སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་བཞི་བ། ངོས་བཟུང་རྟགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2011
རྩ་རྒྱུད། >> ལེའུ་བཞི་བ། ངོས་བཟུང་རྟགས་བསྟན་པ།

གསུམ་པ་ངོས་འཛིན་རྟགས་ཀྱི་རྩ་བ་བཤད་པ་ལ་གསུམ། བཀའ་བསྒོ་བ་དང༌། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། གནས་ལུགས་གཞིའི་རྩ་བ་ལས་འཕྲོས་པའི་དོན་ལྷག་མ་མ་ལུས་པར་གསུངས་ཚར་བའི་རྗེས་ཐོག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་པའོ། ། གཉིས་པ་གཞུང་དངོས་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ནད་ལ་ཞེས་པ་ནས་སྒྲ་རིག་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་ནད་དེ་དག་བྱེ་བྲག་རྣམས་སོ་སོར་ངོས་འཛིན་པའི་ཐབས་བརྟག་ཐབས་ཀྱི་རྩ་བ་ལ་སྡོང་པོ་གསུམ་སྟེ། བལྟ་བའི་སྡོང་པོ། རེག་པའི་སྡོང་པོ། དྲི་བའི་སྡོང་པོ་གསུམ་གྱིས་ནད་ཀྱི་བྱེ་བྲག་མ་འདྲེས་པ་ཡོངས་སུ་ཤེས་པར་བྱའོ། །དེ་ལས་སྡོང་པོ་དང་པོ་ལ་ཡལ་ག་གཉིས་ཏེ། སྨན་པའི་མིག་གིས་བལྟ་བ་ལ་ནད་པའི་ལྕེ་དང་ཆུ་ལ་བརྟག་པར་བྱ་སྟེ། བརྟག་པའི་ཚུལ་འདི་ནི་མིག་གི་མཐོང་བའི་ཡུལ་གཟུགས་ཀྱི་སྒོ་ནས་རིག་པ་ཡིན་པས། ལྕེ་དང་ཆུའི་ཡལ་གའོ། །རེག་པའི་སྡོང་པོ་ལ་ཡལ་ག་གསུམ་སྟེ། སྨན་པའི་སོར་མོས་ནད་པའི་འཕར་རྩ་ལ་རེག་པ་ནི་ནད་དང་ནད་མེད་བརྡ་སྦྱོར་བའི་ངག་འཕྲིན་པ་ལྟ་བུ་ནི་མཁྲིག་མ་དང་ཉེ་བའི་འཕར་རྩ་འདི་ཉིད་ལ་བརྟག་པ་ཡིན་ལ། བརྟག་པ་འདི་ནི་འཕར་ཚུལ་ལ་བརྟེན་ནས་རྣམ་པར་དག་པའི་རྣམ་དཔྱོད་དང་ལྡན་པས་དོན་མ་འཁྲུལ་བར་རིག་པ་ཡིན་ནོ། །དེ་ལྟར་རླུང་དང་མཁྲིས་པ་དང་བད་ཀན་གྱི་རྩའི་ཡལ་གའོ། །དྲི་བའི་སྡོང་པོ་ལ་ཡལ་ག་གསུམ་སྟེ། སྨན་པའི་ངག་གིས་དྲི་བ་ལ་དང་པོ་སློང་རྐྱེན་དང༌། བར་དུ་ན་ལུགས། ཐ་མར་གོམས་པའི་ཟས་སྤྱོད་ལ་འདྲི་བའི་སྒོ་ནས་བརྟག་པ་འདི་ནི་རྣ་བའི་དབང་པོར་ཐོས་པའི་སྒྲའི་སྒོ་ནས་རིག་པ་ཡིན་པས། སློང་རྐྱེན་དང་ན་ལུགས་དང་ཟས་ཀྱི་ཡལ་ག་སྟེ། དེ་ལྟར་བལྟ་རེག་དྲི་བའི་ཡལ་ག་བརྒྱད་ཡོད་དོ། །འདིའི་སྐབས་སུ་སྔ་རབས་(བྲང་ཏི་སོགས་ད་ལྟའི་བྱང་པ་)བ་ཕལ་ཆེར་གྱིས་རེག་པའི་ཡལ་ག་གཅིག་ལས་མ་མཛད་ཅིང༌། དེའི་དོན་གྱིས་ཡལ་ག་བཞི་བཅུ་རྩ་བདུན་གྲངས་མ་འགྲིག་པར་བཞི་བཅུ་རྩ་ལྔ་ཞེས་གཞུང་བསྒྱུར་བ་སོགས་རང་གི་ཉེས་པ་སྒྲིབ་པའི་ཐབས་སྣ་ཚོགས་པ་ཞིག་བྱེད་དགོས་བྱུང་བ་ཡིན་ནོ། ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། བལྟ་བའི་ལོ་མ། རེག་པའི་ལོ་མ། དྲི་བའི་ལོ་མ་བཤད་པའོ། །དང་པོ་ལ་གཉིས། ལྕེ་བཤད་པ་དང༌། ཆུ་བཤད་པའོ། དང་པོ་ནི། རླུང་གི་ཞེས་པ་ནས་འཇམ་ལ་རློན་ཞེས་པའི་བར་གྱིས་བསྟན་ཏེ། ལྕེའི་ཡལ་ག་ལ་ལོ་མ་གསུམ་སྟེ། རླུང་གི་ལྕེ་ནི་ཁ་དོག་དམར་ཞིང་རེག་བྱ་སྐམ་ལ་རྩུབ་པ་ཞིག་འབྱུང་ཞིང༌། མཁྲིས་པའི་ལྕེ་ནི་རེག་བྱ་འབྱར་བག་ཅན་བད་ཀན་དང་འདྲ་བ་ལ་ཁ་དོག་སྐྱ་སེར་འཐུག་པོས་ལྕེ་ཐམས་ཅད་ཁྱབ་པར་གཡོགས་པ་ཞིག་འབྱུང་ལ། བད་ཀན་གྱི་ལྕེ་ནི་ཁ་དོག་སྐྱ་ལ་གླེག་ཅེས་པ་འཐུག་པའི་དོན་ཡིན་པས་མདོག་སྐྱ་ཞིང་འཐུག་པས། དམར་བ་ལ་སོགས་པའི་མདངས་མེད་ཀྱང་རེག་བྱ་འཇམ་ལ་རློན་པ་ཞིག་འབྱུང་སྟེ། ལྕེའི་ལོ་མ་གསུམ་མོ། །གཉིས་པ་ཆུའི་ལོ་མ་ནི། རླུང་གི་ཞེས་པ་ནས་དྲི་རླངས་ཆུང་ཞེས་པའི་བར་གྱིས་བསྟན་ཏེ། རླུང་ནད་ཅན་གྱི་ཆུ་ནི་སྔོ་ལ་སླ་བ་ལུ་མའི་ཆུ་འདྲ་བ་ལ་དཀྲུགས་པའི་ཚེ་ན་ལྦུ་བ་ཆེ་བ་ཞིག་དང༌། མཁྲིས་ནད་ཅན་གྱི་ཆུ་ནི་ཁ་དོག་དམར་སེར་ལ་རླངས་པ་ཆེ་ཞིང་དྲི་མ་དུགས་པ་སྟེ། དྲི་མ་ཤིན་ཏུ་ཆེ་བ་ཞིག་དང༌། བད་ཀན་གྱི་ཆུ་ནི་ཁ་དོག་དཀར་ལ་དྲི་དང་རླངས་པ་ཆུང་བ་ཞིག་སྟེ་ཆུའི་ལོ་མ་གསུམ་མོ། ། གཉིས་པ་རེག་པའི་ལོ་མ་ནི། །རླུང་གི་ཞེས་པ་ནས་དལ་བར་འཕར་ཞེས་པའི་བར་གྱིས་བསྟན་ཏེ། རླུང་གི་ཡལ་ག་ལ་སོར་མོའི་འོག་ཏུ་འཕར་པའི་རྩ་ནི་སྟེང་དུ་ཀྱལ་པ་དང་མནན་ན་སྟོང་ཞིང་སྐབས་སྐབས་སུ་འཕར་མི་ནུས་པར་སྡོད་པ་སྟེ་ལོ་མ་གཅིག་དང༌། མཁྲིས་པའི་ཡལ་ག་ལ་སོར་མོའི་འོག་ཏུ་འཕར་བའི་རྩ་ནི་འཕར་ཚུལ་མགྱོགས་ཤིང་རང་བཞིན་རྒྱས་པ་སྟེ་མནན་ཀྱང་མི་སྡོད་པར་རྟ་རྔ་དྲིལ་པ་བཞིན་དུ་གྲིམས་ལ་ཕྲ་བར་འཕར་བ་སྟེ་ལོ་མ་གཅིག་དང༌། བད་ཀན་གྱི་ཡལ་ག་ལ་སོར་མོའི་འོག་ཏུ་འཕར་བའི་རྩ་ནི་གཏིང་དུ་བྱིང་ཞིང་རྒུད་པ་སྟེ་ཤེད་ཆུང་ལ་དལ་བར་འཕར་པའི་ལོ་མ་གཅིག་དང་བཅས་པས་རླུང་མཁྲིས་བད་ཀན་གྱི་ཡལ་ག་རེ་རེའི་རྩེ་ལ་ལོ་མ་ཡང་རེ་རེའོ། ། གསུམ་པ་དྲི་བའི་ལོ་མ་བཤད་པ་ལ་ཡང་གསུམ། རླུང་གི། མཁྲིས་པའི། བད་ཀན་གྱི་ལོ་མ་བཤད་པའོ། །དང་པོ་ནི། དྲི་བ་ཞེས་པ་ནས་ཕན་པར་ངེས་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པས་དྲི་བའི་སྒོ་ནས་ནད་ངོས་འཛིན་པ་ལ་རླུང་མཁྲིས་བད་ཀན་གསུམ་པོའི་སྐབས་སུ་སློང་རྐྱེན་དང་ན་ལུགས་དང་གོམས་པ་རྣམ་པ་གསུམ་གསུམ་གྱི་སྒོ་ནས་བཤད་དགོས་པ་ལས། དང་པོ་རླུང་གི་སློང་རྐྱེན་ནི་གཉིས་ཏེ། ར་ཤ་དང་ཇ་ལ་སོགས་པ་ཡང་ལ་རྩུབ་པའི་ཟས་སྐོམ་གྱི་རྐྱེན་དང༌། སྨྱུང་བར་གནས་པའི་བྱ་བ་དང་བསེར་བུའི་ངད་ལ་གནས་པ་སོགས་ཡང་ལ་རྩུབ་པའི་སྤྱོད་ལམ་གྱི་རྐྱེན་གཉིས་སོ། །གཉིས་པ་རླུང་གི་ན་ལུགས་ནི་བཅུ་སྟེ། རྐྱེན་དེ་གཉིས་ཀྱིས་བསླང་ནས་ན་ལུགས་ནི། གཡལ་ཞིང་འདར་བ་དང༌། བྱ་རྙོང་དང༌། གྲང་ཤུམ་བྱེད་པ་དང༌། དཔྱི་དང་རྐེད་པ་ན་བ་དང༌། རུས་ཚིགས་མ་ལུས་ན་བ་དང༌། གཟེར་བ་ངེས་མེད་འཕོ་ཞིང༌། སྟོང་སྐྱུགས་བྱེད་པ་དང༌། མིག་ལ་སོགས་པའི་དབང་པོ་མི་གསལ་བ་དང༌། ཤེས་པ་འཚུབ་པ་དང༌། བཀྲེས་པའི་དུས་སུ་ན་ཞིང་ཞེས་པ་སྟེ་ལོ་མ་བཅུའོ། །གསུམ་པ་རླུང་གི་གོམས་པ་ནི། སྣུམ་བཅུད་ཀྱི་ཟས་ཟོས་པས་ཕན་པར་ངེས་པ་གཅིག་པུའོ། །དེ་ལྟར་རླུང་ལ་སློང་རྐྱེན་གཉིས། ན་ལུགས་བཅུ། གོམས་པ་གཅིག་སྟེ་ལོ་མ་བཅུ་གསུམ་མོ། ། གཉིས་པ་མཁྲིས་པའི་དྲི་བའི་ལོ་མ་ནི། རྣོ་ཞིང་ཞེས་པ་ནས་བསིལ་བར་ཕན་ཞེས་པའི་བར་གྱིས་བསྟན་ཏེ། འབྲུ་མར་ལོ་མར་དང་གར་ཆང་ལ་སོགས་པ་རྣོ་ཞིང་ཚ་བའི་ཟས་སྐོམ་གྱི་རྐྱེན་དང༌། མེ་དང་ཉི་མ་ལ་ཡུན་རིང་དུ་བསྲོ་བ་ལ་སོགས་རྣོ་ཞིང༌། ཚ་བའི་སྤྱོད་ལམ་གྱི་རྐྱེན་གཉིས་སོ། །རྐྱེན་དེ་གཉིས་ཀྱིས་བསླང་པའི་ན་ལུགས་ནི། ཁ་ལ་རོ་ཁ་བ་བྲོ་ཞིང་མགོ་བོ་ན་བ་དང༌། ཤའི་དྲོད་སྔར་བས་ཚ་བ་དང༌། ལུས་ཀྱི་སྟོད་ལྷག་པར་གཟེར་བ་དང༌། ཟས་གང་ཟོས་བ་དེའི་ཞུ་རྗེས་ཀྱི་དུས་སུ་ཁྱད་པར་ན་ཞིང་ཞེས་པ་སྟེ་ན་ལུགས་བཞི། བསིལ་བའི་ཟས་སྐོམ་གྱིས་ཕན་པར་ངེས་པ་སྟེ་གོམས་པ་གཅིག་གོ། །དེ་ལྟར་མཁྲིས་པ་ལ་སློང་རྐྱེན་གཉིས། ན་ལུགས་བཞི། གོམས་པ་གཅིག་སྟེ་ལོ་མ་བདུན་ནོ། ། གསུམ་པ་བད་ཀན་གྱི་དྲི་བའི་ལོ་མ་ནི། ལྕི་ལ་ཞེས་པ་ནས་དྲོ་ན་ཕན་ཞེས་པའི་བར་གྱིས་བསྟན་ཏེ། ཕག་ཤ་དང་ལོ་ཤུར་སོགས་ལྕི་ལ་སྣུམ་པའི་ཟས་སྐོམ་གྱི་རྐྱེན་དང༌། རླན་གྱི་སྟེང་དུ་ཉལ་བ་དང་སྐུ་མཉེ་མང་དུ་བྱེད་པ་སོགས་ལྕི་ལ་སྣུམ་པའི་སྤྱོད་ལམ་གྱི་རྐྱེན་གཉིས་སོ། །སྤྱོད་ལམ་དེ་གཉིས་ཀྱིས་བསྐྱེད་པའི་ན་ལུགས་ནི། དང་ཁ་མི་བདེ་བ་དང༌། ཁ་ཟས་གང་ཟོས་ཀྱང་འཇུ་དཀའ་བ་དང༌། ཡང་ཡང་དུ་སྐྱུག་ཅིང་ཁ་མངལ་བ་སྟེ་རོ་མི་གསལ་ལ་བརླན་བག་ཅན་དང༌། ཕོ་བ་མཚིང་བ་སྟེ་བརྒྱངས་པ་ལྟར་ཡང་ཡང་དུ་སྒྲེག་པ་འབྱུང་བ་དང༌། ལུས་སེམས་ལྷན་ཅིག་ཏུ་ལྕི་ལ། ལུས་ཀྱི་ཕྱི་ནང་གཉིས་ཀ་གྲང་བར་སྣང་བ་དང་ཟས་ཟོས་པའི་རྗེས་དེ་འཕྲལ་ལ་མི་བདེ་བ་འབྱུང་བ་སྟེ་དྲུག་གོ། །ཟས་དང་སྤྱོད་ལམ་དྲོ་ན་འཕྲོད་པར་ངེས་པ་སྟེ་གོམས་པ་གཅིག་གོ། །དེ་ལྟར་བད་ཀན་ལ་རྐྱེན་གཉིས་ན་ལུགས་དྲུག །གོམས་པ་གཅིག་སྟེ་ལོ་མ་དགུའོ།། གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བལྟ་བའི་སྒོ་ནས་བརྟག་པ་དྲུག །རེག་པའི་སྒོ་ནས་བརྟག་པ་གསུམ། དྲི་བའི་སྒོ་ནས་བརྟག་པ་ཉེར་དགུ་སྟེ་ལོ་མ་ཡོངས་སུ་དྲིལ་བས་བརྟག་པའི་ཐབས་སུམ་ཅུ་རྩ་བརྒྱད་ཡོད་པ་དེ་ཉིད་ཀྱིས་ནད་དང་ནད་མེད་ཀྱི་ཁྱད་པར་ཤེས་ཤིང་ནད་ཀྱི་བྱེ་བྲག་ཀུན་སོ་སོར་འཁྲུལ་མེད་དུ་ངེས་པར་གཏན་ལ་འབེབས་པ་ཡིན་ནོ་ཞེས་གསུངས་སོ་ཞེས་པའི་དོན་ཏོ། །དེ་ཡང་ལྕེ་དམར་ཞིང་སྐམ་ལ་རྩུབ་པ་དང༌། རྩ་ཀྱལ་སྟོང་སྐབས་སུ་སྡོད་པ་དང༌། ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱིས་བསླང་བ་དང༌། གཡལ་འདར་སོགས་ན་ལུགས་བཅུ་ག་ཚང་བ་དང༌། སྣུམ་བཅུད་ཀྱི་ཟས་སྤྱོད་ཕན་པར་ངེས་པ་རྣམས། ནད་པ་གཅིག་གི་ཐོག་ཏུ་བྱུང་ན་རླུང་རྐྱང་པའི་ནད་དུ་གདོན་མི་ཟ་ལ། མཁྲིས་པའི་ཁྱད་ཆོས་རྣམས་དང་འདྲེས་ན་རླུང་དེ་ཉིད་མཁྲིས་པར་ལྡན་པ་དང༌། བད་ཀན་གྱི་ཁྱད་ཆོས་རྣམས་དང་འདྲེས་ན་རླུང་བད་ཀན་དུ་ལྡན་པ་དང༌། གསུམ་ག་འདྲེས་ན་འདུས་པའི་ནད་དེ་གཞན་ལ་གཉིས་ཀའང་རིགས་འགྲེའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ་ཞེས་བྱ་བའི་དོན་ཏོ།། །།

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 9:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།