སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།



ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ། 

སྐད་འགགས་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། ཡི་ག་འཆུས་པའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དམན་ལྷག་ལོག་པ་གདོན་སོགས་ཀྱིས་བསྐྱེད་དེ་འདུ་བ་འཁྲུགས་ནས་ལྕེ་དང་སྙིང་ལ་ཞེན་ནས་ཡི་ག་འཆུས་པར་འགྱུར།

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་བཞིའོ། །

དེ་རྣམས་མ་འདྲེས་པར་ངོས་འཛིན་པའི་རྟགས་ནི་རླུང་ལས་གྱུར་ཚེ་ལྕེ་ཐོག་ཏུ་ཟས་ཀྱི་རིགས་རོ་བསྐ་བ་དང༌། མཁྲིས་པ་ལས་གྱུར་ཚེ་ཁ་བ་དང༌། བད་ཀན་ལས་གྱུར་ཚེ་རོ་མངར་བ་དང༌། འདུས་པ་ལས་གྱུར་ཚེ་རོ་དང་བྲལ་བ་སྟེ་འདི་ཡིན་མི་གསལ་བའོ། །

གསོ་ཐབས་ནི་ཡིད་ལ་འཐད་པའི་ཟས་གང་འདྲ་ཞིག་གི་རིགས་ཡིན་ཀྱང་དེ་དང་ནད་གང་ཡིན་ལ་ཕན་པའི་སྨན་དང་སྦྱར་ལ་བྱིན། ཕྱི་ནས་ལུས་ཆུས་བཀྲུ་ཞིང་ནང་ནས་ཕྱི་རྒྱུད་དེད་དཔོན་བཅུ་སྦྱོར་ལ་ཨ་ག་རུ་དང༌། ཛཱ་ཏི་སྙིང་ཞོ་ཤ་བསྣན་པས་འཁྲུས་ཀྱིས་སྦྱང་ཞིང་འབྲས་བུ་ཨ་བར་སྐྱུར་གསུམ་བའི་འོ་མར་སྦྱར་བ་དང༌། ཞོ་འོ་མ་སོགས་དཀར་བའི་ཟས་ཡི་གར་འོང་བ་བསྟེན་ཞིང་ཨ་རུ་བ་རུ་སོགས་བསྐ་བའི་སྨན་ཆུས་ཁ་བཀྲུ་ཡིད་ལ་གང་འཐད་པའི་སྤོས་ལ་སོགས་དྲི་ཞིམ་པོའི་དུ་བ་སྣ་རུ་རྔུབས་པ་དང༌། བ་ལུའི་ལོ་མ་ཞོ་བཞི། ཕོ་བ་རིས་ཞོ་གསུམ། སྒ་ཞོ་དོ། པི་པི་ལིང་ཞོ་གང་རིམ་པས་བསྐྱེད་པ་དང༌། ཤིང་ཚ། སུག་སྨེལ། ཀ་ར་རྣམས་ཞོ་ཕྱེད་ཕྱེད་སྦྱར་བས་ཕོ་བའི་དྲོད་སྐྱེད་ཅིང་ཡི་ག་འབྱེད་པར་བྱེད། ཡང་སྙིང་པོ་བསྡུས་པར། བ་ལུའི་ལོ་མ་ན་ལེ་ཤམ། །དོང་གྲ་དང་ནི་པི་པི་ལིང༌། །གོ་རིམ་བཞིན་དུ་ཆ་རེ་བསྐྱེད། །ཤིང་ཚ་སུག་སྨེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར་གྱི། །ཀ་རར་སྦྱར་བའི་ཕྱེ་མ་ཡིས། །ཞེས་ཀྱང་འབྱུང༌། འདིར་ལ་ལ་ཕུད་དང༌། ད་ཏྲིགསྟར་བུ། སྒ་སེ་འབྲུ་ལྔ་ཞོ་རེ། རྒྱ་ཤུག་གོང་བཤད་ཞོ་བཞི། ཀ་ར་འུ་སུ་དང༌། ཤིང་ཚ། ཁ་རུ་ཚྭ་ཞོ་རེ་དང༌། པི་པི་ལིང་འབྲུ་བརྒྱད། གོ་སྙོད་ཞོ་གང༌། ན་ལེ་ཤམ་ཉིས་བརྒྱ་སྦྱར་བས་ཡི་ག་འབྱེད་པར་བྱེད་པའི་མཆོག་གོ། སུག་སྨེལ། ཤིང་ཚ། ནཱ་ག་པུཥྤ་དང༌། ཚ་བ་ཕོ་པི་སྒ་གསུམ་བཅས་དྲུག་པོ་རིམ་པས་བསྐྱེད་པའི་ཕྱེ་མས་ཡི་ག་འཆུས་པ་སེལ་ཞིང༌། ཚ་བ་ཤས་ཆེ་ན་ཕྱི་རྒྱུད་ལྟར་གྱི་ཅུ་གང་བདེ་བྱེད་ཆུང་བ་ཤིས་སོ། །

བྱེ་བྲག་རླུང་ལ་ཤུ་དགམཁྲིས་པ་ལ་ཀ་ར། བད་ཀན་ལ་ནིམ་པའི་ཆུས་སྐྱུགས་བྱས་པའི་རྗེས་རླུང་ལ་ཆང་གི་དྭངས་མ། མཁྲིས་པ་ལ་སྐར་ཆུ། བད་ཀན་ལ་སྦྲང་ཆང་བླུད་ཅིང༌། འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་ཀུན་གྱི་གཉེན་པོས་རློན་སྐྱུགས་བྱས་པའི་རྗེས་ལ་ཤུ་དགནིམ་པ། བུ་རམ་བཅས་ཆུ་དང་སྦྱར་བ་བླུད་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཡི་ག་འཆུས་པ་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།