སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།



ལེའུ་ཞེ་བཞི་པ།  སྐད་འགས་གསོ་བ། 

དེ་ནས་ཞེས་པ་སྔར་ཞུ་བའི་འཕྲོ་ཡོད་པའི་ཚིག་མཚམས་སྦྱོར་བྱེད་དང༌། ཡང་ཞེས་པ་ཞུ་མུས་དེ་ནས་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ཐོར་བུའི་ནད་ཅེས་པ་སྡེ་ཚན་དུ་མ་འདུས་པ་དུམ་བུ་དུམ་བུར་གྱུར་པའི་མིང་ཡིན་པས་ན་དེ་རྣམས་གསོ་བའི་སྐབས་ལ་ཅི་འདྲ་ལྟར་དུ་བསླབ་པར་བགྱི་ཞེས་འདྲི་ཞིང་ལུས་ཅན་ཀུན་གྱི་ཚེ་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། དེ་ཡང་ཐོར་བུའི་ནད་ལ་རིགས་ཀྱིས་དབྱེ་ན། སྐད་འགགས་དང༌། ཡི་ག་འཆུས་པ་དང༌། སྐོམ་དད་དང༌། སྐྱིགས་བུ་དང༌། དབུགས་མི་བདེ་བ་དང༌། གླང་ཐབས་དང༌། སྲིན་ནད་དང༌། འཁྲུ་བ་དང༌། སྐྱུགས་པ་དང༌། དྲི་མ་འགགས་པ་དང༌། གཅིན་འགགས་དང༌། གཅིན་སྙི་བ་དང༌། ཚད་འཁྲུ་དང༌། དྲེག་ནད་དང༌། གྲུམ་བུ་དང༌། ཆུ་སེར་གྱི་ནད་དང༌། རྩ་དཀར་དང༌། པགས་པའི་ནད་དང༌། ཕྲན་བུའི་ནད་དང་རྣམ་གྲངས་བཅུ་དགུར་མདོར་བསྡུས་ཏེ་བཤད་པའི་བྱིངས་རྣམས་གཤམ་དུ་ལེའུ་སོ་སོར་གསལ་ལ།

འདིར་དང་པོ་སྐད་འགགས་ཀྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་དམན་ལྷག་ལོག་པ་དང་གདོན་ལ་སོགས་པའི་འདུ་བ་འཁྲུགས་པས་སྐད་འགགས་ཀྱི་ནད་བསྐྱེད་པར་འགྱུར་ལ།

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། དྭངས་མ་སོགས་ཟད་པའི་ཟད་བྱེད་དང༌། ཚོ་ཆེས་པས་ཚིལ་གྱུར་དང༌། དས་ཆད་དང་བདུན་དུ་བཤད་ལ།

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ནི་ཐོག་མར་རླུང་ལས་གྱུར་པ་སྐད་རེས་ཆེ་ལ་རེས་ཆུང་བ་འཕེལ་འགྲིབ་ཆེ་ཞིང་གྲེ་བའི་ནང་གྲ་མས་གང་བ་སྙམ་བྱེད་ཅིང་རྩུབ་ལ་ཚ། མཁྲིས་པ་ལས་གྱུར་པར་གྲེ་བ་ཚ་ཞིང་སྐམ་ལ་ཚིག་མི་ཐར། ཁྲག་ལས་གྱུར་པ་དྲག་ཤུལ་གྱི་རིགས་དང་བཅུད་ཆེན་པོའི་རིགས་གནོད་དེ་གྲེ་བ་དམ། བད་ཀན་ལས་གྱུར་པ་མགུལ་པ་འགགས་ལ་སྐད་གདངས་དམའ་ཞིང་འཛེར། ཟད་བྱེད་ལ་དུ་བས་བདུགས་པ་ལྟ་བུ་དང་བྲུད་པ་སྙམ་དུ་སེམས། ཚིལ་ལས་གྱུར་པའི་སྐད་འགགས་པ་ནི་ཚོ་ཆེས་པ་ལས་ཤེས་པར་བྱའོ། །དས་ཆད་ནི་གྲེ་བ་ན་ལ་སྐད་མི་ཕྱིན་པ་ཞེས་མི་ཐོན།

དེ་རྣམས་བཅོས་པའི་ཐབས་ལ་སྤྱིར་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་གཉིས་ལས། སྤྱི་བཅོས་ནི་ཅུ་གང༌། ཤིང་མངར། སྤང་རྒྱན་དཀར་པོ། རུ་རྟ། རྒུན་འབྲུམ་རྣམས་ཀ་ར་དང་སྦྱར་ལ་བཏང༌། ཡང་ན་ཨ་རུ་ར། ཅུ་གང༌། ཤིང་མངར། སྤང་རྒྱན་དཀར་པོ། སྲོ་ལོ། སུག་སྨེལ། ལི་ཤི་རྣམས་ཀ་ར་དང་སྦྱར་བ་དང༌། ཡང་ན་བསིལ་ཅུ་གུར་ལི་གསུམ། ཤིང་མངར། རྒུན་འབྲུམ་ཤིང་ཚ་དང༌། སྤང་རྒྱན། ཀ་ར་རྣམས་སྦྱར་བས་སྐད་འགགས་ཀྱི་ནད་ཀུན་ལ་ཕན།

བྱེ་བྲག་ཏུ་བཅོས་པ་རླུང་ལས་གྱུར་པར་འབྲས་ཆན་ལ་བུ་རམ། ཨ་རུ། སྲོ་ལོ། སྲུབ་ཀ ཅུ་གང་རྣམས་མར་དང་སྦྱར་བ་ཟོས་པའི་རྗེས་ལ་ཆུ་བསྐོལ་ཚན་མོ་བཏུང་བར་བྱ་ཞིང༌། སྣུམ་དང་ལྡན་པའི་རིགས་ཀྱི་དུགས་བྱ་བ་དང༌། སྐོམ་དུ་འོ་ཐུག་ལ་མར་བཏབ་པ་བླུད། མཁྲིས་པ་ལས་གྱུར་པར་པ་ལ་ཞེས་ཧ་ལོའི་རྩ་བ། རྒྱ་ཤུག་ནི་གཙང་འགྲམ་དུ་སྐྱེ་བའི་ཤུག་པ་ཤུག་ཐོག་ཁྲོ་ཞལ་ལྟ་བུ་ཡོད་པ། དྲི་བཟང༌། ཤིང་ཚ། སུག་སྨེལ། གནྡྷ་པ་ཏྲ། ཅུ་གང་སྟེ་བཞི་རྒྱམ་ཚྭ་བཅས་པ་བསྐོལ་ལ་སྣའི་སྨན་དུ་བཏང༌། ཤིང་མངར་འདབ་མ་བསྐོལ་བའི་ཁུ་བ་དང༌། ཞུན་མར་འབྲས་ཐུག་བཅས་པ་བླུད་ཅིང༌། སྤང་རྒྱན། ཤིང་མངར། བོང་དཀར་གསུམ་གྱི་ཐང་བསྡུས་པའི་ཁུ་བར་ཅུ་གང་དང་ཀ་ར་བཏབ་ལ་བཏང༌། ཁྲག་ལས་གྱུར་པར་སྐྱུ་རུ་རའི་ཐང་བཏང་ལ་སྐྱོར་གོང་གཏར། བད་ཀན་ལས་གྱུར་པར་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང༌། ཡ་བཀྵ་ར། ཨ་རུ་ར་རྣམས་དང་སྦྲང་རྩི་སྦྱར་བ་བྱིན། ནས་ཐུག་པི་པི་ལིང་སྐྱུ་རུ་ར་དང་བཅས་པའམ་ཡང་ན་ནས་ཐུག་ལ་ཕོ་བ་རིས་བཏབ་པ་ཟ། སེལ་དཀའ་ན་སྤྱང་ཚེར། སོ་ཆ། སྐྱི་འབྲུ། སྒ་པི་ལིང༌། རི་ཤོ་སོགས་ཀྱི་སྐྱུག་སྨན་རྣོན་པོས་ནད་སྦྱངས་རྗེས་སྐེ་སྟོང་ཙ་ར་ཁུང་བསྲེག ཟད་བྱེད་ལས་བྱུང་བར་ཨ་ག་རུ་མར་དང་སྦྱར་བའི་དུ་བ་དང་སྣ་སྨན་བཏང་ཞིང༌། ཤིང་ཚ། སུག་སྨེལ། དྲོད་སྨན་ཏེ་པི་པི་ལིང༌། ཅུ་གང་དང་ཀ་ར་རྣམས་རིམ་པས་ལོག་པོ་བསྐྱེད་པ་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། ཚིལ་ལས་གྱུར་པ་ལ་ཉམས་སྨད་པ་སྟེ་ཞན་པར་བྱེད་པའི་ཟས་སྲན་མ། སྨན་བྱི་རུག གུ་གུལ་སོགས་རྩུབ་བཅོས་བསྟེན། དས་ཆད་ལ་ཤ་ཁ་ར་སྟེ་ཀ་ར་དང་བུ་རམ་གྱི་དྭངས་མའམ་དེའི་ཡང་དྭངས་མ་ཤེལ་དཀར་དང་སྦྲང་རྩི་སྦྱར་བ་དང༌། མངར་བ་ཤིང་མངར། རྒུན་འབྲུམ་སོགས་རོ་མངར་བའི་སྨན་སྡེ་བཤད་རྒྱུད་དུ་བསྟན་པ་རྣམས་དང་ལྷན་ཅིག་ཏུ་བསྐོལ་ལ་བཏུང་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་སྐད་འགགས་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།