སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གསུམ་པ། འབྲས་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་རེ་གསུམ་པ། འབྲས་ནད་གསོ་བ།

དེ་ལ་ལེའུ་དྲུག་ཅུ་རེ་གསུམ་པ་འབྲས་ནད་གསོ་བ་ལ་གཉིས་གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་འབྲས་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས། གནས་ཀྱི་དབྱེ་བ་དང༌། ཉེས་པའི་རིགས་ཀྱིས་དབྱེ་བ་གཉིས། དང་པོ་ནི། གནས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པ་ལའང་གཉིས་ཕྱིའི་འབྲས་དང་ནང་གི་འབྲས་གཉིས།

        དང་པོ་ནི། ཕྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། ཤ་འབྲས་དང༌། རུས་འབྲས་དང༌། རྩ་འབྲས་གསུམ་མོ། །གཉིས་པ་ནི། ནང་འབྲས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་དགུ་ གློ་འབྲས། སྙིང་འབྲས། མཆིན་འབྲས། མཆེར་འབྲས། མཁལ་འབྲས། ཕོ་འབྲས། རྒྱུ་ལོང་གི་འབྲས། གཞང་འབྲས། ལྒང་འབྲས་དང་དགུའོ། །གཉིས་པ་ཉེས་པའི་རིགས་ཀྱིས་དབྱེ་བ་ནི། དེ་རིགས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་དྲུག་སྟེ་རླུང་དང་མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། མཚོན་དང༌། བྱེ་འབྲས་དང་དྲུག་སྟེ། དེ་ལྟར་ཕྱི་འབྲས་གསུམ། ནང་འབྲས་དགུ། ཉེས་པའི་རིགས་གཉིས་གནས་དྲུག་སྟེ་དྲིལ་བས་འབྲས་ཀྱི་དབྱེ་བ་བཅོ་བརྒྱད་དུ་བཤད་པའོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། ཕྱིའི་རྟགས་དང་ནང་གི་རྟགས་དང་རིགས་ཀྱི་རྟགས་གསུམ་ལས། དང་པོ་ནི། ཕྱི་འབྲས་ལའང་གཉིས་སྤྱིའི་རྟགས་དང་ཁྱད་པར་གྱི་རྟགས་གཉིས་ལས། དང་པོ་ནི། ཕྱི་རྟགས་ཞེས་འབྲུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། ཁྱད་པར་ཞེས་རྐང་པ་ལྔས་བསྟན་པ་ལ། ཕྱི་ནང་གཉིས་ལས་དང་པོ་ལ་གསུམ། ཤ་འབྲས། རུས་འབྲས། རྩ་འབྲས་གསུམ་མོ། །རུས་འབྲས་ཀྱི་སྣག་ཆུ་སྲོ་མ་ཞེས་པ་ནི་ཆུ་སེར་སླ་མོའི་ཁྲོད་ལ་སྣག་ཚིག་སྲོ་མ་ལྟ་བུ་འབྱུང་བའོ། །གཉིས་པ་ཁོང་འབྲས་ལའང་གཉིས་སྤྱི་དང་བྱེ་བྲག་གཉིས་སོ། །དང་པོ་ནི། ཁོང་འབྲས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ།།

གཉིས་པ་བྱེ་བྲག་ནི་གློ་འབྲས་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། སྙིང་པོ་བསྡུས་པར། བླ་གཉན་དེའི་དབྱེ་བ་ཡང༌། གནས་ཀྱིས་དབྱེ་ན་ལས་བཤད་དོ། །ལྟེ་བར་བྱུང་ན་སྐྱིགས་བུ་སྟེ། ཞེས་སོགས། གློ་བར་ལྐོག་ནད། སྙིང་ལ་སྙིང་འཕར་ཞིང་སེམས་རྨོངས་པ། མཆིན་པར་མགོ་འཁོར། མཆེར་པར་དབུགས་མི་བདེ་བ། མཁལ་མར་རྒྱབ་སྨད་མི་བདེ་བ་རྐེད་པ་འཁོར་བ། ཕོ་བ་ལོང་རྣམས་སུ་འོར་ནད་ལྟ་བུ་འོང་བར་བཤད། ཟས་ལ་མཁྲེན་ཞེས་པ་ནི། ཟས་མི་ལེན་པར་ཟོས་འཕྲལ་དུ་སྐྱུག་པའོ། །གཞང་དུ་ཐོར་རླུང་འགགས་པ། ལྒང་པར་ཆུ་འགགས་སོགས་འབྱུང་ངོ༌། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་པའི་ཞེས་རྐང་པ་དགུ་བཅུ་ཐམ་པ་དང་འབྲུ་གསུམ་གྱིས་བསྟན་ཏེ། ཤ་ལ་བདུད་རྩི་ལྔའི་བདུག་པ་ནི་ཤུག་པ་བ་ལུ་མཁན་པ་འོམ་བུ་མཚེ་ལྔའོ། །རྩ་ལ་བསིལ་བའི་སྔོ་སྣ་ནི། སྔོ་སྦྱོར་ཚ་སེལ་ནས་བཤད་པ་སྔོ་སྣ་གང་འཛོམས་བྱའོ། །འཇིག་ཟས་ནི་རྫོང་འཕྲང་དུ། ཁ་ཟས་ཉ་དང་ཕག་ཤ་སྒོ་ང་སྔོ་ངད་ལ་སོགས་དུས་མེད་བཏང་ལ་བཤིག་ཅེས་འབྱུང་ངོ༌། །ཤ་རོ་སྐྱོན་བསལ་བའི་དངུལ་ཐལ་ནི་མཚལ་ལས་དངུལ་ཆུ་བཏོན་པའི་རོ་མ་དེའོ། །གསོན་གཤིན་སྤྲད་ཞེས་པ་ནི་གསོན་པོ་རུས་པ་ལྷ་བཙན་དང་གཤིན་པོ་རུས་འབྲས་ཅན་ཡིན་པའི་དོན་ནོ། །སོ་ཐོག་ནི་ལྕགས་སྐྱག་གོ་ །རྩ་ཁ་ཤོར་ན་དོམ་མཁྲིས་ཐལ་བ་གཉིས། ཞེས་པའི་ཐལ་བ་གཉིས་ནི་རྫོང་འཕྲང་དུ། ཟབ་ཐལ་དང་འགྲོན་ཐལ་དུ་བཤད་དོ། །འཚོ་སྨན་གདབ་པ་ལ་རྫོང་འཕྲང་དུ། ཤའུ་གསོ་བ་ལ་མུ་ཟི་མར་དཀར་དུ་བསྡུས་པ་ལ་དོམ་མཁྲིས་བྲག་སྤོས་བཏབ་པ་བྱུག་ཅེས་སམ། ཡང་ན་ཅུ་གང་གུར་གུམ་དོམ་མཁྲིས་མཚལ་ཀ་ར་སྦྱར་བ་གདབ་ཅེས་བྱུང་ངོ༌། །རློན་ན་ཕྲུམ་གསར་བཏང་བ་ནི་འོ་མའི་ཟོ་ཤ་ཞེས་པ་དེ་བཏང་ངོ༌། །སྦོས་ན་ཕྱིང་མར་ནི་ཕྱིང་པ་མར་དུ་བཙོས་པ་དྲོ་འཇམ་གླན་ནོ། །བརྩེ་ན་ལྷིང་ཚ་ནི་ཚན་རྡོ་མ་རེག་ཙམ་བཟོད་ཐང་བྱེད་པའོ། །རྨེན་པ་བརྟས་བྱེད་ཀྱི་དུར་བླུག་ཀླད་པ་ནི། མི་དུར་དུ་ལོ་ལོན་པའི་ཀླད་རུལ་དེའོ། །མ་རྙེད་ན་མི་ཀླད་སོ་མས་ཀྱང་རུང༌། ཁྲུ་གང་འོག་ས་ནི་ཝ་ཆུ་རྒྱུན་དུ་བབས་པའི་ཁྲུ་གང་ཡན་གྱི་ས་ཕྱིར་བསལ་དེ་རྗེས་བླང་ངོ༌། །ཁོང་འབྲས་ཀྱི་འབམ་པོ་ནི་གླ་བ་མདེ་ཕུད་ཅེས་ཀྱང་ཟེར་རོ། །རིལ་བུ་ཁྱེ་སུས་བཏང་བ་ནི་རིམ་པས་བསྐྱེད་ནས་བསྟེན་པའོ༌།ཤིག་རྟག་མཐོང་ནས་ཞེས་པ་ལ་གསེར་མཆན་དུ། སྙིང་སེང་ཟོ་བདེ་སྐྱུག་པ་ཆད་ཅེས་དང༌། སྨིན་རྟགས་ནི་སྙིང་པོ་བསྡུས་པར། ཁོང་འབྲས་སྨིན་པར་གྱུར་པ་ལ། །ཁོང་པར་གནས་པ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །གཟེར་བ་བདེར་གནས་གོང་བུར་བདུག །དེ་ངོས་བརྩིར་བས་ཚོར་བ་ཆུང༌། །ཚ་བ་ལ་སོགས་གྱུར་པ་ན། །སྨིན་པ་ཡིན་པས་ཁོང་འབྲས་ནི། །བརྟོལ་སྟེ་རྨ་ལྟར་གསོ་བར་བྱ། །ནང་གི་ཆར་གནས་ཁོང་འབྲས་ནི། །སྨིན་པའི་མཚན་མའང་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣམས་འགྱུར་ཏེ། །དེ་ནི་སྟེང་ངམ་འོག་ཏུ་འབྱུང༌། །རང་ཉིད་རྡོལ་བའི་ནད་དེ་ནི། །ཟས་ཕན་བྱིན་ཞིང་བཏང་སྙོམ་བཞག །ཞག་བཅུའམ་བཅུ་གཉིས་བར་དུ་ནི། །སྨན་པས་བླ་གཉན་སྲུང་བར་བྱ། །ཞེས་འབྱུང་ངོ༌། །རླུང་འབྲས་ཀྱི་ཁྲུས་བཏང་ནི་དུར་བྱིད་མར་གསར་སྨན་མར་གྱི་སྦྱོངས་བཏང་ངོ༌། །བད་ཀན་གྱི་འབྲས་ལ་སྦྱང་བ་ནི། དན་ད་དོང་ཁྲ་ཁྲོན་བུ་ཤྲིའ་ཁནྜ་ཨ་བར་སྐྱུར་གསུམ་བ་ཆུའོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩིཞེས་པ་ནས་དྲུག་ཅུ་རྩ་གསུམ་པའོ་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།