སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།



ལེའུ་ཞེ་གཉིས་པ།  ཕོ་མཚན་གྱི་ནད་གསོ་བ། 

དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བ་སྟེ་ཞུ་བའི་འཕྲོ་ཡོད་པའི་ཚིག་འདྲེན་དང་ཡང་ནི་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་བོས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། གསང་བའི་ནད་གསོ་བའི་སྐབས་ལ་ག་འདྲ་ཅི་འདྲ་ལྟར་བྱས་ནས་བསླབ་པར་བགྱི་དགོས་ཀྱི་རིམ་པ་རྣམས་སེམས་ཅན་ཀུན་གྱི་ཚེ་དང་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ། ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་ཡེངས་མེད་དུ་ཉན་དགོས་པར་གདམས་ཏེ་གསང་བའི་ཞེས་པ་དེ་ཡང་གསང་བྱ་ཡིན་པས་གསང་བ་དང་མཚོན་པར་ནུས་པའི་མཚན་མ་སྟེ། དེའི་ནད་ལ་ཕོ་མཚན་དང་མོ་མཚན་གཉིས་སུ་ཕྱེ་བ་ལས།

དང་པོ་ཕོ་མཚན་གྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཆགས་པ་སྤྱད་དྲགས་པས་གྲ་མས་རེག་པ་སྙམ་དུ་ཁོག་པ་ཚ་ཤར་མ་བྱུང་བར་སྤྱད་པ་དང༌། བཤང་གཅི་ཁུ་བ་ལ་སོགས་པ་ཤུགས་ཀྱིས་འོང་བ་དེ་བཀག་པའམ་བཙིར་བ་ལས་འབྱུང༌།

དབྱེ་བ་ཕྱེ་ན་སོས་ཟིན་དང༌། འབྲུམ་པ་ཅན་དང༌། མདུད་འདྲ་དང༌། སྦུབས་འབྱར་དང༌། གྲ་མ་ཅན་དང་རྣམ་པ་ལྔ་བཤད་པའི་བཞི་པོ་དང༌། སོས་ཟིན་ལ་གྲོགས་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་རྣམས་རེ་རེ་དང་ལྡན་པ་ལྔ་སྟེ་ཕོ་མཚན་ལ་ནད་རིགས་རྣམ་པ་དགུ་རུ་བཤད་དོ། །

དེ་རྣམས་སོ་སོར་ངོས་འཛིན་གྱི་རྟགས་བཤད་པ་ལས་ཐོག་མར་སོས་ཟིན་རླུང་ལས་གྱུར་པ་ནི། རྟག་ཏུ་འགྲེང་བར་སྡོད་པ་དང༌། པགས་པ་འགས་པར་བྱེད། མཁྲིས་པ་ལས་གྱུར་པ་ནི་མདོག་དམར་པོར་སྐྲངས་པ་འབྱུང་ལ་ཚ་བ་སྐྱེ། ཁྲག་ལས་གྱུར་པ་ནི་འབྲུམ་པ་ནག་པོ་ཁྲག་བཅས་འཛག་ཅིང་ཚ། བད་ཀན་ལས་གྱུར་པ་ནི་གཡའ་ཞེས་ཟ་འཕྲུག་འོང་ཞིང་སྐྲངས་ལ་ལྕི་བ་ཡིན། འདུས་པ་ལས་གྱུར་པ་ནི་རླིག་པ་སྐྲངས་ཤིང་རྣག་ཏུ་སྨིན་པ་དཀའ་ལ། ཉེས་པ་རླུང་མཁྲིས་བད་ཀན་ཁྲག་ཀུན་གྱི་རྟགས་དང་ལྡན་ཞིང༌། འབྲུམ་པ་ཅན་ནི་འབྲུམ་པ་མང་པོ་ཡུངས་ཀར་འདྲ་བས་ཁྱབ། མདུད་འདྲ་ནི་པགས་པ་ཕྱིར་ལ་ལོག་ཅིང་མདུད་པ་ལྟར་སྐྲངས་པ་ལ་ཤུ་བ་འབྱུང༌། སྦུབས་འབྱར་ནི་ཁ་ཟུམ་ནས་གཅིན་འབྱུང་བའི་དུས་གཅུ་ཧྲིལ་གྱིས་འཆུ་ཞིང་འགགས། གྲ་མ་ཅན་ནི་ནང་གྲ་མས་གང་སྙམ་སེམས་ཤིང་ཚ་ལ་ན་བ་འབྱུང༌།

དེ་རྣམས་གསོ་ཐབས་ཀྱི་དང་པོ་ལ་གཉིས་ལས་སོས་ཟིན་ལ་གསར་པའི་དུས་གཏར་ག་ཕོ་མཚན་འགྲམ་རྩ་གཉིས་ལ་གདབ་ཅིང༌། ཕྱི་རྒྱུད་ལྟར་གྱི་ནི་རུ་ཧ་རྣོན་པོས་དྲངས་ཤིང༌། བསིལ་བ་ཙན་དན་དཀར་པོ། ཏིག་ཏ། སྐྱུ་རུ་ར་བཅས་པའི་བྱུག་པ་བྱ། རྣག་ཏུ་སྨིན་ནས་གཙགས་བུས་བརྟོལ་ལ་མར་སྦྲང་ཏིལ་བཅས་བསྐོལ་བ་བྱུག ཡང་ན་སྦང་མ། སེང་ཕྲོམ་སྟེ་ཞུ་མཁན། ལྡོང་རོས། བཙག་དང་ཡུག་སྣམ་དང༌། བ་བླ། ནག་མཚུར། སུག་སྨེལ། སྐྱེར་ཁཎྜ། རྒྱ་ཚྭ། རྒྱམ་ཚྭ་རྣམས་དང་ཧ་རེ་ཎུ་ཀ་འདི་སྨན་མིང་སྒྲ་སྦྱོར་དུ་དེ་དག་ནི་བི་ཤ་ལའི་མིང་ཡིན་ནོ་ཞེས་དོན་གླང་མིག་འདྲ་བ་ཇི་མང་གླ་གོར་ཞོ་ཤར་བཞེད་པ་བ་མཁལ་དུ་བཤད་ནའང༌། བདག་ཅག་གི་སྟོན་པས་ཆུ་རླུང་ནཻ་རཱཉྫ་ནའི་འགྲམ་དུ་དཀའ་ཐུབ་གྲོལ་ཏེ་སྐུ་ལུས་མཐུ་སྐྱེད་པའི་སྐབས་རིམ་པ་བཞིན་མོན་སྲན་གྲེའུ་དང་ཧ་རེ་ཎུ་ཀའི་ཁུ་བཅུད་གསོལ་བར་བཤད་པ་དང་མཐུན་པར་མཁས་པ་སྔོན་མ་འགའ་ཡང་བཞེད་པ་ལྟར་མ་ནུ་རྟ་སྐམ་དུ་བཞེད། དེ་ལ་ཡང་ངོས་འཛིན་མི་འདྲ་ཙམ་ཡོད་ཀྱང་དོན་དམར་པོ་ཁོང་པར་སྤུ་ཡོད་པ་མཐེབ་ཚིགས་ཀྱི་རྩེ་ཙམ་རྟའི་ནུ་མ་འདྲ་བ་དེ་ཡིན་པས་དེའི་ཕྱེ་མ་བཅས་སྦྲང་དང་སྦྱར་བ་བྱུགས་པས་སོས་ཟིན་གྱི་རྨ་འཚོ་བར་བྱེད། ཡང་ན་རྫ་གསར་པའི་ནང་དུ་འབྲས་བུ་ཨ་བར་སྐྱུར་གསུམ་ནུས་ལྡན་བསྲེགས་ཐལ་མར་སྦྱར་བྱུག རླུང་ལས་གྱུར་པར་སེང་ཕྲོམ་སྟེ་ཞུ་མཁན་མར་དང་སྦྱར་ལ་བྱུགམཁྲིས་པ་ལས་གྱུར་པར་ག་བུར་དང་ཙན་དན་དཀར་པོ་གཉིས་ཀྱི་ལྡེ་གུ་བྱུག ཁྲག་ལས་གྱུར་པར་རུ་རྟའི་ཕྱེ་མ་བ་ཤ་ཀའི་ཁུ་བས་བྱུག བད་ཀན་ལས་གྱུར་པར་སྐྱུ་རུ་ར་དང་སྦྲང་རྩི་སྦྱར་བ་བྱུག་ཅིང་ཡང་ན་བ་ཆུར་སྦྱར་བའང་བྱུག འདུས་པ་ཡིན་ན་རྨ་སྤྱིའི་གསོ་བ་ལྟར་གྱི་སྐྲངས་འཇོམས་རེད་སྦྱང་ཤའུ་གསོ་བ་སོགས་སྦྱར། འབྲུམ་པ་ཅན་ནི་འབྲུམ་པ་ཀྱུང་བུས་བཞར་ལ་དེ་ཕྱིན་སོས་ཟིན་ལྟ་བུར་བཅོས། མདུད་པ་འདྲ་ལ་སྣུམ་བྱུགས་ལ་དལ་བུས་མཉེ་ཞིང་སྣུམ་པས་བདུགསྦུབས་སྦྱར་ལ་སྦུ་གུ་ལྕགས་སྦུབས་གྲོ་སོག་ཙམ་སྣུམ་བྱུགས་པས་བུག་པ་བརྒྱང་ཞིང༌། དེས་མ་ཕན་ན་གཙགས་བུས་དྲལ་ལ་གསོ། གྲ་མ་ཅན་ལ་ནས་ཕྱེ་གོ་སྙོད་མར་ཁུར་བཙོས་པ་སླ་བས་དཀྲིའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གསང་ནད་གཉིས་ཀྱི་ནང་ཚན་ཕོ་མཚན་གྱི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།