སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་གཉིས་པ། ཕྲན་བུའི་ནད་གསོ་བ།



ལེའུ་རེ་གཉིས་པ།  ཕྲན་བུའི་ནད་གསོ་བ། 

པགས་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། ཕྲན་བུའི་ནད་ཀྱི་རིགས་བཅོ་ལྔའི་གསོ་ཐབས་བསྟན་པ་ནི།

ཉྭ་ལོག་གི་ན་ལུགས་རྩ་འཆོལ་སྐོམ་དད་ཆེ་ལ་མིག་ཕུགས་སུ་འབྲོས་པ་དང་ཉྭ་རྣམས་ལོག་ཅིང་འགྱུར་ལ་འཁྲུ་སྐྱུག་བྱེད་པ་བྱུང་ན་གང་བྱུང་ཕྱོགས་སམ་གཉིས་ཀའི་མཐེབ་མོ་དང་སྲིན་ལག་གི་རྒྱབ་བསྲེག་ཅིང༌། འདོད་ཆགས་རྩེ་མོ་སྟེ་བྱ་ཕོའི་ཟེ་བ། ཞེ་སྡང་སྦྲུལ་གྱི་ཚིལ་བུ་དང༌། གཏི་མུག་འཁོར་ལོ་ཞེས་ཕག་ནག་གི་སྣ། བནྡེའི་མཁྲིས་པ་ཞེས་ངང་སེར་གྱི་མཁྲིས་པ་དང༌། བོན་པོའི་ཐལ་བ་ཞེས་བྱ་ཝང་གི་སྒྲོ་དུ་བ་མ་ཤོར་བར་ནུས་ལྡན་བསྲེགས་པའི་ཐལ་བར་བཞེད་ཀྱང་རྐྱང་སེལ་དགོངས་པ་ལྟར་རྟ་བོན་པ་འདྲེ་འཇིགས་ཐང་ཆུ་ཞེས་གུ་གུལ་ནག་པོ་དང་བརྟན་པོའི་དྲེག་པ་ཞེས་ཕ་བོང་དྲེག་པ། དྲི་ཅན་ལྟེ་བ་ཞེས་གླ་རྩི་རྣམས་དྲི་ཆུར་སྦྱར་བ་གང་འགྱུར་གྱི་ཐང་ཕྱིར་བྱུག་པ་དང་ཁོང་དུའང་བཏང༌། ཡང་ན་བྱ་ཕོའི་ཟེ་བ། ཕག་ནག་གི་སྣ། ངུར་པའི་ཤ རྡོ་དྲེག གླ་རྩི། བུལ་ཏོག ཤུ་དག་དང༌། སུག་སྨེལ་རྣམས་ཆུ་གྲང་གིས་ཕུལ་བ་བཏང་སྟེ་གོས་ཀྱིས་བྱིབས། ཡང་ན་སྦལ་པ། སྡིག་པ་ནག་པོ། སྟག་ཁྲ་བོ་སྟེ་ཕྱེ་མ་ལེབ་སེར་ཁྲ། གླ་རྩི། དོམ་མཁྲིས། གི་ཝཾ་རྣམས་དྲི་ཆུར་སྦྱར་བ་དང༌། གུ་གུལ་གྱི་ཐང་བཏང་ལ་ཡན་ལག་གི་ཉ་ཆེན་བརྒྱད་གཙོར་གྱུར་གང་འགྱུར་གྱི་ཉྭ་སུལ་ལྕགས་ཀྱིས་བསྲེག སྐྱུགས་བྱུང་ན་སྐེ་སྟོང་དང་ཚིགས་པ་དྲུག་པ་ལྷེན་སྣའི་རྩེ་བསྲེག་ཅིང་སྲེ་ལོང་གི་ཐང་བཏང་བ་དང༌། འཁྲུ་ན་ལྟེ་འོག་ཚོན་དོ་གཞལ་བའི་ཁ་གསུམ་བསྲེག ཁ་ཟས་བསིལ་དྲོད་སིངས་པོ་དང་ཆུ་བསྐོལ་གྲང་རུས་ཐང་སོགས་གང་འཕྲོད་ནད་ཀྱི་ཟོ་དང་སྦྱར་ཞིང་དཀར་མངར་སྤང༌།

གཉིས་པ་མེས་ཚིག་རྨ་ལ་ཉའི་མཁྲིས་པ་དང༌། དོམ་མཁྲིས་བཅས་སྦལ་པའི་ཁྲག་དང་སྦྱར་ལ་གདབ། ཡང་ན་བུལ་ཏོག་དང་བྲག་སྤོས་གཉིས་ཀྱི་ཕྱེ་མ་གདབ་ཅིང༌། ཚབས་ཆེ་བ་ལ་ཁོང་དུ་ག་བུར་དང༌། ཙན་དན་དཀར་པོ། གུར་ཀུམ། གི་ཝཾ། མཁྲིས་པ་སྣ་ཚོགས་སྦྱར་བ་བཏང་བ་དང༌། ཆུ་རུག་དང༌། ཤོ་མང་ཞོ་བཙགས་སྦང་མ་བཅས་པའི་འཇིབ་བྱ་ཞིང༌། ཆུ་ལ་གནས་པའི་སྲོག་ཆགས་ཀྱི་མཁྲིས་པ་མཐའ་དག་དང༌། ག་བུར། ཅུ་གང༌། གུར་ཀུམ། ཧོང་ལེན་དང༌། བུལ་ཏོག བྲག་སྤོས། ཆུ་རྩ་རྣམས་རྨ་རྩིར་གདབ་བོ། །གསུམ་པ་ཁབ་བམ་མདེའུ་ལྟ་བུ་ཁོང་དུ་ཤོར་བ་ལ། ཨ་རུ་ར་ཆ་གསུམ། བ་རུ་ར་ཆ་གཉིས། སྐྱུ་རུ་ར་ཆ་གཅིག་བྱས་གསུམ་པོ་གོང་མས་ཆ་བསྐྱེད་ལ་དེ་དང་ཁབ་ལེན་བཅས་པའི་ཕྱེ་མ་སྲིན་བལ་དང་ཆུར་སྦྱར་ལ་བཏང་སྟེ་འགུལ་དུ་མི་གཞུག་པར་གན་རྐྱལ་དུ་ཉལ་ལ་བསྡད་པས་སྲིན་བལ་གྱིས་དྲིལ་ནས་བཤང་སྒོར་འབྱིན་པར་གྱུར། བཞི་པ་ཤའམ་ཟན་ལ་སོགས་ཟོས་པས་བརྣངས་པར་གྱུར་ན་དེའི་རྐང་པའི་མཁྲིག་མ་གཉིས་ནས་མི་གཞན་ཞིག་གི་ལག་པས་བཟུང་སྟེ་རྒྱབ་ཏུ་ཁ་བུབ་ཁུར་ལ་ཁུར་མིས་ཅུང་ཟད་སྒུར་ལ་སྐ་རགས་དྲུ་བུ་བྱས་པ་རྡོ་ལྟ་བུས་རྐང་མཐིལ་གཉིས་སུ་བརྡེག་ཅིང་དེ་ནས་རོ་སྟོད་ལ་ཁུ་ཚུར་བརྒྱབ་པས་ཅུར་གྱིས་འབྱིན། ལྔ་པ་གྲེ་བར་གྲ་མ་ཟུག་ན་སྦྲུལ་གྱི་ཚིལ་བུ་བྱུག་ཅིང་ནས་ཀྱི་ཕུབ་མའི་ཐང་བཏང་ལ་བ་ཤ་ཁམ་ཆེར་ཟ། དྲུག་པ་གྲེ་བར་རུས་པ་ཟུག་ན་གོ་བོའི་གྲེ་བ་གྲོ་ཆང་གི་ནང་དུ་སྦངས་པའི་ཁུ་བ་བྱིན། བདུན་པ་ཉ་རུས་ཟུག་ན་སོ་ཆའི་ཤ་ཁུའམ། ཡང་ན་སྲམ་གྱི་སྣ་དང་མཆེ་བའི་ཁུ་བ་བཏང་བ་དང༌། གནའ་བའི་རྭ་ནང་གི་རུས་པའི་དུམ་བུའང་མུར་བར་བྱ། བརྒྱད་པ་སྡོམ་དང་སྡིག་པ་ཁོང་པའི་ནང་དུ་སོང་བ་ལ་སྲད་དཀར་མ་དང་རྩ་རམ་པ་གཉིས་ཆང་དང་སྦྱར་ལ་ཁོང་དུ་བཏང༌། དགུ་པ་ཆང་ནད་ལ་སྒ་སྐྱ་དང་གཡེར་མ་ཚྭ་དང་བཅས་ཞིབ་བཏགས་ཆང་ལ་སྦྱར་བ་བཏང་ཞིང༌། འཕྱི་བའི་མཁྲིས་པ་དྲོན་མོ་མིད་ན་ཆང་ནད་འབྱང་བ་དང༌། ཤ་བ་དང་གནའ་བའི་ཁྲག་གཉིས་ཀ་དྲོན་མོ་ལ་ཚྭ་བཏབ་པ་བཏང་ན་ཆང་ནད་གཏན་དུ་འབྱང་སྔོ་སྒའི་ཚ་བའམ་སྨན་ཆུའང་བསྟེན་པར་བྱ། བཅུ་པ་སྣེའུ་ལྷགས་ན་ཞེས་སྣེ་ས་ཁུད་སྙིང་རྩ་མིག་དམར་གྱི་ས་དང་འགའ་ཞིག་ལག་པའི་མཆན་སྦུག་ཏུ་འང་བཟུང་བའི་སྣེ་ས་བཞིར་སྐྲངས་འབུར་བྱུང་ན་རང་གི་དྲི་ཆུ་བྱུག་ཅིང་ཕྱིང་པ་ཚྭ་ཆུར་བཙོས་པས་སྐྲངས་པའི་མགོ་དེ་མནན་ཞིང་གང་ལ་བྱུང་བའི་ངོས་ཀྱི་སྟོད་དུ་བྱུང་ན་ལག་པའི་མཐེ་བོའི་སེན་མོ་དང་སྨད་དུ་བྱུང་ན་གང་བྱུང་ཕྱོགས་ཀྱི་རྐང་པའི་མཐེབ་ཆེན་སེན་མོ་སེར་ཙམ་བསྲེག་པར་བྱ། བཅུ་གཅིག་པ་གཉའ་བ་རེངས་ཤིང་ལྟག་པ་དགྱེ་ན་ཚྭ་དང་མར་བསྲེས་པ་བྱུགས་ལ་མཉེ། བཅུ་གཉིས་པ་བསེ་དྲི་ལ་ཏི་ཚ་དང༌། ཤུག་པའི་ཐལ་བ་གཉིས་རྔུལ་སར་མར་དཀར་དང་སྦྱར་བ་བྱུགབཅུ་གསུམ་པ་རྐང་ལག་སོགས་ཁ་བས་ཕྱིད་ན་ཆུས་བགྲང་ཞེས་པ་ཆུས་བྲན། བཅུ་བཞི་པ་རྣ་བའི་ནང་དུ་སྲོག་ཆགས་ཤོར་ན་རྒྱ་ཚྭ་དང༌། ཤིང་ཀུན་མར་ནག་བཅས་མེའི་དུགས་ཀྱིས་བསྲོས་ནས་ཚུགས་ཚད་བླུགས། བཅོ་ལྔ་པ་ནུ་མ་སྐྲངས་ན་ལྟོ་བཀུག་ལ་ཐང་གིས་སྦྱང་དགོས་པས། དེ་ལ་སྤེན་མ་ནུས་ལྡན་བསྲེགས་པའི་ཐལ་བ་དང༌། གནའ་བའི་གཞུག་སྤུ་སེར་ཙམ་འོད་བསྲེགས་བྱས་པ། རྒྱ་ཚྭ། ལྕམ་འབྲུ། སྡིག་སྲིན། བྱང་པ་རྣམས་བྱིས་པའི་ཆུ་ལ་སྦྱར་ལ་ཐོ་རངས་བཏང་ཞིང༌། སྦྱོང་ཕིགས་ནས་ལུག་གི་དཔྱི་མགོའི་རུས་པ་བསྲེགས་པའི་ཐང་ལྕག་ཏུ་བཏང་བ་དང༌། ཟུག་ཆེ་ན་སྤང་རྒྱན་དཀར་པོ། དྲོད་སྨན་པི་པི་ལིང༌། ཤིང་མངར་བཅས་པའི་ཐང་གི་ལྕག་བཏང་བས་ནུ་མའི་ཚབས་དང་སྤུ་འགགས་དང་སྐྲངས་པ་བཅས་སྦྱོང་བར་བྱེད་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་ཕྲན་བུའི་ནད་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ། །དེ་ལྟར་ལེའུ་བཅུ་དགུ་ནི་ཐོར་བུའི་ནད་གསོ་བ་སྟེ་སྐབས་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།