སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་དགུ་པ། གླང་ཐབས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་དགུ་པ། གླང་ཐབས་གསོ་བ།

ལེའུ་ཞེ་དགུ་པ་གླང་ཐབས་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གསུམ། མདོར་རྒྱས་དོན་བསྡུ་བའོ། །དང་པོ་ནི། གླང་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་གླང་ཐབས་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རྒྱུ་དེ་བསྐྱེད་རྐྱེན་ནི་མ་ཞུ་བ་དང་མི་འཕྲོད་པའི་ཟས་དང་རྔུལ་གྲངས་མང་ཐོན་པ་དང༌། གདོན་ལ་སོགས་པས་བསྐྱེད་པས་གླང་ཐབས་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་ན་གནས་ཀྱིས་དབྱེ་བ་དང༌། ནད་རིགས་ཀྱིས་དབྱེ་བ་གཉིས་སུ་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས།

        དང་པོ་ནི། གནས་ནི་ཞེས་རྐང་པ་བཞིས་བསྟན་ཏེ། དོན་གྱི་གླང་ཐབས་དང༌། སྣོད་ཀྱི་གླང་ཐབས་དང༌། རྩའི་གླང་ཐབས་གསུམ་ལས། དོན་གླང་མཆིན་མཆེར་གཉིས། སྣོད་གླང་ཕོ་བ་རྒྱུ་ལོང་གསུམ། རྩ་གླང་ཕྱི་རྩ་ནང་རྩ་གཉིས་ཏེ་བདུན། གཉིས་པ་ལ་གཉིས། རྣམ་གྲངས་དང་འགྱུར་ཚུལ་ལོ། །དང་པོ་ནི། རིགས་ནི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཚ་གླང་གྲང་གླང་སྲིན་གླང་གཉན་གླང་བཞི་སྟེ་དྲིལ་བས་བཅུ་གཅིག་གོ །གཉིས་པ་ནི། ཚ་གྲང་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་སུམ་ཅུ་རྩ་ལྔས་བསྟན་ཏེ། དེ་ཡང༌། སྲིན་གླང་གི་ཕོ་བ་སྒྲིལ་བ་ནི་ཕྲ་རུ་སོང་བའོ། །རྩར་འཇུར་བ་ནི་རྩ་ཤེད་ཉམ་པའོ། །སྣ་བ་སླེབས་པ་ནི་སྣ་བའི་མཁྲང་ཆ་ཉམས་ནས་རྩེ་ཆག་པའོ། །རྫི་མ་ཆག་པ་ནི་མིག་གི་རྫི་མ་ཆག་ཏེ་ཐུར་དུ་གཞོལ་བའོ། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་སུམ་ཅུ་རྩ་དྲུག་གིས་བསྟན་ཏེ། མཆིན་གླང་གི་གྲོག་ཞིང་ནི། བྲག་གམ་གྱང་རྙིང་ལོགས་སུ་བེམ་ཆགས་པའི་ཟར་ཟིར་ཅན་དེའོ། །གྲང་གླང་གི་དུགས་ནི་ཚྭ་བསྲོས་པའི་དུགས་སོ། །སྨུག་པོ་འཐབ་པའི་རུ་རྟ་དྲུག་པ་ནི། ཕྱི་རྒྱུད་ལྟར་རམ་ཡང་ན་པི་པི་ལིང་གི་ཚབ་ཨ་རུ་ར་བཏང་རྗེས་གཞན་ལྔ་གོང་དང་འདྲའོ། །སྲིན་གླང་གི་དཀར་པོ་ཆིག་ཐུབ་ནི་ཐང་ཕྲོམ་དཀར་པོའོ། །གཉན་གླང་གི་ལྷོག་དུག་གསུམ་ནི། ལུག་མིག་ནག་པོ་ཨ་བྱག སྟག་ཤ་གང་རིགས་སོ། །བྱ་ཁྱུང་ལྔ་ནི་ཕྱི་རྒྱུད་ལྟར་རོ། །རྩ་གླང་གི་རྐེད་པ་བཅག་ཅེས་པ། རྫོང་འཕྲང་དུ་སྟག་ལྤགས་རྐེད་པ་འཁོར་བར་དཀྲི་བ་བཤད་ལ། འགའ་ཞིག་ཏུ་རྐེད་པ་བཅག་ཅེས་བྱུང་བས་ནད་པ་ཁ་བུག་ཏུ་བཞག་པའི་སྟེང་ཚིགས་རྐང་པས་མནན་པས་དཀྲུ་སྒྲ་དང་བཅས་པ་དེ་ལ་འདོད་མོད། རང་ལུགས་ནི་གང་ནའི་རྩའི་སྐེད་ལ་མེ་གདབ་པའི་དོན་ནོ། །འདིར་གཉིས་ཀ་བསྟེན་ནོ། །རྩ་བཞི་བཅིང་བ་ནི་སྣེ་ས་བཞིའི་རྩ་ཐི་གུས་བཅིང་ངོ༌། །བཤལ་ནི་ལྕུམ་རྩ་བྱང་པ་སོགས་སོ། །གཏར་བ་ནི་ལོང་རྩའོ། །དེས་ཚད་པ་སྦྱངས་ལ་མེས་རླུང་ལམ་དགག་པ་ནི། རྫོང་འཕྲང་དུ། ཕྱི་རྩ་ལ་ལྟེ་ཟུར་གཉིས་བསྲེག ནང་རྩ་ལ་ཚིགས་པ་དྲུག་པ་དང༌། ལྟེ་འོག་སོར་བཞིར་བསྲེག་ཅེས་བྱུང་ངོ༌། །གསུམ་པ་མདོར་བསྡུས་པ་ནི། མང་དུ་ཞེས་རྐང་པ་གཉིས་དང་འབྲུ་གསུམ་གྱིས་བསྟན་ཏེ། ནད་ངོས་མ་འདྲེས་བཟུང་བ་ནི། ཉེས་པ་གསུམ་ལྡན་འདུས་རྐྱང་པ་དོན་ལྔ་སྣོད་དྲུག་སོགས་སོ་སོར་བཟུང་བའོ། །ཉུང་དུ་བསྡུ་བ་ནི་དོན་ལ་ཐུག་དུས་ཚ་གྲང་གཉིས་ཁོ་ན་སྟེ། ལག་ལེན་གཉིས་ནི། གཉེན་པོ་གང་དགོས་བསྟེན་པའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་དགུ་པའོ། །ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།