སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།



ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཐོར་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཐོར་བུའི་ནད་ལ་སྐད་འགགས་ཡི་ག་འཆུས། །སྐོམ་དད་སྐྱིགས་བུ་དབུགས་མི་བདེ་བ་དང༌། །གླང་ཐབས་སྲིན་ནད་འཁྲུ་སྐྱུག་དྲི་མ་འགགས། །གཅིན་འགགས་གཅིན་སྙི་ཚད་འཁྲུ་དྲེག་ནད་དང༌། །གྲུམ་བུ་ཆུ་སེར་རྩ་དཀར་པགས་པའི་ནད། །ཕྲན་བུའི་ནད་དང་རྣམ་གྲངས་བཅུ་དགུར་བཤད། །དང་པོ་སྐད་འགགས་ནད་ལ་རྒྱུ་དང་རྐྱེན། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་པ་བཞི།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྐད་འགགས་ནད་སྐྱེད་འགྱུར།།

དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །ཟད་བྱེད་ཚིལ་གྱུར་དས་ཆད་བདུན་དུ་བཤད།།

དེ་རྟགས་རླུང་གྱུར་སྐད་ལ་འཕེལ་འགྲིབ་ཆེ། །གྲེ་བ་གྲ་མས་གང་སྙམ་རྩུབ་ལ་ཚ། །མཁྲིས་གྱུར་གྲེ་བ་ཚ་སྐམ་ཚིག་མི་ཐར། །ཁྲག་གྱུར་དྲག་ཤུལ་བཅུད་གནོད་གྲེ་བ་དམ། །བད་ཀན་མགུལ་པ་འགག་ལ་སྐད་དམའ་འཛེར། །ཟད་བྱེད་དུ་བས་བདུགས་དང་བྲུད་སྙམ་སེམས། །ཚིལ་གྱུར་སྐད་འགགས་ཚོ་ཆེས་ལས་ཤེས་བྱ། །དས་ཆད་གྲེ་བ་ན་ལ་སྐད་མི་ཕྱིན།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་རྒུན་འབྲུམ་ཀ་ར་སྦྱར་ལ་བཏང༌། །ཨ་རུ་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །སྲོ་ལོ་སུག་སྨེལ་ལི་ཤི་ཀ་ར་སྦྱར། །བསིལ་གསུམ་ཤིང་མངར་རྒུན་འབྲུམ་ཤིང་ཚ་དང༌། །སྤང་རྒྱན་ཀ་ར་སྐད་འགགས་ཀུན་ལ་ཕན། །བྱེ་བྲག་རླུང་གྱུར་འབྲས་ཆན་བུ་རམ་མར། །སྦྱར་ཟོས་རྗེས་ལ་ཆུ་ཚན་བཏུང་བར་བྱ། །སྣུམ་ལྡན་དུགས་བྱ་འོ་ཐུག་མར་བཏབ་བླུད། །མཁྲིས་གྱུར་པ་ལ་རྒྱ་ཤུག་དྲི་བཟང་བཞི། །རྒྱམ་ཚྭར་བཅས་བསྐོལ་སྣ་ཡི་སྨན་དུ་བཏང༌། །ཤིང་མངར་ཞུན་མར་འབྲས་ཐུག་བཅས་པ་བླུད། །སྤང་རྒྱན་(ཤིང་མངར་བོང་དཀར་)གསུམ་ཐང་ཅུ་གང་ཀར་བཏབ་བཏང་། །ཁྲག་གྱུར་སྐྱུ་རུའི་ཐང་བཏང་སྐྱོར་གོང་གཏར། །བད་གྱུར་ཚ་བ་ལྔ་དང་ཡ་བཀྵ། །ཨ་རུ་ར་དང་སྦྲང་རྩི་སྦྱར་བ་ཡིན། །ནས་ཐུག་པི་པི་ལིང་དང་བཅས་པ་བཟའ། །སེལ་དཀའ་སྐྱུག་སྨན་རྣོན་པོས་སྦྱངས་རྗེས་བསྲེག །ཟས་བྱེད་ལས་བྱུང་དུ་བ་སྣ་སྨན་བཏང༌། །ཤིང་ཚ་སུག་སྨེལ་དྲོད་སྨན་ཅུ་གང་དང༌། །ཀ་ར་རིམ་བསྐྱེད་སྦྲང་སྦྱར་ལྡེ་གུ་བཏང༌། །ཚིལ་གྱུར་ཉམ་སྨད་ཟས་སྨན་རྩུབ་བཅོས་བསྟེན། །དས་ཆད་ཤ་ཁ་ར་དང་སྦྲང་རྩི་སྦྱར། །མངར་བའི་སྨན་དང་ལྷན་ཅིག་བསྐོལ་ལ་བཏུང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐད་འགགས་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།