སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་པ། སྐྱ་རྦབ་བཅོས་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་བརྒྱད་པ། སྐྱ་རྦབ་བཅོས་ཐབས་བསྟན་པ།

ལེའུ་བརྒྱད་པ་སྐྱ་རྦབ་བཅོས་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གསུམ། མདོར་རྒྱས་མཇུག་གོ དང་པོ་ནི། སྐྱ་རྦབ་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཞེས་པས་རྒྱུ་རྐྱེན་ལྷན་ཅིག་བསྟན་པ། གནས་དང་སྡོ་ཟླའི་དབྱེ་བ་དང༌། དེའི་རྟགས་བསྟན་པ། དེའི་བཅོས་ཐབས་བསྟན་པའོ། །དང་པོ་ནི། རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། །ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ། །དེ་ཡང་སྐྱ་རྦབ་ཞེས་པའི་རྒྱུ་མཚན་ནི། ཟླ་ཟེར་ལས། ཇི་སྐད་བཤད་པའི་ནད་འཁྲུགས་པས། མཁྲིས་པ་ལྷག་པར་སྡང་འགྱུར་ལ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང་ལ་གནས་པའི་མཁྲིས་པ་ནི། །གཏོར་ཏེ་རྩ་ཆེན་བཅུའི་ནང་སྐྲངས། །ལུས་ཀུན་ལ་ནི་ཁྱབ་གྱུར་པས། །བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་བར་དུ་གནས་ནས་ནི། །ཤ་དང་པགས་པ་དེ་དག་ལ། །པགས་པའི་མདོག་ནི་དཀར་བ་དང༌། །སེར་ཞིང་ལྗང་སྔོན་བྱེད་པར་འགྱུར། །དེ་ལས་སྐྱ་བའི་ཤས་ཆེ་བས། །དེ་ཕྱིར་སྐྱ་རྦབ་ནད་ཅེས་བཤད། །ཅེས་པ་ལྟར་རོ། །དྭངས་མ་མ་ཞུ་བ་ཟགས་པའི་ནད་དང་པོའོ། །གཉིས་པ་ལ་གཉིས། རྣམ་གྲངས་བསྟན་པ། གཞན་འགྱུར་གྱི་ཁྱད་པར་བསྟན་པ་དང་གཉིས། དང་པོ་ནི། དེ་ཉིད་ཅེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་གློ་བ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན། ཞེས་པས་སྤྱི་དང་བྱེ་བྲག་གོ། 

        གཉིས་པ་རྒྱས་བཤད་ལ་གཉིས་ལས་དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་ལྔས་བསྟན། མིག་ལྕིབས་ནི་མིག་གི་པགས་པ་སྐྲངས་པའོ། །རྔམ་འདེགས་ནི། དབུགས་དང་ལྷན་ཅིག་ཏུ་རྩེ་ཆུང་སོགས་འཕར་བ་འདེག་པའོ། །ལྕེ་དང་མཆུ་ཡི་བཀྲག་མདངས་ཤོར་བ་ནི། སྐྱ་ལྷག་ཏུ་འགྲོ་བའོ། །ཤིན་ཏུ་ངལ་བ་ནི་ལུས་སེམས་ངལ་བའོ། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་དྲུག་གིས་བསྟན་པ་ནི་གོ་སླའོ། །བཞི་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས། སྟོབས་ཆུང་བ་གསར་དུས་ཀྱི་བཅོས་དང༌། སྟོབས་ལྡན་གཉེན་པོས་བཅོས་པའོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གསུམ་གྱིས་བསྟན། མངར་གསུམ་ཏིང་ཁྲོལ་གྱི་མངར་གསུམ་ནི། སྦྲང་བུར་ཀ་ར་གསུམ། ཏིང་ཁྲོལ་ནི། ལྡེ་གུར་མ་སོང་ཙམ་བཀོལ་བའི་དྲོད་མོ་བསྟེན་པའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེས་མ་ཞེས་རྐང་པ་གཅིག་གིས་བསྟན་པ། སྨན། དཔྱད། ཟས། སྤྱོད་ལམ་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་དང་པོ་ཞི་སྦྱོང་སྨན་གྱིས་བཅོས་པ་ནི། དེ་སྨན་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། སྐྱུགས་སྨན་རྣོན་པོ་ནི། ཕྱི་མ་རྒྱུད་དུ་བཤད་པའི་དྲག་པོའི་རིལ་བུ་ཞེས་པ་དེའོ། །བ་གཅིན་ནི་བ་དམར་སེར་རམ་དམར་ཟལ་བསྔགས་སོ། །ཏ་ཙ་ཞེས་པ་བྲང་ཏི་དང་བརྡ་སྤྲོད་ལྔ་པར་གསེར་རྡོ་ལ་བཤད་ནའང་སྐབས་སྦྱར་དགོས་ཏེ། འདི་སྐབས་ཏ་ཙ་ནི་འུ་སུ་ཡིན་ལ། གང་ཞེ་ན། ལེགས་སྦྱར་གྱི་སྐད་དུ་ཏ་ཙ། ཕལ་སྐད་དུ་དྷ་ནི་ལ་ཟེར་བ། བདེ་མཆོག །མཁའ་འགྲོ་རྒྱ་མཚོ། དུས་འཁོར། ཡན་ལག་བརྒྱད་པ། ཟླ་ཟེར་རྣམས་སུ་བཤད་དོ། །ཟུར་མཁར་པའི་མཆན་བུར་སྒ་སྐྱ་འདུག་ནའང༌། མི་འཐད་པ་གང་ལ་ཡོད། ཀུན་གྱི་ཉིས་འགྱུར་ལྕགས་ཕྱེ་བ་གཅིན་བརྒྱད། ཅེས་པའི་ཏ་ཙ་སོགས་ཀུན་གྱི་ཉིས་འགྱུར་ཏེ། འདབ་ཀྱི་ལྕགས་ཕྱེ། དེ་དག་ཐམས་ཅད་ཀྱི་བརྒྱད་འགྱུར་ཀྱི་བ་ཆུ་ལ། སྨན་རྣམས་དང་ལྕགས་དྲེག ལྕགས་ཀོང་སོ་སོར་བསྐོལ། དེ་ནས་བསྲེས་པའི་རིལ་བུ་སྲན་ཙམ་ལྔ་བདུན་ཟོས་པའི་རྗེས་ལ་དར་བ་ནི། བའི་འོ་མ་ཕྱེད་ཞོ་རུ་བསྙལ་ཕྱེད་བཞོས་མ་ཐོག་ཏུ་བྱས་པ་བསྲེས་ལ་མར་ཕྱུང་བའི་ཤུལ་དེའོ། །དེ་འཐུངས་པས་སྐྱ་རྦབ་འཇིལ་ཞིང་སྐྲངས་ཆུང་ངུར་བྱས་པའི་དོན་ནོ། །རྭ་གསུམ་ནི་རྒྱ་རུ་ཁ་ཤ་གཙོད་རུ་དང་གསུམ་མོ། །སྟག་ཚེར་ནི། བརྡའ་སྤྲོད་དུ་ཀནྜ་ཀ་རིའོ། །གཉིས་པ་ནི་རྗེས་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི་འབྲས་ཐུག་ནས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བུར་རློན་ནི་བུ་རམ་ཆུ་ཐག་མ་ཆོད་པའོ། །བཞི་པ་ནི་ཉིན་གཉིད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཞོན་པ་ནི་རྟ་ཞོན་སོགས་སོ། །གཉིས་པ་བྱེ་བྲག་ཏུ་བཅོས་པ་ནི། བྱེ་བྲག་ཅེས་རྐང་པ་སོ་གཅིག་གིས་བསྟན་ཏེ། མཁྲིས་ཆེན་ནི་མི་མཁྲིས་སོ། །ནིམ་པ་ནི་ཉེ་ཤིང་དུ་ཟེར་བ་ཡང་འདུག ལུག་རུ་ནི་སེར་པོ། འཁྲུངས་དཔེར། རྣག་གཅོད་ལུག་རུ་སེར་པོ་ནི། །རྒྱ་མཚོ་ཙམ་གྱི་ཆུ་ཡང་འཐུང༌། །ཞེས་ཆུ་འཐུང་དུ་བཤད་པའོ། །རྭ་ཚྭ་ནི་བཟོས་པའི་རྭ་ཚྭའོ། །ཆུ་སེར་འོར་སྒོ་རྣམས་ཞེས་པ། བཅུ་དྲུག་མདོ། སོར་མོའི་བར། ལྟེ་འོག་མཚོན་གང་བཅལ་བ་རྣམས་སོ། །བཤུལ་ཤ་ནི་རྟ་བོང་དྲེའུ་རྐྱང་ཤ་རྣམས་སོ། །ཆུ་གསང་རྣམ་གསུམ་ནི། ཚིགས་པ་དང་པོ་བཅོ་བརྒྱད་པ་བཅུ་གསུམ་པའོ། །རུས་ཁུས་སྤོད་བྲན་གྱི་སྤོད་ནི། སྒ་པི་པི་ལིང་ཤིང་ཚ་ལ་ལ་ཕུད་དོ།།

        གསུམ་པ་མཇུག་བསྡུ་བ་ནི། སྐྱ་རྦབ་ཅེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། སྐྱ་རྦབ་རྙིངས་ནས། འོར་ནད་ཕྱི་ཆུ། འོར་ནད་ལོ་ཟླས་ཕྱེ་བའི་ནང་གི་ཆུ་རུ་འགྱུར་རོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཞེས་སོ།།

 

 

མཐའ་མའི་འདོན་ཐེངས་།: 01.09.2011 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།