སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
མན་ངག་རྒྱུད། >> ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།



ལེའུ་ཞེ་གསུམ་པ།  མོ་མཚན་གྱི་ནད་གསོ་བ། 

ཕོ་མཚན་ནད་གསོ་བའི་ལེའུ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ནས། མོ་མཚན་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཉལ་པོ་མང་དུ་སྤྱད་པ་དང༌། ཁྲག་འཛག་པའི་དུས་དང་བུ་བཙས་པའི་རྗེས་ལ་ཟས་དང་སྤྱོད་ལམ་ལོག་པ་དེ་རྣམས་ཀྱིས་མངལ་གྱི་ནད་མ་ལུས་པ་སྐྱེད་པར་བྱེད། དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང་ལྔའོ། །

དེ་རྣམས་སོ་སོར་མ་འདྲེས་པར་ངོས་འཛིན་པའི་རྟགས་བཤད་པར་ཐོག་མར་རླུང་ལས་གྱུར་པ་ནི་མངལ་ནང་དུ་ན་ཚ་དངོས་སུ་འདི་ན་ཞེས་ཚོར་རྒྱུ་མེད་པར་བེམ་པོར་ན་ལ་ཟླ་མཚན་སླ་ཞིང་ལྦུ་བ་དང་བཅས་པ་ཉུང་ངུར་འཛག་པ་དང༌། ཆུ་ཁ་སྙི་ཞིང་ཆུ་སོ་དང་རོ་སྨད་ནང་ན་གྲོག་མ་ལྟ་བུ་སེམས་ཅན་ཡོད་སྙམ་སེམས་པ་དང༌། ཟླ་མཚན་མི་ཆད་པར་རླུགས་སམ་ཡང་ན་འཁྱིལ་བ་དང་སྐྲན་དུ་འདྲིལ་པ། ཁ་འཆུས་ནས་ཁུ་བ་ཕྱིར་རློན་ཞིང་ཁ་ཟུམ་པ་དང་ཧར་པོ་སོགས་མངལ་ནང་དུ་མི་ཟད་པ་དུ་མ་འབྱུང་བར་བྱེད། མཁྲིས་པ་ལས་གྱུར་ན་ཟླ་མཚན་མདོག་སེར་རམ་སྔོའམ་ནག་པོ་དྲི་མ་ཆེ་བ་འཛགཚ་འབྲབ་བྱེད་ན་ལུས་ལ་ཚ་བ་སྐྱེ་ཞིང་ཟླ་མཚན་རྣག་ཏུ་འཛག ཁྲག་ལས་གྱུར་པར་ཟླ་མཚན་མི་ཆད་པར་རྟག་ཏུ་མང་བར་འཛགབད་ཀན་ལས་གྱུར་པར་མངལ་གཡའ་བ་ཞེས་ཟ་འཕྲུག་བྱེད་ཅིང་རོ་སྨད་གྲང་ལ་ཟུག་ཆུང་ཞིང་སྤྱིན་བག་ནལ་པོར་འཛག འདུས་པ་ལས་གྱུར་ན་ནད་རྟགས་གཅིག་ཏུ་མ་ངེས་པ་ཀུན་གྱི་རྟགས་བྱེད་པར་བཤད་ལ་དེ་ལྟ་བུའི་མངལ་ནད་ཡོད་པ་ཀུན་གྱིས་སྐྱེས་པའི་ས་བོན་བུ་མི་འཛིན་ནོ། །

བཅོས་པའི་ཐབས་ནི་མངལ་ནད་ཕལ་ཆེར་གྱི་རྒྱུ་རླུང་གིས་བྱེད་པ་ཡིན་པས་སྣུམ་འཆོས་དང་ཕྱི་རྒྱུད་ལྟར་སླེ་འཇམ་གྱི་འཇམ་རྩི་དང་སྣུམ་དུགས་ཀྱིས་གསོ་བར་བསྔགས་སོ། །དེ་འོག་འཆུས་པ་ཡིན་ན་ལག་པས་དལ་བུས་བསྲང་ཞིང་ཁ་ཟུམ་ན་སྦྱང་བ་རྩ་སྦུབས་བཀྲུ་སྨན་འཇམ་པོས་མངལ་གྱི་ནང་ཀུན་སྦྱངས་ཏེ། གོ་སྙོད། ཤུ་དག རྒྱམ་ཚྭ། པི་པི་ལིང༌། ཟི་ར། ནས་ཚིག་པར་བརྔོས་པའི་ཐལ་བ། བ་ཤ་ཀལ་ལ་ཕུད་དང༌། ཙི་ཏྲ་ཀ་རྣམས་ནི་ཆང་དང་མར་ལ་བཙོས་པ་ཁོང་དུ་བཏང་ན་མངལ་ནད་དང་གཞང་འབྲུམ་སྙིང་ནད་རྩིབ་ལོགས་ན་བ་སེལ། ར་སྣ་ཞེས་པ་ལ་ངོས་འཛིན་ཚད་ལྡན་མ་ཐུབ་པར་བརྟེན་མང་ཡང་ངོ་བོ་རླུང་ལེར་བརྗོད་པ་ལྟར་ཐང་ཤིང་དང༌། གཟེ་མ། བ་ཤ་ཀ་རྣམས་བསྐོལ་བ་བླུད། སྔོ་རྒྱ་སྤོས། ཀཎྜ་ཀ་རི། རུ་རྟ་དང༌། རྒྱམ་ཚྭ། ཐང་མ་སྒྲོན་ཤིང་རྣམས་ཀྱི་ཁུ་བ་མར་དུ་བསྐོལ་བ་རས་སམ་བལ་ཤིང་བུར་དཀྲིས་པའི་ཡེའུ་ལ་བྱུགས་པས་མངལ་གྱི་ནང་གཞུག་པར་བྱ། མཁྲིས་པ་ལས་གྱུར་པར་དང་པོ་སྦྱངས་ལ་སེང་ཕྲོམ་སྟེ་ཞུ་མཁན། རུ་རྟ། བ་ཤ་ཀ་རྣམས་ཀྱི་ཁུ་བ་རས་སམ་བལ་གྱི་ཡེའུ་ལ་བྱུགས་པ་མངལ་དུ་བཏང༌། ཉེ་ཤིང་སྲང་བཞི་རློན་པ་བསྡུས་པའི་ཁུ་བ་སྲང་བརྒྱད་འོ་མ་མར་དང་བཅས་བསྐོལ་བའི་མར་ཁུར་ར་མཉེ། ཉེ་ཤིང༌། ཤིང་མངར། རྒུན་འབྲུམ་དང༌། པ་ལ་ཞེས་པ་ཟླ་ཟེར་དུ་འཇག་མ་སྦོམ་ཕྲ་གཉིས་ཡོད་པའི་གང་རིགས་ལ་བཞེད་ཀྱང་དེང་སང་རྒྱ་གར་ནས་འོང་བའི་རམ་རྩྭ་དངོས་དང༌། པི་པི་ལིང་གཉིས་སྲང་བརྒྱད་དང་ཀ་ར་སྲང་བཅུ་སྦྲང་དེ་རྣམས་ཀྱི་ཕྱེད་ཕྱེད་བཏང་བས་མངལ་ཁྲག་ཁུ་བའི་ནད་སེལ་ཞིང་རོ་ཙ་བུ་སྐྱེད་ཀྱི་མཆོག་གོ། ཁྲག་ལས་གྱུར་པར་གཟེ་མ། ཉེ་ཤིང༌། འོ་མ་རྣམས་སྦྱར་བའམ། ཤིང་མངར། སྦྲང་རྩི། སྐྱེར་པ། པྲི་ཡངྐུ་རྣམས་འབྲས་དཀར་པོ་བཀྲུས་པའི་ཆུར་སྦྱར་བས་མངལ་ཁྲག་འཛག་པ་གཅོད། བད་ཀན་ལས་གྱུར་པར་བུ་རམ་གྱི་ཆང་དང༌། ཨ་རུ་རའི་ཆང་བསྟེན་ཞིང༌། པི་པི་ལིང་དང་ཨ་རུ་ར། ལྕགས་ཕྱེ། སྦྲང་དང་བཅས་པའམ། ནག་མཚུར། རྒྱམ་ཚྭ། ཨ་བྱག་གཟེར་འཇོམས་འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་སྦྲང་དང་སྦྱར་བས་བད་ཀན་ལས་གྱུར་པའི་མངལ་ནད་སེལ། ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་བ་གཅིན་སྦྱར་བ་མས་ནས་གཏོང་བར་བྱ། མཁྲིས་པ་ལས་གྱུར་པ་ལ་ཤིང་མངར་བའི་འོ་མར་བཙོས་པ་དང་རླུང་ལས་གྱུར་པ་ལ་སེ་འབྲུ་ཞུན་མར་སྦྱར་བ་བཏང་ཞིང༌། ལྡན་པ་གཉིས་འབྲེལ་དུ་གསོ་དགོས་ལ། འདུས་པ་ནི་དེ་དག་ཀུན་གྱིས་གསོ་བ་དང༌། མངལ་ནད་ཀུན་ལ་རུ་རྟ། སྔོ་རྒྱ་སྤོས། འབྲས་བུ་ཨ་བར་སྐྱུར་གསུམ། ཤུ་དགཤིང་ཀུན། ར་མཉེ། ཧོང་ལེན། བཙོད། ཤིང་མངར། ཉེ་ཤིང༌། ཡུང་བ། སྐྱེར་པ་ལ་ལ་ཕུད་རྣམས་ཀྱིས་སྨན་མར་སྦྱར་བས་མངལ་ནད་ཁུ་བའི་ནད་ཀུན་སེལ་ལ་གདོན་འཇོམས་ཤིང་མངལ་ཆགས་པའི་དུས་ཟོས་ན་བུ་མི་འཆི་བར་སོས་ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གསང་ནད་གཉིས་ཀྱི་ནང་ཚན་མོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།།

དེ་ལྟར་ལེའུ་གཉིས་ནི་གསང་ནད་གསོ་བ་སྟེ་སྐབས་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།