སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།



ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།  

རྒྱུ་མའི་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། ལོང་གི་ནད་ལ་རྒྱུ་རྐྱེན་ནད་སྤྱི་ལས་སྒེར་དུ་མ་གསུངས་མོད། འོན་ཀྱང་ཟས་སྤྱོད་དམན་ལྷག་ལོག་པ་དང༌། གདོན་སོགས་ཀྱིས་བསྐྱེད་པ་ལས་འབྱུང་བ་དེའི་རྟགས་དང་བཅོས་པའི་ཐབས་གཉིས་ཡོད་པའི་དང་པོ་རིགས་ཀྱིས་དབྱེ་ན་ལོང་ནད་གྲང་སྦོས་དང༌། གྲང་འགྱིངས་དང༌། ཚ་རྙོང་དང༌། འཇུ་སྐེམ་དང༌། རླངས་པ་ཅན་དང་ལྔའོ། །

དེ་དག་རྣམས་ངོས་འཛིན་པའི་རྟགས། གྲང་སྦོས་ནི་རླུང་ལས་གྱུར་པ་ཡིན་ཕྱིར་འུར་འཁྲོག་བྱེད་ཅིང་གྲང་བ་སྟེ་འཁྱགས་པའི་རྗེས་སུ་ལྟེ་ཟུར་ན་ལ་ན་བའི་དུས་སུ་ནད་པའི་རྐང་པ་ཆུར་བཅུག་ན་ལྦུ་བ་སྐྱ་བོར་འཁྲུའོ། །རེས་འགའ་ཕྱི་ས་སྟེ་དྲི་ཆེན་ཆེར་མི་འབྱུང་ལ་གང་བྱུང་དེ་སྐམ་ཞིང་སྡོམ་ནས་མི་ཐོན་པར་བྱེད། ལོང་ནད་གྲང་འགྱིངས་ནི་སྦོ་ཞིང་དྲི་མ་འགྱིངས་ནས་མི་ཐོན་པ་དང༌། ལོང་ལྕི་ཞིང་སྐབས་སུ་སྐྱ་བོ་ཟས་ཀྱི་མདོག་ལྟ་བུ་འཁྲུ། ལོང་ནད་ཚ་རྙོང་ནི་ཁ་སྐམ་ལ་སྐོམ་དད་ཆེ་བ་དང༌། སྦོ་ཞིང་མདོག་སྨུག་ཅིང་རྔུལ་བར་བྱེད་ལ་བཤད་མ་ཐག་པ་ལྟར་ཕྱི་ས་འགག ལོང་ནད་འཇུ་སྐེམ་ནི་སྦོ་འཁྲོག་བྱེད་ཅིང་ཅི་ཟོས་པའི་ཚེ་ཚ་གྲང་འཐབ་པ་ཡིན་པས་ན་བ་དང་ཉམ་ཆུང་ཞིང་ཁ་སྐམ་ལ་མཁལ་རྐེད་ཆད་འདྲ་སྙམ་པ་བྱེད། རླངས་པ་ཅན་ནི་ལོང་ཆུ་བྱེར་ཏེ་སྒལ་གཞུང་པ་རེངས་ཤིང་ན་ལ་རྐེད་པ་སྒུར་པོར་སོང་ནས་ཕར་འགྱུར་ཚུར་འགྱུར་མི་ཤེས་པའོ། །

བཅོས་པའི་ཐབས་ནི་གྲང་སྦོས་ལ་ཡ་བཀྵ་ར་དང༌། ཁ་རུ་ཚྭ་དང༌། རྒྱམ་ཚྭ། སྟར་བུ་རྣམས་སྦྱར་བའི་ཕྱེ་མ་ཞོའི་ཁ་ཆུས་ཕུལ་ལ་བཏང་བས་གཟེར་ཞིང་སྦོ་བ་དང་རླུང་གིས་ཕྱི་ས་སྟེ་དྲི་ཆེན་འགགས་པ་སེལ། འུ་སུ། སྟར་བུ། ཤིང་མངར། ཡ་བཀྵ་ར། ཀྱི་ལྕེ་དཀར་པོ། དྲོད་སྨན་ཞེས་པི་པི་ལིང་རྣམས་ཀྱི་ཕྱེ་མ་ཆུ་བསྐོལ་གྱིས་དབུལ་ལ་བཏང་བས་སྦོ་འཁྲོག་བྱེད་ཅིང་གཟེར་བ་དང་འཁྲུ་བ་བཅས་སེལ་བར་བྱེད་ལ། ཁྱད་པར་འཇམ་རྩི་སྒོག་སྐྱ། ཤིང་ཀུན། ཚ་བ་སྒ་པི་ཕོ་གསུམ། མར་རྙིང་རྣམས་ཀྱི་རེང་བུ་དང་ཞུན་མར་བཏང་བ་བསྔགས། གྲང་འགྱིངས་ལ་ཤིང་ཀུན། ཤུ་དགརུ་རྟ་དང༌། ཚ་ལ། ཁ་རུ་ཚ་རྣམས་གོང་མས་རིམ་བཞིན་བསྐྱེད་པ་སྦྱར་བའི་བསྡུས་ཁུས་སྦོ་ཞིང་འགྱིངས་པ་དང་ལོང་གི་གྲང་བ་སེལ་བར་བྱེད། སེ་འབྲུ་ཚ་བ་སྒ་པི་ཕོ་གསུམ་དང༌། ཚ་སྣ་རྒྱ་རྒྱམ་ཁ་རུ་ཙབས་རུ་ཚྭ་བཞི། བུར་དཀར་རྣམས་སྦྱར་བ་བཏང་བས་སྦོས་པ་འཇོམས་པའི་མཆོག་ཏུ་འགྱུར་རོ། །ཨ་རུ་ར་གླ་སྒང༌། ཤུ་དག ཙི་ཏྲ་ཀ པུ་ཤེལ་ཙེ་རྣམས་བ་ཆུར་སྦྱར་བ་བླུད་པས་རྟུག་འགགས་སེལ། ལོང་ནད་ཚ་རྙོང་ལ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཐང་དང༌། བ་ལེ་ཀའི་ཐང་བཏང་ལ་ལོང་རྩ་གཏར། འཇུ་སྐེམ་ལ་ད་ལིས་བདུན་པ་ཕྱི་རྒྱུད་ཀྱི་ད་ལིས། ཤིང་ཚ། སུག་སྨེལ། ཀ་ཀོ་ལ། ཟི་ར། པི་པི་ལིང༌། ན་ལེ་ཤམ་རྣམས་སྦྱར་རྗེས་ཕྱི་རྒྱུད་དེད་དཔོན་བཅུ་ལ་སྙ་ལོ་བཙོད་ཁ་རུ་ཚྭ་བསྣན་པའི་འཇམ་བཤལ་གྱིས་སྦྱངས། རླངས་པ་ཅན་ལ་སེ་འབྲུའི་ཕྱེ་མ་གང་འོས་ཕྱི་རྒྱུད་ལྟར་སྦྱར་ལ་ཚིགས་པ་བཅུ་དྲུག་པ་དང་མདུན་ལྟེ་བ་ནས་གཡས་གཡོན་དུ་ཚོན་གང་གཞལ་བ་ལོང་ཐེར་དང་ལྟེ་འོག་ཁ་གསུམ་རྣམས་བསྲེག་གོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་སྣོད་ཀྱི་ནང་ཚན་ལོང་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། དེ་ལྟར་བཤད་པའི་ལེའུ་བརྒྱད་ནི་དོན་སྣོད་གསོ་བ་སྟེ་སྐབས་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།