དུ་གཏར་ཞེས་པ་གློ་མཆིན་མཁལ་མ་ཕོ་ལོང་གང་བྱུང་གི་རྩ་གཏར་ཞིང༌། དེ་འོག་ལྟོ་དང་རྩ་ནས་ཕྱི་རྒྱུད་ལྟར་དག་པར་སྦྱང་བ་དང༌། བྲག་ཞུན་ནམ་འོམ་བུའི་ཁཎྜ་གང་ན་བའི་དམིགས་ལ་བྱུག་ཅིང༌། ཤུག་འབྲུ། བ་ལུ། མཚེ། མཁན་དཀར། འོམ་བུ་སྟེ་བདུད་རྩི་ལྔའི་ལུམས་ཀྱིས་སྐྲངས་པ་འདུལ་བ་དང༌། ཡང་ན་མེ་ཏོག་སྣ་ཚོགས་ཚད་ཀྱི་ལུམས་སུ་གཞུགདེ་རྣམས་ཀྱིས་མ་ཞུ་ན་འབམ་པོ། བྱ་བྲ་ཞེས་ཕུག་རོན་གྱི་བྲུན། སྤྲུ་མ་བཅས་པའི་ལུམས་ཀྱིས་རྣག་ཏུ་བཀུག་ལ་སྨིན་ནས་གཙགས་བུས་མི་བརྟོལ་བར་རུས་པས་བརྟོལ་ལ་སྦང་མའི་འཇིབས་བྱ་ཞིང་ཧྲེམ་ན་གོང་བཤད་བདུད་རྩི་ལྔའི་ལུམས་དང་དེ་གཉིས་སྤེལ། ཡང་ན་དོམ་མཁྲིས་དནྡ། རྒྱ་ཚྭ། ཤུ་དགསྦྲང་གི་རིལ་བུ་རྨ་ནང་བརྫངས་ལ་ཟ་རུ་གཞུག་ཅིང༌། རྨ་ཁ་ཆེར་སོང་ན་རས་ལ་སྨན་བྱུགས་ཏེ་ནད་མ་ཆོད་བར་དུ་བཅུགནད་ཆོད་ནས་རྨ་གསོ་བའི་སྨན་གདབ་བོ། །རྣག་འབྱམས་ན་དངུལ་ཆུའི་རིལ་བུ་ནི་གོང་དུ་ལེའུ་ང་དགུ་པ་ཆུ་སེར་གྱི་ནད་གསོ་བའི་སྐབས་སུ། དངུལ་ཆུ་མུ་ཟི་སེང་ལྡེང་སོ་མ་ར། །ཞེས་པ་ན། སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། །ཞེས་པའི་བར་གྱི་སྦྱོར་བ་དེས་སྐེམ་པ་དང༌། རྣག་གར་བབས་པ་དེའི་གནས་དང་སྦྱར་བའི་ཕྱེ་མ་གང་འོས་སྦྱར་བ་དང༌། རྒྱུད་ཕྱི་མའི་འབའ་སམ་སྨན་མར་ལ་རྭ་ཅོ་སྣ་ཚོགས། མཁྲིས་པ་སྣ་ཚོགས་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགསྦྲང་རྣམས་དང་སྦྱར་བས་སྐེམ་པར་བྱེད། རྗེས་ལ་རྨ་དང་ཉེ་བའི་རྩ་སྒོ་དང་རྨ་གང་བྱུང་གི་སྟེང་དུ་མེ་བཙས་མནན་པར་བྱ། ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་སུར་ཡའི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།