སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

 ལེའུ་ཞེ་གསུམ་པ་མོ་མཚན་གྱི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མོ་མཚན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་དེ་བསྐྱེད་པར་བྱེད་རྐྱེན་ནི། །ཉལ་པོ་མང་དུ་སྤྱད་པ་དང༌། ཁྲག་འཛག་པ་དང་བུ་བཙས་པའི་རྗེས་སུ་ཟས་དང་སྤྱོད་ལམ་ལོག་པས། མངལ་གྱི་ནད་དུ་བསྐྱེད་པར་བྱེད་དོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་སྟེ་ལྔར་བཤད་པའོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། སྒོས་བཅོས་བཤད་པ་དང༌། སྤྱི་སྨན་བསྟན་པའོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་ཉེར་དགུས་བསྟན་ཏེ། དེ་ཡང་རླུང་འགྱུར་གྱི་ནས་ཚིག་ཐལ་བ་ནི་དངོས་པོའོ། །ར་ཎ་ནི། ར་མུ་ལ་སྟེ་ཙི་ཏྲ་ཀའི་རྩ་བའོ། །མཁྲིས་གྱུར་གྱིས་བབ་སླ་ནི། ཟླ་ཟེར་ལས། བབ་སླ་དང༌། ཨ་ཆི་བབ་སླ་དང༌། ན་ག་བབ་སླ་གསུམ་དུ་བཤད་ཀྱང༌། འདིར་ཧ་ལོའི་རྩ་བའོ། །གཉིས་པ་སྤྱི་སྨན་བསྟན་པ་ནི། ཀུན་ལ་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་པའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་ནས་བཞི་བཅུ་རྩ་གསུམ་པའོ་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོའི་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་དྲུག་པ་གསང་བའི་ནད་གསོ་བའི་དཀའ་བའི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ཏོ།།

        འདིར་སྨྲས་པ། རྟགས་མཚན་མཚན་ལྡན་མཚན་ཉིད་པ། །ངེས་གསང་གསང་ཆེན་གསང་བའི་བཅོས། །ཕན་བདེ་བདེ་ཆེན་བདེ་བས་གང༌། །རབ་དབང་དབང་བཞིའི་དབང་ཕྱུག་ཉིད། །ཅེས་པ་བར་སྐབས་ཀྱིས་ཚིགས་སུ་བཅད་པའོ། །སྐབས་བདུན་པ་ཐོར་ནད་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་བསྐུལ་བ་དང༌། མདོར་བསྟན་དང༌། རྒྱས་པར་བཤད་པ་གསུམ་མོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་པའོ། །གཉིས་པ་མདོར་བསྡུས་ནི། ཐོར་བུའི་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་ཐོར་བུ་ཞེས་པ། སྡེ་ཚན་དུ་མ་འདུས་པར་དུམ་བུར་བྱུང་བའོ། །དེའི་རྣམ་གྲངས་ནི། ལེའུ་ཞེ་བཞི་པས་སྐད་འགགས་གསོ་བ། ཞེ་ལྔ་པས་ཡིག་མཆུས་གསོ་བ། ཞེ་དྲུག་པས་སྐོམ་དད་གསོ་བ། ཞེ་བདུན་པས་སྐྱིགས་བུ་གསོ་བ། ཞེ་བརྒྱད་པས་དབུགས་མི་བདེ་གསོ་བ། ཞེ་དགུ་པས་གླང་ཐབས་གསོ་བ། ལྔ་བཅུ་པས་སྐྱིགས་བུ་གསོ་བ། ང་གཅིག་པས་འཁྲུ་བ་གསོ་བ། ང་གཉིས་པས་སྐྱུག་པ་གསོ་བ། ང་གསུམ་པས་དྲི་འགགས་གསོ་བ། ང་བཞི་པས་གཅིན་འགགས་གསོ་བ། ང་ལྔ་པས་གཅིན་སྙི་གསོ་བ། ང་དྲུག་པས་ཚད་འཁྲུ་གསོ་བ། ང་བདུན་པས་དྲེག་ནད་གསོ་བ། ང་བརྒྱད་པས་གྲུམ་བུ་གསོ་བ། ང་དགུ་པས་ཆུ་སེར་གསོ་བ། དྲུག་ཅུ་པས་རྩ་དཀར་གསོ་བ། རེ་གཅིག་པས་པགས་ནད་གསོ་བ། རེ་གཉིས་པས་ཕྲན་བུའི་ནད་གསོ་བ་སྟེ།

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།