སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བ་གསོ་བ།



ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དབུགས་མི་བདེ་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་མ་ཞུ་བད་ཀན་འཕེལ་བ་དང༌། །ལུད་པ་འཕེལ་བས་དབུགས་ལམ་བཀག་ལས་འབྱུང༌།།

དབྱེ་བ་ཕྲན་ཚེགས་མུན་ཅན་དབུགས་ཆད་དང༌། །ཆེན་པོ་གྱེན་འབྱུང་ཞེས་བྱ་རྣམ་པ་ལྔ།།

དེ་རྟགས་སྙིང་ག་རྩིབ་ལོགས་རྒྱང་ངམ་གཟེར། །ལྟོ་སྦོ་དབུགས་རྒོད་ཡང་ན་གཞའ་བར་འགྱུར། །ཕྲན་ཚེགས་འགྲངས་ངོམས་འདུག་རྗེས་དྲག་ཤུལ་འབྱུང༌། །མུན་ཅན་གློ་མིག་བད་ཀན་འགགས་པ་ཡིས། །ལུད་པ་མང་ལ་གྲེ་བ་ངར་ཞིང་འཛེར། །ཉལ་ན་མི་བདེ་རོ་སྟོད་གཟེར་སྙམ་བྱེད། །དབུགས་ཆད་བད་ཀན་གློ་མིག་འགགས་པ་ཡིས། །གྱེན་རྒྱུའི་མཐུ་ཉམས་དབུགས་འབྱིན་མི་བདེ་ཞིང༌། །སྐད་དམའ་གཞུག་ཆད་གསང་གཏམ་སྨྲ་བ་ཡིན། །ཆེན་པོ་སྐད་འཛེར་མགུལ་སྐམ་ང་རོ་ཆེ། །བསྐྱོད་ཚེ་དབུགས་རྒོད་ལུད་པ་མང་དུ་འབྱུང༌། །གྱེན་འབྱུང་བད་ཀན་དབུགས་རྒྱུའི་ལམ་བཀག་པས། །ཕྱིར་འབྱིན་བདེ་ཞིང་ནང་དུ་དབུགས་རྔུབ་དཀའ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་རྒྱམ་ཚྭ་ཏིལ་མར་ལུས་ཀུན་བྱུག །ཚ་བ་ཤས་ཆེ་དེ་སྤང་ཆུ་དྲོན་བླུད། །བཀྲུ་སྨན་སྐྱུགས་སྨན་འཇམ་པོས་བུ་ག་སྦྱང་། །སྦྱངས་པས་མ་དག་ནད་ལྷག་(ཨ་ག་རུ་གུ་གུལ་དཀར་ནག་གླ་སྒང་རྡོ་དྲེག་སྤང་སྤོས་ཤིང་ཚ་ཧ་རེ་ཎུ་ཀ་བྱི་ཏང་ག་གླ་རྩི་སྤྲ་ཚིལ་དུ་བ་མེད་པའི་མེར་བསྲེགས་པའམ།  ཡང་ན་སྤོས་དཀར་དང་ལྡོང་རོས།  ཡང་ན་ཨ་གར་མར་སྦྱར་གྱི་)དུད་པས་བསལ། །རྟ་འམ་བ་གསར་ལྕི་ཁུ་སྦྲང་སྦྱར་བླུད། །ཤིང་མངར་པི་པི་ལིང་གི་རྩ་བ་དང་། །བ་ལྕི་སྦངས་ཁུར་བུ་རམ་སྦྲང་སྦྱར་བྱིན། །མར་གསར་ཞོ་སྤྲིས་རླན་གནས་ཤ་རྣམས་བཟའ། །ཉེས་པ་གང་ཆེའི་ཤས་དང་སྦྱར་(རླུང་ཤས་ཆེ་ན་སྣུམ་འཆོས་བྱས། རི་བོང་གི་ཤ་ཁུ་མར་པི་ལིང་སྦྱར་བ་བླུད། སྐེ་སྟོང་དང་པོ་བསྲེག །མཁྲིས་གྱུར་དུར་བྱིད་གསེར་མེ་ཧོང་ལེན་གྱིས་སྦྱང༌།  འབྲས་ཆན་པི་ལིང་ཅུ་གང་སྒ་མར་སྦྱར་བ་བླུད།  བད་གྱུར་སྐྱུགས་བྱ་མ་ནུ་ཟུར་པ་སྐྱུ་རུ་སྦྲང་སྦྱར་བླུད།  ཁྲག་གྱུར་རྩེ་ཆུང་ཐོང་རྩ་གཏར་)ལ་བཅོས། །བྱེ་བྲག་ཕྲན་ཚེགས་ནད་ལ་བཅོས་མི་དགོས། །ཕྱི་མ་བཞི་ལ་སྟར་བུ་སྐྱུ་རུ་ར། །རུ་རྟ་ཤིང་མངར་ཞོ་སྦྱར་བད་ཀན་དྲང༌། །དེ་འོག་མུན་ཅན་ཙན་དན་ཅུ་གང་དང༌།  །ཤིང་མངར་ཀ་ར་དྲི་ཆུ་བར་པས་དབུལ། །དབུགས་ཆད་ཅུ་གང་ཤིང་ཚ་སུག་སྨེལ་དང༌། །པི་པི་ལིང་དང་ཀ་ར་སྦྲང་སྦྱར་བཏང༌། །ཡང་ན་ཨ་ཀྲོང་སྦྲང་རྩི་སྦྱར་བ་བྱིན། །ཆེན་པོ་སྒོང་ཐོག་སྲོ་ལོ་དཀར་པོའི་ཐང༌། །ལོ་བརྒྱད་དྲི་ཆུ་ཀ་རས་རོ་བསྒྱུར་བཏང༌། །གྱེན་འབྱུང་མ་ནུ་སྦྲང་གི་ལྡེ་གུ་བྱིན། །ཀུན་ལ་སྐྱོར་གོང་རྩ་དང་ཐོང་རྩ་གཏར། །གོ་ཆེན་གོ་ཆུང་སྐེ་སྟོང་ཐུར་མས་གསེང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དབུགས་མི་བདེ་བ་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།