སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་དྲུག་པ། སྐོམ་ནད་གསོ་བ།



ལེའུ་ཞེ་དྲུག་པ།  སྐོམ་ནད་གསོ་བ། 

ཡི་ག་འཆུས་པ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། སྐོམ་པའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས་པ་དེས་བད་ཀན་སྐེམ་པས་སྐོམ་དད་སྐྱེ་བར་བྱེད་ཅིང་ཆང་མང་བཏུང་དྲགས་པ་དང༌། ལན་ཚྭ་ཆེས་པ་སོགས་ཀྱིས་བད་མཁྲིས་སྐྱེས་པའམ་ཚད་པའི་གུང་ལ་བསྡད་པ་དང༌། ངལ་དུབ་ཀྱི་ལས་སོགས་སྤྱད་རྗེས་སྐོམ་མང་འཐུངས་པའི་རྐྱེན་དེས་ཁོང་པའི་ཚད་པ་བསྡུས་པས་མཁྲིས་པ་སྐྱེ་ལ་སྐོམ་དད་ཆེ་བ་འོང་ངོ༌། །

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། བཅུད་ཟད་ལས་གྱུར་པ་ལྔའོ། །

དེ་རྣམས་སྤྱིའི་རྟགས་ཁ་དང༌། ལྕེ་དང་གྲེ་བ་རྣམས་སྐམ་ཞིང་ཡི་གར་ཟས་མི་འདོད་པ་དང༌། ལྕེ་མྱུལ་ལ་སྐད་འགག་ཅིང་ངོམས་པ་མེད་པར་སྐོམ། བྱེ་བྲག་རླུང་ལས་གྱུར་པར་མགོ་བོ་འཁོར་ཞིང་གཉིད་མེད་ཅིང་མུ་འགྲམ་གཟེར་བ་དང༌། སྣ་དང་ལྕེ་གཉིས་ཀྱིས་དྲི་དང་རོ་མི་ཚོར། མཁྲིས་པ་ལས་གྱུར་པར་ཁོང་པ་ཚ་ཞིང་ཁ་ཁ་ལ་ཁ་དྲི་མནམ། བད་ཀན་ནི་ཁ་མངལ་ཏེ་རོ་མི་གསལ་བར་རློན་བྲོ་བ་དང་ཟས་མི་འཇུ་ཞིང་ཡི་ག་འཆུ། འདུས་པ་ནི་ནད་རྟགས་ཀུན་སྟོན་པར་བྱེད་ཅིང་བཅུད་ཟད་ཅེས་ལུས་བཅུད་ཟད་ནས་ཟས་མིད་པ་དཀའོ། །

བཅོས་པའི་ཐབས་སུ་རླུང་མཁྲིས་སེལ་བྱེད་ཀྱི་སྨན་ཕལ་ཆེར་བསྔགས་ཤིང་ཕྱི་ནས་ཆུ་བསིལ་དང༌། ནང་ནས་ལས་ལྔའི་བཤལ་དེད་དཔོན་བཅུ་སྦྱོར་ལ་རྒྱ་ཏིག་གསེར་མེ་དུག་མོ་ཉུང་བསྣན་པ་སྟེ་ཕྱི་ནང་གཉིས་ནས་བཀྲུ་ཞིང་ཟས་སྤྱོད་གཉིས་པོ་བསིལ་བར་བྱ་སྟེ། ཆར་ཆུར་སྦྲང་རྩི་སྦྱར་བ་སྐོམ་དུ་བཏུང་བ་དང༌། ཆག་ཚེ་ཞེས་ཡོས་བརྡུངས་པ་དང་ཀ་ར་སྦྲང་དང་སྦྱར་ལ་ཟ། དེ་རྗེས་འོ་མ་དང་སྐྱུར་རྩབས་ཞེས་ཞོའི་རུ་མ་དང༌། སྦྲང་གི་མཁུར་བཀང་བཅང༌།

ཁྱད་པར་དུ་རླུང་ལས་གྱུར་པར་བུ་རམ་དང་ཞོ་སྦྱར་བ་བཏང་ཞིང༌། མཁྲིས་པ་ལས་གྱུར་པར་མངར་བའི་སྨན་དུར་བྱིད། རྒུན་འབྲུམ། ཀ་ར་རྣམས་ཀྱིས་སྦྱང༌། བད་ཀན་ལས་གྱུར་པར་ནིམ་པའི་ཆུས་རློན་ཏེ་སྐྱུགས་བྱ་བ་དང༌། སྐྱེར་པ་དང་ཀ་ར་སྦྲང་བཅས་ཀྱི་ཆུ་སྐོམ་དུ་བཏུང༌། འདུས་པའི་ནད་ལ་ལས་ལྔ་ལྟར་སྐྱུགས་ཀྱིས་དྲངས་པའི་རྗེས་ལ་ཆུ་ཚན་བླུད། བཅུད་ཟད་པ་ལ་ཤ་ཁུ་འོ་མ་སོགས་ཀྱིས་གསོ་བར་བྱ་ཞིང༌། འུ་སུ་བསྐོལ་བའི་ཁུ་བར་ཀ་ར་དང་སྦྲང་བཏབ་པ་བཏུང་བས་གོང་གསལ་གྱི་ནད་གཞི་ཅི་འདྲ་ཞིག་ལས་གྱུར་པ་ཡིན་ཀྱང་སྐོམ་པ་སེལ། ཤིན་ཏུ་སྐོམ་ན་ནད་གཞི་དེ་ལ་མི་འཕྲོད་པ་བཏུང་བའི་འོས་མ་ཡིན་པ་ཡང་འཐུང་དུ་བཅུག་ལ་ཐོག་མར་སྐོམ་དད་དེ་བསལ་ལ་དེ་རྗེས་ནད་གཞི་བཅོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་སྐོམ་དད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།