སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་ཅུ་པ། གཟའི་གདོན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་བརྒྱད་ཅུ་པ། གཟའི་གདོན་ནད་བཅོས་པ།



ལེའུ་བརྒྱད་བཅུ་པ།  གཟའི་གདོན་ནད་བཅོས་པ། 

དེ་ལྟར་བརྗེད་བྱེད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གཟའི་གདོན་ལ་ཡང་རྒྱུ་སྤྱི་ལས་སྒེར་དུ་མེད་ཅིང༌། འོན་ཀྱང་མི་དགེའི་ལས་མང་དུ་བྱས་པ་དང་སྔགས་བན་ཡིན་ན་རང་གིས་བསྟེན་པ་འཁུ་བ་དང༌། གཞན་གྱིས་རྦད་པ། སྐྱེ་བོ་ཡིན་ན་ཚེ་ཟད་དཀོར་ནོར་ལ་འབགས་ཤིང་རླུང་རྟ་གུད་པ་ལ་འབྱུང་སྟེ། དེ་ལ་འཛིན་དུས་དང༌། བརྟག་ཐབས་དང༌། བསྲུང་བ་དང༌། བཅོས་ཐབས་དང༌། ཕྱིར་མི་ལྡོག་པ་དང་ལྔའོ། །

དང་པོ་འཛིན་དུས་ཚེས་བཞི་ལ་ལྗང་སྔོན་མ་མོ་དང་བསྡོང༌། བརྒྱད་ལ་དྲང་སྲོང་དཀར་སེར་དགྲ་ལྷ་དང་བསྡོང་པའམ། བཅུ་གཅིག་ལ་རོག་ཏི་བདུད་དང་བསྡོང༌། བཅོ་ལྔ་ལ་བིཥྚི་སྲིན་པོ་དང་བསྡོང༌། བཅོ་བརྒྱད་ལ་བིཥྚི་བཙན་དང་བསྡོང༌། ཉི་ཤུ་གཉིས་ལ་དུ་མཇུག་གཤིན་རྗེ་དང་བསྡོང༌། ཉེར་ལྔ་ལ་ཁྱབ་འཇུག་ཀླུ་དང་བསྡོང༌། ཉི་ཤུ་དགུ་ལ་སྒྲ་གཅན་བགེགས་དང་བསྡོངས་ཏེ་རྒྱུ་དུས་ཆེན་པོ་བརྒྱད་ལ་འཛིན་པར་བཤད་ཅིང༌། འདིར་མ་གསལ་བའི་གནམ་གང་ལའང་འཛིན་ལ་གཞན་ནི་ཚེས་དེ་རྣམས་ཆུ་ཚོད་ཀྱི་དབང་ཚེས་ཡར་འཚངས་སོགས་ཀྱིས་འཕྱུགས་པ་དང་ཡང་ཚེས་གྲངས་ནོར་བ་སོགས་ཡིན་པས་ཚེས་གྲངས་གོང་ལས་འདའ་བར་འཛིན་པ་མེད་དོ། །

བརྟག་པའི་ཐབས་ལ་སྤྱི་དང༌། ཁྱད་པར་དང༌། སྤང་བླང་བརྟག་པ་དང་གསུམ་ལས་སྤྱིའི་རྟགས་ནི་གཞོགས་བཤལ་ལ་བྱ་བ་ཉམས་ཤིང་མིག་རྩ་གྲུང་བ་དང་ཁ་ལྐུགས་ལ། ཁ་སླེ་ཞེས་ཡོན་པོར་ངུ་བ་དང་དགོད་པར་བྱེད། ཁྱད་པར་གྱི་བརྟག་པ་ལའང་མེ་གཟའ་ཆུ་གཟའ་གཉིས་ལས་མེ་གཟའ་ནི་གཞོགས་གཡས་པ་ལ་ཕོག་པ་སྟེ་ལྕེ་གཡས་ཐུང་ལ་ཚ་བ་ཆེ་ཞིང་སེན་མོ་གཞོབ་རོག་ཏུ་འོང༌། ཆུ་གཟའ་ནི་གཡོན་ལ་ཕོག་ཅིང་ལྕེ་གཡོན་པ་ཐུང་ལ་ལུས་ཀུན་གྱི་དྲོད་དང་བྲལ་ཞིང་ཆུ་རྒྱུས་པ་གྱོང་བ་འབྱུང༌། གཞན་ཡང་འདི་ལ་མེ་ཆུ་བརྟག་པ་ནི། སྲུང་མཁན་གྱིས་ནད་པའི་ལག་མཐིལ་གང་ཕོག་ངོས་ལ་སེན་མོས་ནོན་པར་མནན་པའི་སེན་རྗེས་སྔོ་ན་ཆུ་གཟའ། དམར་ན་མེ་གཟའ་ཞེས་སོགས་ཀྱང་འབྱུང་ངོ༌། །སྤང་བླང་གི་བརྟག་པ་ནི་ཉི་ཤུ་དགུ་ལ་ཟིན་པ་དེ་ཕོག་མ་ཐག་ཏུ་སྐྱུག་ཅིང་ཁ་ལྐུགས་པ་དང༌། སྙིང་གར་ཆུ་ལྕག་རྒྱབ་པའི་ཚེ་མི་དངངས་པ་དང༌། མིག་འཛུམ་མི་ཤེས་ཤིང་ལོ་དྲུག་ཅུ་ཡར་འདས་པའི་རྒད་པོ་ནི་གསོས་ཀྱང་སོས་པར་མི་འགྱུར་བས་སྤང་པར་བྱའོ། །

བསྲུང་བའི་ཐབས་ལ་རང་དང་ནད་པ་བསྲུང་བ་གཉིས་ལས་དང་པོ་རང་གི་བསྲུང་བ་ཀེ་ཚེའི་འབྲུ་དང༌། དཀར་ཁྲ་མེན་ནི་གཟི་མིག་དགུ་ཡོད་པ་དང་རྨིག་པའི་ཤ་རྣམས་ལ་གསེར་མཆན་ནས་གསུངས་པའི་སྔགས་ནི། ཨོཾ་རུ་ལི་ཁྲ་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཞེས་པ་བཟླས་ཤིང་ལུས་ལ་བཅང་བ་དང༌། ཨོཾ་བ་ར་ཅ་ཀྲ་རཱ་ཧུ་ལ་སྭཱཧཱ། ཨོཾ་ཧཱུཾ་སུ་ལི་ཧཱུཾ་སུ་ལི་ཏིང་བྲི་དུ་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཨོཾ་སྟུཾ་པོ་ལི་སྟུཾ་པོ་ལི་ཏིང་བྷྷི་མ་སྟུཾ་བྷི་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཞེས་པ་དེ་རྣམས་བློ་ལ་མ་བརྗེད་པར་གནས་པས་ཡང་གཟའ་གདོན་ཐུབ་བོ། །ནད་པའི་སྲུང་བར་བདེ་བར་གཤེགས་པའི་རིང་བསྲེལ་ཁྱད་པར་ཅན་དང༌། བཤད་མ་ཐག་པའི་དཀར་ཁྲ་མེན། རྨ་བྱ་དང་བྱ་རོག་གཉིས་ཀྱི་སྙིང་ཁྲག་ལུས་ལ་བཅང་ཞིང༌། གུ་གུལ་དཀར་ནག་གཉིས་ཡུགས་ས་མའི་དོར་རྟའི་ཁུད་དུ་ཐུམ་པོ་བྱས་ལ་གཞོགས་གཡོན་གྱི་ངོས་སུ་གདགས་པ་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག གླ་རྩི། སྒོག་ཐལ་རྣམས་མར་གསར་དང་སྦྱར་བ་བྱུག གཟའི་རྒྱུ་དུས་གོང་བཤད་རྣམས་ཀྱི་སྐབས་ནད་པའི་མལ་དུ་ཕུག་རོན་གཞུག་ཅིང༌། ཨོཾ་ཏྲི་ཁྱེ་ད་བཾ་ཧཱུཾ། ཞེས་པའི་སྔགས་འདི་སྡོད་སའི་གྱང་ངམ་ཐོག་ལ་ཡི་གེར་བྲིས་པས་ཐུབ་བོ། །

བཅོས་པའི་ཐབས་ལ་བཙོན་དུ་བཟུང་བ་དང༌། དངངས་སུ་གཞུག་པ་དང༌། ཟས་དང་སྤྱོད་ལམ་དང༌། ཁྲུས་ཆུ་དང༌། གཟའ་ཆོག་བྱ་བ་དང་དྲུག་ལས་དང་པོ་ཟིན་པའི་མོད་དེ་མ་ཐག་པ་དེ་ལ་གཞན་དུ་འཕོ་མི་འཇུག་པར་བཙོན་དུ་གཟུང་བར་བྱ་སྟེ་ཡུགས་སའི་ཞབས་མས་ཞེས་དོར་རྟའམ་རྒྱབ་གཤམ་གྱིས་ནད་པའི་མགོ་ཕུར་ཞེས་ཀྱང་གཏུམས་ལ། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། ཞེས་པ་གཟའི་རང་མིང་ཡིན་པ་བཟླས་ཤིང༌། གུ་གུལ་དུ་བས་བདུག་ཅིང༌། གུ་གུལ་ཆུར་སྦྱངས་པར་གོང་གི་སྔགས་ཀེ་ཏ་ཞེས་པ་བཏབ་སྟེ་ཁོང་དུ་བཏང༌། སྒོག་ཐལ། གངས་ཐིགས། རྡོ་མཁྲིས་ཞེས་རྡོ་སེར་པོ་རོ་ཁ་བ་མཁྲིས་པ་འདྲ་བ་བཅས་པ་དྲི་ཆུར་སྦྱར་བ་ལུས་ལ་བྱུགས་པས་འཁོར་ལ་འཕྲོ་བར་མི་འགྱུར་རོ། །དེ་ལས་འགྱངས་ནས་དངངས་སུ་གཞུག་པ་ནི་མེ་གཟའ་ཡིན་ན་ཉི་མ་དང་གྲིབ་མའི་མཚམས་སུ་ནད་པ་ཙོག་པུར་བཞག ནད་པས་མ་ཚོར་བར་བྱས་ཏེ་ནད་པའི་སྟེང་ནས་མེ་དགྲ་ཆུ་ཡིན་པས་ཆུ་རྫ་མ་བདུན་གྱིས་གཅིག་བསྟུད་གཉིས་བསྟུད་ལ་བྲན་ཏེ། རྒྱབ་ནས་དུང་འབུད་པ་སོགས་བྱེད་ཅིང་བྲོས་བྱུང་ན་སྔར་ཤུལ་ཉི་གྲིབ་མཚམས་དེ་རང་དུ་དབུལ། ཆུ་གཟས་ཟིན་ན་ཆུ་དགྲ་མེ་ཡིན་པས་ནད་པའི་མཐའ་མ་མེ་ཡིས་བསྐོར་ཞིང་བྲོས་བྱུང་ན་མདའ་བཀང་གྲི་ཐོགས་ཏེ་རྒྱོབ་སོད་སོགས་ཀྱིས་བསྡིགས་མོ་བྱེད། དེ་བྱས་ཀྱང་མ་སོས་ན་ནད་པ་བརྒྱ་མཐོངས་ཀྱི་ཁར་བཞག ནད་པའི་ཐད་ཀའི་འོག་ཏུ་སོག་འབོལ་སོགས་ཀྱི་སྟེང་དུ་གོས་ཆས་བཏིང་སྟེ་སྐྱོན་མི་འོང་བའི་ཐབས་བྱས་ལ་དུང་འབུད་པ་དང་གཞན་ཡང་རོལ་མོ་དྲག་པོའི་རིགས་གང་མང་བཅས་ནད་པ་འབོལ་སྟེང་དུ་བསྐྱུར་བ་དང་རོལ་མོ་འཁྲོལ་བ་དུས་གཅིག་བྱ། ཁ་ཟས་ཆང་དང་མར་རྙིང་ཤ་ཁྲག་སོགས་སྤང་ཞིང་སྦྲང་དང་མར་གསར་ཞོ་དར་བཅས་དང༌། དཀར་ཆོས་ཞེས་ཤ་ཆང་སྒོག་བཙོང་དང་མ་འབྲེལ་བར་དཀར་མངར་གཙང་བའི་རིགས་བསྟེན་ཞིང་སྤོས་དཀར་སྦྲང་དང་སྦྱར་བ་ཁོང་དུ་བཏང༌། སྤྱོད་ལམ་མི་གཙང་བའི་རིགས་གྲིབ་སོགས་འཛེམ་པ་དང་མེ་ཉི་གཉིས་སྤང་ཞིང་མི་གཞན་དང་རང་གིས་ཀྱང་ལབ་མང་པོ་མི་ལབ་པ་དང་མིའི་ཅོལ་སོགས་མེད་པར་སྙན་ཚིག་སྨྲ། ཁྲུས་ཆུ་ནི་ག་བུར། གི་ཝཾ། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཙན་དན་དཀར་པོ། གླ་རྩི། སྤོས་དཀར་བཅས་ལོ་བརྒྱད་དྲི་ཆུས་བཀྲུ། ཡང་ན་དེ་རྣམས་དང་སྒོག་སྐྱ་སྤར་གང་བརྡུངས་ལ་ནུས་ལྡན་བསྲེགས་པ་དང་བསྲེས་ཏེ་ཆང་དང་སྦྱར་ལ་ལུས་ཀུན་ཡང་ནས་ཡང་དུ་བཀྲུ་བ་དང༌། རྣམ་འཇོམས་སྨེ་བརྩེགས་གཟའ་ཡུམ་ལ་སོགས་པའི་ཁྲུས་ཆུས་བཀྲུ་བ་མཆོག་ཏུ་བསྔགས། དྲུག་པ་གཟའ་ཆོག་ལ་གཉིས། སྤྱི་དོན་དང་ཚིག་དོན་གཉིས་ལས་དང་པོ་སྤྱིའི་དགོངས་དོན་བཤད་པ་ནི། སེམས་ཉིད་འདུས་མ་བྱས་དེ་ཉིད་ནང་གསལ་གདོད་མའི་དབྱིངས་སུ་གནས་པ་ལ་ཐིམ་ལ་མ་རྨུགས་པ་གསལ་ལ་མི་འཕྲོ་བ་སོགས་རང་ངོ་སྤྲོས་པ་ཐམས་ཅད་དང་བྲལ་ཡང་ཡོན་ཏན་ཕྲིན་ལས་ལྷུན་གྲུབ་བཞུགས་པ་དེ་ལ་དྲི་བྲལ་གྱི་སེམས་ཉིད་ཅེས་བྱ་སྟེ། དེའི་རྣམ་འཕྲུལ་གཟུགས་སྐུར་བསྡུས་པ་ལ་དཀྱིལ་འཁོར་དག་པའི་ཞིང་ཁམས་སོགས་ངོ་མཚར་དཔག་ཏུ་མེད་པ་འཆར་ལ། དེ་ཉིད་གཟུང་འཛིན་གྱི་དྲི་མ་དང་བཅས་པའི་སྣང་བའི་སྣང་ཆ་ལས་འགྲོ་བ་རིགས་དྲུག་སོགས་སྣ་ཚོགས་པར་སྣང་བ་ལས་ལྷ་ཞེས་མགོན་དུ་བཟུང་ནས་ཆགས་ཡུལ་བྱས་འདྲེ་ཞེས་གདོན་དུ་བཟུང་ནས་སྡང་ཡུལ་བྱས་པས་བག་ཆགས་གོམས་པའི་ལས་དང་བཅས་པའི་མཐུ་བརྟས་ནས་ཕན་གནོད་ལྟར་སྣང་ངོ༌། །དེ་ལ་གདོན་རིགས་ནི་ལས་དང་རྣམ་རྟོག་གི་རྗེས་སུ་འབྲངས་པའི་སྣ་ཚོགས་དཔག་ཏུ་མེད་ཀྱང་གྲངས་སུ་བྱས་པ་གདོན་བརྒྱད་ཁྲི་བཞི་སྟོང་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་གཙོ་བོ་གོང་དུ་བསྟན་པའི་འབྱུང་པོའི་གདོན་བཅོ་བརྒྱད། སྨྱོ། བརྗེད། གཟའ་ཀླུ་རྣམས་དང༌། ཕྱོགས་སྐྱོང་བཅུའི་ཁོངས་སུ་གཏོགས་པ་རྣམས་སམ། སྲིད་པ་གཏེར་ཁྱིམ་ལས། ཕྱིའི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད་དམ་ཞེས་པ་རྣམས་ལས། འདིར་གཟའ་ལ་གཙོ་བོར་རཱ་ཧུ་ལ་ནི་སྒྲ་གཅན་ཏེ་སྔོན་ཚོང་དཔོན་ཞིག་དོན་མཐུན་མང་པོ་དང་བཅས་ཏེ་ཁེ་དོན་དུ་སོང་བ་ལས་འབྲོག་དགོན་པ་ཞིག་ཏུ་འབྲང་བཏབ་བོ། །དེར་དེ་བཞིན་གཤེགས་པའི་མཆོད་སྡོང་ཕུལ་དུ་ཕྱིན་པ་ཞིག་ཡོད་པ་ལས། དེའི་ནུབ་མོ་ཕྱོགས་དེར་མེ་བྱུང་བ་ཚོང་དཔོན་འཁོར་དང་བཅས་པས་ཁལ་མ་རྣམས་ཆུ་བསྐྱེད་དུ་བཅུག་ནས་མེ་བསད། ནང་པར་ནམ་ལངས་པ་དང་མཆོད་སྡོང་ལྟ་བས་ཆོག་མི་ཤེས་པ་དེ་མཐོང་བས་ཚོང་དཔོན་ཅུང་ཟད་དད་པ་སྐྱེས་ཏེ། དགེ་བ་འདི་བདེན་ན་བདག་སྲིད་པ་གསུམ་ན་ལུས་ཆེ་བ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུས་ཕ་ལྷ་སྲིན་མ་ཀླུ་མོ་ལས་སྐྱེས་པའི་བུ་གླིང་བཞིའི་ཕྱེད་ཁྱབ་ཅིང་སྲིད་པ་གསུམ་ན་ལུས་དང་མཐུ་ཆེ་བར་གྲགས། སེམས་དུལ་བར་མ་གྱུར་པས་གྲིབ་ཀྱིས་དུག་འཛིན་ཞིང་གནོད་པ་དང་བཅས་པར་སོང༌། ལན་ཅིག་དེས་ཟླ་བ་བཟུང་བ་ལས་གསང་བའི་བདག་པོས་རྡོ་རྗེ་བསྣུན་པས་ལུས་དུམ་བུ་བརྒྱད་དུ་སོང་བ་སྡེ་བརྒྱད་ཀྱི་བསྡོང་ཟླ་དང་བཅས་པ་ལ་སྒྲ་གཅན་དུམ་བུ་བརྒྱད་དམ་གཟའ་བརྒྱད་རྒྱུ་དུས་བརྒྱད་སོགས་གྲུབ་པར་འདོད། འདི་ཡུམ་གྱི་ཆ་འཛིན་པས་སྨད་སྦྲུལ་དུ་ཡོད་པ་དང༌། གཟའ་ཀླུ་ཐུན་མོང་ཡིན་པས་ཀླུ་ཆོག་ཤས་ཆེར་དགོས་པ་ཡིན་ནོ། །འདི་དང་རིས་མཐུན་ཉི་མ་སོགས་བདུན་ནི་གཙོ་བོ་སྟེ་སྤྲུལ་པའམ་འཁོར་ནི་མང་ངོ༌། །དེ་ལ་གཟའ་ཆོག་གི་གཏོར་མ་སྦྱིན་པ་དང་བྱེད་དུ་བཅུག་པ་དེ་གྲོལ་བ་གཉིས་ལས། གཟའི་བཅོས་གང་བྱེད་ན་ཡང་དང་པོ་ཀླུ་ཆོག་རྒྱས་བསྡུས་གང་འགྲུབ་དགོས་པ་ཁོའི་ཡུམ་དང་གཟའ་གདོན་རྒྱབ་ཀླུ་ཡིན་པས་དེ་བཅོས་ལ་བསྡོངས་ཟླ་བསལ། དེ་རྗེས་ལ་གཟའ་ནི་ཀླུ་དང་སྲིན་པོ་གཉིས་ཀའི་ཆ་འཛིན་པས་དེ་མཐུན་གྱི་གཏོར་མ་ཡང་ཀླུའི་ཆ་ལ་ཞོ་མར་འོ་སྟེ་དཀར་གསུམ་དང༌། མངར་སྦྲང་བུར་ཀ་ར་གསུམ་ལས་བྱས་པའི་དཀར་གཏོར་ཟླུམ་པོ་འཁོར་བརྒྱད་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ་ཞིག་དང༌། ལྷ་སྲིན་གྱི་ཆ་ལ་ཤ་ཁྲག་གིས་བརྒྱན་པའི་དམར་གཏོར་ཟུར་གསུམ་པ་འཁོར་བརྒྱད་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ་ཞིག་བཤམས་ལ། དཀར་གཏོར་ལ་ཀླུ་སྨན་གྱིས་སྦགས་པའི་ཆུ་དང་དམར་གཏོར་ལ་ཆང་བྲན། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཞེས་པ་སྤྱིར་རྒྱུད་རྣམས་སུ་ཏིང་འཛིན་སྔགས་དང་ཕྱག་རྒྱ་གསུམ་ཞེས་པའི་ཏིང་ངེ་འཛིན་ནི་ཇི་སྐད་བརྗོད་པའི་དོན་རྩེ་གཅིག་བསམ་ཞིང་གཞན་དུ་མ་ཡེངས་པ་སྟེ། འདིར་ཡི་དམ་གང་བྱེད་ཀྱི་མངོན་རྟོགས་ལས་ཚོགས་དང་བཅས་གསལ་བར་བྱེད་པའོ། །སྔགས་ནི་རྩ་སྔགས། ལས་སྔགས། སྙིང་པོ་ཉེ་སྙིང་རྣམས་གསལ་དག་འདོན་པའོ། །ཕྱག་རྒྱ་ནི་གང་དགོས་དེ་ལྷན་ཅིག་པའི་དོན་ལུས་ཀྱི་སྟང་སྟབས་བསྒྱུར་བ་སྟེ་གསུམ་གྱི་སྔ་མ་ཐ་མལ་དུས་ཀྱི་གནས་སྤངས་ནས། ཡི་དམ་སོགས་ཀྱི་རང་བཞིན་དུ་བྱེད་པའོ། །ཐོག་མར་སྐྱབས་སུ་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། དེ་ནས་ཐ་མལ་གྱི་ཞེན་པ་སྦྱང་དོན་དུ་སྭ་བྷཱ་ཝས་སྟོང་པར་སྦྱངས། དེའི་ངང་ལས་གཏོར་མ་དང་མཆོད་རྫས་རྣམས་བྷཱུཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུཾ་ལས་ངོ་བོ་བདུད་རྩིའི་རྣམ་པ་གང་ལ་གང་དགོས་བདེ་བའི་ཡོ་བྱད་དཔག་ཏུ་མེད་པར་བསམ། མངོན་པར་བྱང་ཆུབ་པ་ལྔ་ལས་རང་ཉིད་ལས་བསྙེན་ཐེངས་པའི་ཡི་དམ་བྱུང་ན་ལོག་ཏྲི་སོགས་གསང་བདག་རིགས་གང་མོས་སུ་བསྐྱེད་ཅིང་རྩ་སྔགས་བཟླ་བའམ་སྤྱིར་བཏང་སྐད་ཅིག་གཅིག་གིས་པད་ཟླའི་གདན་ལ་རལ་གྲི་མཱུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རལ་གྲི་དང་གླེགས་བམ་འཛིན་པ་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཟེར་དཔག་མེད་འཕྲོ་བར་བསྒོམས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་མཐིང་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར་པའི་སྤྱི་བོར་ཧཱུཾ་ཡིག་ཞུ་བ་ཐིམ་པས་ལུས་ཐམས་ཅད་ལ་རྡོ་རྗེའི་གོ་ཆ་གྱོན་པར་བསམས་ལ། ཨོཾ་ཝཱ་གཱི་ཤྭ་རི་མུཾ་གྱིས་མཚོན་རྩ་སྔགས་ཅི་རིགས་པར་བཟླས། དེ་ནས་གཏོར་མ་ལ་དམིགས་ཏེ་ཐལ་མོ་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་བྱ། ཨོཾ་སྭ་བྷཱ་ཝ་བི་ཤུངྔྷ་སྶརྦ་དྷརྨཱསྶཱབྷཱ་ཝ་བི་ཤུངྔྷོཉཧཾ། ཞེས་མ་དག་པ་སྦྱངས་ནས་སྟོང་པ་ཉིད་དུ་བསམས་ལ། སྙིམ་པ་སྦྱར་བའི་སོར་ཚིགས་བསྣོལ་བ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པ་མགྲོན་རྣམས་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ནམ་མཁའ་གང་བར་བསམ་ཞིང༌། ཐལ་མོ་སྦྱར་བ་བསྐྱེད་དེ་མཐེ་བོང་བསྣོལ་བ་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། དེ་ནས་གཡས་རྡོ་རྗེ་རྩེ་ལྔ་སྙིང་གར་བཅས་གཡོན་མཆོད་སྦྱིན་འདེགས་པ་ལྟར་བྱ་བ་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་དང༌། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས་འཕགས་པ་ཐམས་ཅད་ཀྱི་སྤྱན་སྔར་མཆོད་སྤྲིན་མཐའ་ཡས་དང༌། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་བསམ། དེ་ནས་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་གཡས་མཆོག་སྦྱིན་མཛད་པ་ཡེ་ཤེས་སྐར་མདའི་ཕྱག་རྒྱ་བྱ། ཨོཾཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་ཨོཾ་སྭ་བྷཱ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལ་ནི་ཧཱུཾ། ཞེས་ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པས་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང༌། སེམས་ཅན་ལ་བྱིན་པས་ཡོ་བྱད་ལ་རྩོད་པ་མེད་ཅིང་མཐུན་པའི་ཡིད་དང་ལྡན་པར་བསམ། དེ་ནས་རྡོ་རྗེ་བསྡམ་པ་དང་བཅས་བསྒྱུར་བ་དང་དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ལ། ན་མཿས་མནྟ་བུདྡྷ་ནཱ་གྲ་ཧེ་ཤཱ་རི་པྲ་བྷ་ཉྫ་ཛ་ཏི་མ་ཧཱ་ས་མ་ཡ་སཱ་ཧཱ། ཞེས་པས་ཐམས་ཅད་ཀྱང་དམ་ཚིག་ལ་གནས་པས་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་བསམས་ཏེ་ཕྱག་རྒྱ་ཕྱོགས་བཅུར་བསྟན་ཅིང་སྔགས་རྣམས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དཀོན་མཆོག་སྲིད་ཞུའི་མགྲོན་ལ་འབུལ། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་དམ་བསྐང༌། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང༌། བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་སྦྱང༌། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག། དམ་ཅན་ཐུགས་དམ་སྐོང་གྱུར་ཅིག། རིགས་དྲུག་འདོད་པ་ཚིམས་གྱུར་ཅིག། ལན་ཆགས་བུ་ལོན་འཁོར་གྱུར་ཅིག། རྣམ་བཞི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་གཏོར་གླུད་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག། ཅེས་བརྗོད་དོ། །གཞུག་ཏུ་གུ་གུལ་གྱིས་ནད་པ་བདུག་ཅིང་ཀེ་ཏ་མང་དུ་བཟླས་ཞེས། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། ཞེས་པ་འདི་མང་དུ་བཟླ། དེ་རྗེས། སྔགས་ཀྱིས་གཟའ་ལ་གཏོར་མ་སྦྱིན། །ཞེས་པ་ཀེ་ཏ་དང༌། གཞན་ཡང་གསེར་མཆན་དུ། ཨོཾ་ཡག་ཤཾ་ཕཊ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། དུར་ཤཾ་ཕཊ། སེ་ཤཾ་ཕཊ། ཕག་ཤཾ་ཕཊ། ཕེ་ཤཾ་ཕཊ། ཕེར་ཤཾ་ཕཊ། ཤར་ཤཾ་ཕཊ། ཏྲག་ཤཾ་ཕཊ། ཙ་ཤཾ་ཕཊ་བ་ལིཾ་ཏ་ཁཱ་ཧི། ཞེས་འབྱུང༌། སྨྲང་གིས་བཀྲོལ་ཞེས་པ་ལ་རྫོང་འཕྲང་དང་མཆན་གཉིས་ཀར་རཱ་ཧུ་ལས་བཟུང་བ་ཐོངས་ཤིགབཅིངས་པ་ཁྲོལ། བརྒྱབ་པ་ཐོན་ཞིག་ཅེས་གཟའ་བརྒྱད་ཀ་ལ་བསྐྱར་རོ་ཞེས་འབྱུང་བས་ལག་ལེན་ལ། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། ཏྲག་ཤཾ་ཕཊ། ཙ་ཤཾ་ཕཊ། བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཞེས་པ་རཱ་ཧུ་ལའི་མེ་གཟའ་ཆུ་གཟའ་སོགས་ནད་བཏགས་ནས། གང་ཤེས་ཀྱི་མེ་གཟའ་ཡིན་ན་མེ་གཟས་ཆེ་གེ་མོ་བཟུང་བ་ཐོངས། བཅིངས་པ་ཁྲོལ། བརྒྱབ་པ་ཐོན་ཞེས་བྱ། དེ་བཞིན་དུ་ཡག་ཤཾ་གྱིས་ཉི་མ། དུར་ཤཾ་གྱིས་ཟླ་བ། སེ་ཤཾ་གྱིས་མིག་དམར། ཕག་ཤཾ་གྱིས་ལྷག་པ། ཕེ་ཤཾ་གྱིས་ཕུར་བུ། ཕེར་ཤཾ་གྱིས་པ་སངས། ཤར་ཤཾ་གྱིས་སྤེན་པ་གོང་གི་རིགས་འགྲེའོ། །གཏོར་མ་སྐྱེལ་དུ་བཏང་ཞེས་པ་ལ་རྫོང་མཆན་གཉིས་ཀར། གཏོར་མ་སྐྱེལ་མི་དེ་རྟ་དམར་ཞུར་ལ་བསྐྱོན། གྲིབ་ཀྱི་སེ་བ་ལྡུམ་བུའམ་སྒྲོ་མགོ་ལ་བཙུགས། འཇག་མའི་ཞྭ་མོ་བསྐོན། དེའི་ཉིན་གྱི་གཟའ་དང་མཐུན་པའི་གོས་གཡོགས། ལག་གཡས་སུ་དམར་གཏོར། གཡོན་དུ་དཀར་གཏོར་བསྐུར་ལ་ཀེ་ཏ་བཟླ་རུ་བཅུགམི་དམར་པོ་ཅིག་གིས་རྟ་སྣ་ཁྲིད་ལ་རི་ཐག་གང་ཉེ་བའི་རྐེད་པར་བསྐྱལ། རྒྱུ་དུས་དང་བསྟུན་པའི་གཏོར་མ་གཏོར་གླུད་དང་བཅས་པ་དེར་བཞག་ལ་ཕྱི་མིག་མི་བལྟ་བར་ལོག་གོ། དེ་རྗེས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་སོགས་ཀྱིས་ཆོས་བཤད། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །ཞེས་སོགས་ཀྱིས་ཕྱིར་བསྐྲད། དམིགས་མེད་དུ་བསྔོས་ཤིང་བརྗོད་པ་རྣམས་སྤྱི་འགྲོ་ལྟར་བྱ། དེ་ཤུལ་ཞེས་དེ་ལྟར་གཏོར་མ་སྐྱེལ་ལ་སོང་བའི་ཤུལ་དུ་ཤུག་པའི་ཤིང་ལེབ་ཆེ་བ་ཞིག་ནད་པ་དེ་དང་རྒྱབ་སྤྲད་དུ་སྦྲགས་ལ་སྟེའུ་ཤུག་པ་ལ་བརྡེག་པ་དང་ཁ་ཤག་ཁ་ཤག་ཞེས་བརྗོད་ཅིང་ནད་པ་དེ་ལ་གཏམ་ཁ་དྲིས་པས་གཏམ་ལན་བརྗོད་ཅིང་དྲན་པ་རྙེད་པར་འགྱུར་རོ། །ཉིན་པར་གཏོར་མ་བྱིན་པ་དེའི་ནུབ་མོ་གཟའི་བྱད་དགྲོལ་ཏེ། སླ་ང་བུག་རྡོལ་མེད་པ་ཆུས་བཀང་བའི་ཁ་གདང་དུ། ཟན་ལ་གཟའ་བརྒྱད་ཀྱི་གཟུགས་བཟོས་ལ་ཁ་དོག་སོ་སོར་བསྒྱུར་བ་ནི། སླ་ངའི་ཤར་དུ་ཉི་མ་སྐུ་མདོག་དམར་པོ་པདྨ་བསྣམས་པ། ལྷོ་རུ་ཕུར་བུ་སེར་པོ་པོ་ཏི་བསྣམས་པ། ནུབ་ཏུ་ཟླ་བ་དཀར་པོ་ཀུ་མུད་བསྣམས་པ། བྱང་དུ་ལྷག་པ་སེར་པོ་ཨུཏྤལ་བསྣམས་པ། ཤར་ལྷོར་མིག་དམར་དམར་པོ་མེ་ཕུང་བསྣམས་པ། ལྷོ་ནུབ་ཏུ་རཱ་ཧུ་ལ་ནག་པོ་བུམ་པ་བསྣམས་པ། ནུབ་བྱང་དུ་པ་སངས་དཀར་པོ་པདྨ་བསྣམས་པ། བྱང་ཤར་དུ་སྤེན་པ་སྔོན་པོ་དབྱུག་པ་བསྣམས་པ་དེ་རྣམས་སླ་ངའི་ཁ་གདང་གི་ཆུའི་ནང་དུ་ཁ་བསྟན་ལ་བཞགརང་རང་གི་མིང་དང་སྙིང་པོ་བྲིས་ལ་གླན་ཞེས་པ། ཤར་ཀྱི་ཉི་མ་ལ་མིང་ཉི་མའི་སྙིང་པོ་ཡག་ཤཾ་ཕཊ། དེ་བཞིན་དུ་ཟླ་བ་ལ་དུར་ཤཾ་ཕཊ། མིག་དམར་ལ་སེ་ཤཾ་ཕཊ། ལྷག་པ་ལ་ཕག་ཤཾ་ཕཊ། ཕུར་བུ་ལ་ཕེ་ཤཾ་ཕཊ། པ་སངས་ལ་ཕེར་ཤཾ་ཕཊ། སྤེན་པ་ལ་ཤར་ཤཾ་ཕཊ། རཱ་ཧུ་ལ་ལ་ཏྲག་ཤཾ་ཕཊ། ཙ་ཤཾ་ཕཊ། ཅེས་པ་སོ་སོའི་མིང་སྙིང་གར་གླན་ཏེ་ཆུ་ནང་དུ་གཟའི་གཟུགས་ཀྱི་གྲིབ་མ་འོང་བར་བྱ། ནད་པར་བྱད་ཐག་བཏགས་ལ་གཟུགས་དང་སྦྲེལ་བ་ནི། བྱད་ཐག་སྔོ་དམར་རམ་གཟའ་སོ་སོའི་མདོག་གི་བྱད་ཐག་ནད་པའི་ན་ཕྱོགས་ཀྱི་སྲིན་ལག་ལ་བཏགས་པ་དང་གཟུགས་རྣམས་སྦྲེལ། སླ་ངའི་ཕྱོགས་བཞིར་མར་མེ་བཞི་བཞག་པས་གཟུགས་རྣམས་ཀྱི་གྲིབ་མ་ཡང་ཆུ་ནང་དུ་འོང་ལ། དེ་ནས་བསྲུང་བཅོས་མཁན་གྱིས་སྐད་ཅིག་དྲན་རྫོགས་སུ་རྣམ་འཇོམས་གསལ་གདབ་སྔགས་མང་དུ་བཟླས་པའི་རྗེས་ལ་ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱཧཱ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་བྱད་བཀྲོལ་ཞིང་བྱད་ཐག་བཅད་པ་ནི་ཡག་ཤཾ་ཕཊ་ཀྱི་ཉི་མ། དུར་ཤཾ་ཕཊ་ཀྱིས་ཟླ་བ། སེ་ཤཾ་ཕཊ་ཀྱིས་མིག་དམར། ཕག་ཤཾ་ཕཊ་ཀྱིས་ལྷག་པ། ཕེ་ཤཾ་ཕཊ་ཀྱིས་ཕུར་བུ། ཕེར་ཤཾ་ཕཊ་ཀྱིས་པ་སངས། ཤར་ཤཾ་ཕཊ་ཀྱིས་སྤེན་པ། ཏྲག་ཤཾ་ཕཊ་ཀྱིས་རཱ་ཧུ་ལ་གདོང༌། ཙ་ཤཾ་ཕཊ་ཀྱིས་མཇུག་མ་སྟེ་སོ་སོའི་སྔགས་ཡོངས་རྫོགས་བརྒྱ་རྩ་བཟླ་བའམ་ཡང་ན་གོང་དུ་བཤད་པའི་གཟའ་སོ་སོའི་སྔགས་ཕོག་ཉིན་གྱི་རེས་གཟའ་དང་བསྟུན་ཀེ་ཏའི་གཤམ་སོ་སོའི་སྔགས་གང་རིགས་ལ་བཟླས་ཤིང་ཉི་མ་ཟླ་བ་དང་མིག་དམར་དང་ལྷག་པ་ཕུར་བུ་པ་སངས་སྤེན་པ་གདོང་མཇུག་གཅིག་ཏུ་བྱས་པའི་རཱ་ཧུ་ལ་བཅས་བརྒྱད་ལ་བྱད་ཐག་ཆོད་ཅེས་སྨྲོས་ཏེ་དམོད་བཅོལ་གྱི་སྒོ་ནས་བཀྲོལ་བྱད་ཐག་བཅད་དེ་ཆུའི་ནང་དུ་བསྐྱུར་རོ། །སླ་ངའི་རྫས་རྣམས་རྫ་མའི་སྣོད་དུ་བྱོ་ལ་ཐོ་རངས་ཆུ་བོའི་གཞུང་དུ་བསྐྱལ་ཞིང༌། རྒྱུ་དུས་བརྒྱད་པོ་འདི་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཞན་མ་ཕྱི་ལྟར་རྒྱུ་བ། ནང་ལྟར་རྒྱུ་བ། གསང་བ་ལྟར་རྒྱུ་བ། ཡབ་ལྟར་རྒྱུ་བ། ཡུམ་ལྟར་རྒྱུ་བ། སྲས་ལྟར་རྒྱུ་བ། སྤྲུལ་པ་ལྟར་རྒྱུ་བ། ཕྱག་བརྙན་ལྟར་རྒྱུ་བ། ཕོ་ཉ་ལྟར་རྒྱུ་བ་འགྱུ་ཆེན་པོ་བཅུ་ཀོང་རྩེར་འཇུག་པ་སོགས་ལའང་སྦྱར་ལ་གཟའ་ཆོག་ཐེབས་རེ་བྱ།

མི་ལྡོག་པའི་ཐབས་ལ་ཟིན་ནས་ཞག་བདུན་སོང་ནས་ཀླུ་བརྒྱད། དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བྱས་ཏེ། སླར་ཡང་དང་པོ་ཟིན་པའི་ཚེས་གྲངས་སམ་ཟླ་བའི་དུས་ཀྱི་ཉིན་ཞག་དེར་རྒྱུ་ཕྱོགས་སུ་བོང་བུའམ་ཕུག་རོན་གསོན་པོ་གླུད་དུ་བྱས་ཏེ་གཏོར་མ་དང་ལྷན་ཅིག་ཏུ་བཏང་ངོ༌། །རྒྱུ་དུས་རྒྱུ་ཕྱོགས་ནི་གཟའ་རྩིས་རིན་ཆེན་འཁོར་ལོའི་ལུང་ལས་ཚེས་གཅིག་ཉི་མ་དམར་ཐག་ཆད་དུས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །གཉིས་ཉི་དྲོས་ཤར་ནས་ནུབ་ཏུ། གསུམ་ཉི་དྲོས་ལྷོ་ནུབ་ནས་བྱང་ཤར་དུ། བཞི་སྲོད་དུས་ནུབ་ནས་ཤར་དུ། ལྔ་ཉི་ཕྱེད་བྱང་ནས་ལྷོ་རུ། དྲུག་སྲོད་ལ་ནུབ་བྱང་ནས་ཤར་ལྷོར། བདུན་ནམ་གུང་ལ་བྱང་ནས་ལྷོ་རུ། བརྒྱད་སྔ་དྲོ་ཤར་ནས་ནུབ་ཏུ། དགུ་སྐྱ་རེངས་ཤར་དུས་ལྷོ་ནས་ནུབ་བྱང་དུ། བཅུ་སྐྱ་རེངས་ཤར་དུས་ལྷོ་ནས་བྱང་དུ། བཅུ་གཅིག་ནམ་གུང་བྱང་ནས་ལྷོ། བཅུ་གཉིས་ཉི་དྲོས་ནུབ་ནས་ཤར་དུ། བཅུ་གསུམ་ཉི་མ་དམར་ཐག་ཆད་དུས་བྱང་ནས་ལྷོ་ནུབ་ཏུ། བཅུ་བཞི་སྐྱ་རེངས་ཤར་ལྷོ་ནས་ནུབ་བྱང་དུ། བཅོ་ལྔ་ཉི་ཕྱེད་ལྷོ་ནུབ་ནས་བྱང་ཤར་དུ། །བཅུ་དྲུག་སྲོད་ལ་བྱང་ཤར་ནས་ལྷོ་ནུབ་ཏུ། བཅུ་བདུན་ཉི་མ་ཕྱེད་ལ་ནུབ་ནས་ཤར་དུ། བཅོ་བརྒྱད་ནམ་ཕྱེད་ཡོལ་ལ་ཤར་ནས་ནུབ་ཏུ། བཅུ་དགུ་ཉི་མ་ཕྱེད་ཡོལ་ལ་ལྷོ་ནས་བྱང་དུ། ཉི་ཤུ་ནམ་ཕྱེད་ཤར་ལྷོ་ནས་ནུབ་བྱང་དུ། ཉེར་གཅིག་ཉི་མ་ཕྱེད་ལ་ནུབ་ནས་ཤར་དུ། ཉེར་གཉིས་ཕྱེད་ཡོལ་བྱང་ནས་ཤར་ལྷོར། ཉེར་གསུམ་ནམ་ཕྱེད་བྱང་ནས་ཤར་ལྷོར། ཉེར་བཞི་ཉི་ཕྱེད་བྱང་ནས་ཤར་ལྷོར། ཉེར་ལྔ་ཐོ་རངས་ལྷོ་ནས་བྱང་དུ། ཉེར་དྲུག་ནམ་གུང་ཤར་ནས་ནུབ་ཏུ། ཉེར་བདུན་ཉིན་གུང་ལྷོ་ནུབ་ནས་བྱང་ཤར་དུ། ཉེར་བརྒྱད་ལ་ཉི་མ་གཅིག་ལ་དུས་བཞིར་བགོས་པའི་ཐོ་རངས་ཤར་ནས་ལྷོ་ནུབ་ཏུ། ཉི་དྲོས་ལྷོ་ནས་བྱང་དུ། ཉིན་གུང་ནུབ་བྱང་ནས་ཤར་ལྷོར། སྲོད་དང་ཕྱེད་ཡོལ་ཤར་ནས་ནུབ་ཏུ། ཉེར་དགུ་ལ་ཉི་མ་དམར་ཐག་ཆད་ནས་བྱང་ནས་ལྷོ་ནུབ་ཏུ། གནམ་གང་ཐོ་རངས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །ཡང་ཉིན་ཞག་གཅིག་ལ་རྒྱུ་དུས་དང་ཕྱོགས་ནི་ཞོགས་ཕྱེད་ནུབ་བྱང་ནས་ཤར་ལྷོར། དྲོས་ཆེ་ན་བྱང་ཤར་ནས་ལྷོ་ནུབ་ཏུ། ཉིན་གུང་ཤར་ལྷོ་ནས་ནུབ་བྱང་དུ། དགུང་ཡོལ་ལ་ཤར་ནས་ནུབ་ཏུ། ཉི་མཚམས་ལྷོ་ནས་བྱང་དུ། སྲོད་ལ་ནུབ་ནས་ཤར། ནམ་གུང་བྱང་ནས་ལྷོར་རྒྱུ་སྟེ་དུམ་བུ་བརྒྱད་དོ། །རྒྱུ་དུས་འགྲོ་ཕྱོགས་སུ་ཡས་བཏང་ཞིང༌། བཟློག་དུས་དང་གདོང་ཐུག་འཛེམ་མོ་ཞེས་བཤད་དོ། །ནད་པ་སོ་སོའི་རྗེས་སུ་སྲུང་བ་ཕ་ཝཾ་ཆོ་ལོང་པ་དང་དུང་ཤོ་བརྒྱད་ཀྱིས་མཐའ་བསྐོར། གོང་བཤད་ཀྱི་དཀར་ཁྲ་མེན་དབུས་སུ་བཞག་པ་ལུས་ལ་བཏགས་པའི་སྲུང་བ་དང༌། ཡུངས་ཀར་ལ་རྣམ་འཇོམས་དང་ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། མང་དུ་བཟླས་པའི་ཡུངས་ཐུམ་བུ་སྐེ་རུ་གདགས། དེ་བྱས་པས་ཕྱིར་མི་བཟློག་ཅིང་བརྟན་པར་ངེས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་གཟའི་གདོན་ནད་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།