སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།



ལེའུ་ཞེ་གསུམ་པ། མོ་མཚན་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཉལ་པོ་མང་དུ་སྤྱད་པ་དང༌། །ཁྲག་འཛག་བུ་བཙས་རྗེས་ལ་ཟས་སྤྱོད་ལོག །དེ་ཡིས་མངལ་ནད་མ་ལུས་སྐྱེད་པར་བྱེད།།
དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་འདུས།།

དེ་རྟགས་རླུང་གྱུར་མངལ་ནང་ཚོར་མེད་བེམ། །ཟླ་མཚན་སླ་ཞིང་ལྦུ་བཅས་ཉུང་དུ་འཛག །ཆུ་ཁ་སྙི་ཞིང་སེམས་ཅན་ཡོད་སྙམ་སེམས། །ཟླ་མཚན་རླུགས་སམ་འཁྱིལ་དང་སྐྲན་དུ་འདྲིལ། །ཁ་འཆུས་ཁུ་བ་རློན་ཟུམ་ཧར་པོ་སོགས། །མངལ་ནད་མི་བཟད་དུ་མ་འབྱུང་བར་བྱེད། །མཁྲིས་གྱུར་ཟླ་མཚན་སེར་ནག་དྲི་མ་ཆེ། །ཚ་འབྲབ་ཚ་བ་སྐྱེ་ཞིང་རྣག་ཏུ་འཛག །ཁྲག་གྱུར་ཟླ་མཚན་མི་ཆད་རྟག་ཏུ་འཛག །བད་ཀན་གཡའ་གྲང་ཟུག་ཆུང་སྤྱིན་བག་འཛག །འདུས་པ་ལས་གྱུར་ནད་ཀུན་བྱེད་པར་བཤད། །དེ་ལྟར་མངལ་ནད་ཀུན་གྱིས་བུ་མི་འཛིན།།

བཅོས་ཐབས་མངལ་ནད་ཕལ་ཆེར་རླུང་ཡིན་པས། །སྣུམ་འཆོས་འཇམ་རྩི་དུགས་ཀྱིས་གསོ་བར་བསྔགས། །དེ་འོག་འཆུས་པ་བསྲང་ཞིང་ཁ་ཟུམ་སྦྱང༌། །རྩ་སྦུབས་འཇམ་པོས་མངལ་ནད་ཀུན་སྦྱངས་ཏེ། །གོ་སྙོད་ཤུ་དག་རྒྱམ་ཚྭ་པི་པི་ལིང༌། །ཟི་ར་ནས་ཚིག་ཐལ་བ་བ་ཤ་ཀ །ལ་ལ་ཕུད་དང་ཙི་ཏྲ་ཀ་རྣམས་ནི། །ཆང་དང་མར་བཙོས་མངལ་ནད་གཞང་འབྲུམ་སེལ། །ར་སྣ་གཟེ་མ་བ་ཤ་ཀ་བསྐོལ་བླུད། །རྒྱ་སྤོས་ཀཎྜ་ཀ་རི་རུ་རྟ་དང༌། །རྒྱམ་ཚྭ་ཐང་ཤིང་ཁུ་བ་མར་དུ་བསྐོལ། །ཡེ་འུ་ལ་བྱུགས་མངལ་ནང་གཞུག་པར་བྱ། །མཁྲིས་གྱུར་སེང་ཕྲོམ་རུ་རྟ་བ་ཤ་ཀ །ཁུ་བ་ཡེ་འུ་ལ་བྱུགས་མངལ་དུ་བཏང༌། །ཉེ་ཤིང་ཁུ་བ་འོ་མ་མར་བསྐོལ་ཁུར། །ར་མཉེ་ཉེ་ཤིང་ཤིང་མངར་རྒུན་འབྲུམ་དང༌། །བ་ལེ་པི་པི་ལིང་དང་ཀ་ར་སྦྲང༌།  །མངལ་ཁྲག་ཁུ་བའི་ནད་སེལ་བུ་སྐྱེད་མཆོག །གཟེ་མ་ཉེ་ཤིང་འོ་མ་སྦྱར་བའམ། །ཤིང་མངར་སྦྲང་རྩི་སྐྱེར་པ་པྲི་ཡངྐུ། །འབྲས་བཀྲུས་ཆུར་སྦྱར་མངལ་ཁྲག་འཛག་པ་གཅོད། །བད་གྱུར་བུ་རམ་ཆང་དང་ཨ་རུའི་ཆང༌། །པི་པི་ལིང་དང་ཨ་རུ་ལྕགས་ཕྱེ་སྦྲང༌། །ནག་ཚུར་རྒྱམ་ཚྭ་ཨ་བྱག་འབྲས་བུ་གསུམ། །སྦྲང་དང་སྦྱར་བས་བད་ཀན་མངལ་ནད་སེལ། །ཚ་བ་ལྔ་དང་བ་གཅིན་མས་བཏང་བྱ། །མཁྲིས་ལ་ཤིང་མངར་འོ་མར་བཅས་པ་དང༌། །རླུང་ལ་སེ་འབྲུ་ཞུན་མར་སྦྱར་བ་བཏང༌། །ལྡན་པ་གཉིས་འབྲེལ་འདུས་པ་ཀུན་གྱིས་གསོ། །ཀུན་ལ་རུ་རྟ་རྒྱ་སྤོས་འབྲས་བུ་གསུམ། །ཤུ་དག་ཤིང་ཀུན་ར་མཉེ་ཧོང་ལེན་བཙོད། །ཤིང་མངར་ཉེ་ཤིང་ཡུང་སྐྱེར་ལ་ལ་ཕུད། །སྨན་མར་མངལ་ནད་ཁུ་བའི་ནད་ཀུན་སེལ། །གདོན་འཇོམས་མངལ་ཆགས་དུས་ཟོས་བུ་འཆི་གསོས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།