སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།



ལེའུ་བཞི་པ།  ཕྱེ་མའི་སྡེ་ཚན་བསྟན་པ། 

ཞི་བྱེད་དང་པོ་ཐང་གི་སྡེ་ཚན་སྦྱར་ཐབས་ཀྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། ཞི་བྱེད་གཉིས་པ་ཕྱེ་མའམ་ཏྲེས་སམ་ཞེས་གྲགས་པའི་སྦྱོར་བའི་སྡེ་ཚན་ལ་ཚ་སེལ་དང་གྲང་སེལ་གཉིས་སུ་ཡོད་པའི་རགས་པ་ལྟར་ན་ཚ་སེལ་ལ་ག་བུར་གཙོ་བོར་བྱས་པ་རྒྱལ་པོ་ལྟ་བུའི་སྦྱོར་བ་དང༌། གུར་ཀུམ་བདུན་པ་སོགས་བློན་པོ་ལྟ་བུའི་སྦྱོར་བ་དང༌། གཙོ་བོ་བརྒྱད་པ་རྗེའུ་ལྟ་བུའི་སྦྱོར་བ་དང༌། ཁ་འཐོར་སྣ་ཚོགས་པ་དམངས་ཀྱི་སྦྱོར་སྡེ་སྟེ་སྡེ་ཚན་རྣམ་པ་བཞིར་ངེས་དགོས་ཤིང༌།

དེ་ཡང་ཚ་བ་ཤིན་ཏུ་སྟོབས་རྒྱས་པའི་ནད་ལ་ཚ་སེལ་ཐམས་ཅད་ཀྱི་སྨན་གྱི་རྒྱལ་པོ་ལྟ་བུ་ག་བུར་ཁོ་ནའི་སྦྱར་ཐབས་བཅུ་གསུམ་བཤད་པ། དེ་ལ་རིགས་ཀྱིས་དབྱེ་ན་མང་ག་བུར། སྟག་ཟིལ་ག་བུར། ཤེལ་ག་བུར་དང་གསུམ་ལས་ཤིང་ཚིང་གིང་ཞེས་པ་ལས་བྱུང་བའི་མང་ག་བུར་ནི་ཁ་དོག་སེར་ཞིང་ངོ་བོ་སྣ་རིང་བ་མཉེན་ལ་ཡང་བའམ། ཡང་ན་ཁ་དོག་དཀར་འཇམ་ཁ་བ་བསྒོངས་པ་འདྲ་ཞིང་ནུས་པ་ནི་འཇམ་ལ་བསིལ་བས་རླུང་ལྡན་གྱི་ཚད་པ་སེལ་བ་འདི་ཕལ་ཆེར་རྒྱ་ནག་ནས་འབྱུང་ཞིང༌། ཤིང་ཀཉྩ་ཞེས་པའི་ཐང་ཆུ། སྟག་ཟིལ་ནི་མདངས་སེར་ཞིང་ངོ་བོ་སུལ་མང་ལ་ཕོ་ཅོང་འདྲ་བ་ནུས་པ་གོང་དུ་སོང་བའི་མང་དེ་བས་ཅུང་ཟད་རྩུབ་ཅིང་ཤེལ་གྱི་ནུས་པ་ལྟར་བསིལ་དྲགས་པ་མ་ཡིན་པས་ན་ཚ་བ་ཀུན་ལ་རྒྱུག་ནའང་འདི་དཀོན། ཤིང་བྷི་མ་ལས་བྱུང་བའི་ཤེལ་ག་བུར་ནི་ཁ་དོག་དཀར་ལ་ངོ་བོ་ཀྲོན་པ་སྟེ་ཁྲོ་ཞིང་སྙི་བ་ཆུ་འཁྱགས་པ་འདྲ་བ་ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས་ཤིང་ཕལ་ཆེར་རྒྱ་གར་ཕྱོགས་ནས་འབྱུང༌།

དེ་ལྟ་བུའི་ག་བུར་དེ་ལ་སྦྱར་བའི་ཐབས་ཀྱང་གོང་བཤད་ལྟར་རྒྱས་པར་བཅུ་གསུམ་ཡོད་ཀྱང་མདོར་བསྡུ་ན་རྣམ་པ་དྲུག་ཏུ་འདུས་ཏེ། མི་རྒོད་ལྟ་བུར་གཅིག་པུར་རྐྱང་རྒྱུགས་སུ་སྦྱར་བ་དང༌། དཔའ་བོ་ལྟ་བུར་དེ་ལ་མཚོན་ཆ་བསྐུར་ཏེ་སྦྱར་བ་དང༌། བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་ཏེ་སྦྱར་བ་དང༌། སྐྱེལ་མ་ལྟ་བུར་དགྲ་དང་ཟུན་ཏེ་གཉེན་དང་སྦྲགས་ནས་སྦྱར་བ་དང༌། དམག་དཔོན་ལྟ་བུར་དཔུང་ཆེན་པོའི་འཁོར་གྱིས་བསྐོར་ཏེ་སྦྱར་བ་དང༌། རྒྱལ་པོ་ལྟ་བུར་ཚོགས་སུ་འདོན་པའི་ཚུལ་དུ་སྦྱར་བ་དང་དྲུག་ཏུ་ཡོད་པ་ལས།

དང་པོ་མི་རྒོད་ལྟ་བུར་རྐྱང་རྒྱུགས་སུ་སྦྱར་བ་ལ། ག་བུར་དེ་ཉིད་ཅུ་གང་དང་བཅས་ཆུར་སྦྱངས་པས་རྒྱས་ཚད་སྟོབས་ཆེན་ཐོག་བབས་སུ་གསོད་པ་ལ་མཆོག་ཏུ་གྱུར་པ་ཡིན་མོད་ནའང༌། རྐྱང་རྒྱུགས་ཀྱི་སྦྱོར་བ་ལ་ཅུ་གང་གྲོགས་སུ་ཡོད་པ་ག་བུར་གྱིས་ནད་བཅོམ་པའི་དཔུང་གྲོགས་ལྟ་བུ་ཡིན་ནམ་སྙམ་ན་དེ་ལྟར་མིན་ཏེ་དཔེར་ན། ཙོ་བོ་རི་ཞེས་པ་མི་རྒོད་གཅིག་གིས་སྲོག་ཆགས་རི་དྭགས་ཆེ་ཕྲ་མང་པོ་གྲོགས་ལ་མ་ལྟོས་པར་འཇོམས་ནུས་པ་བཞིན་ཡིན་ཀྱང༌། ཅུ་གང་གི་གྲོགས་དགོས་པ་ཅིའི་ཕྱིར་ཞེ་ན། ཞང་གཟི་བརྗིད་འབར་གྱིས། སྨན་གྱི་རྒྱལ་པོ་ག་བུར་ཡང༌། །ཅུ་གང་བློན་གྱིས་མ་བསྒྱུར་ན། །ནུས་པ་རྩུབ་པས་ཚ་བར་ལྡོག། ཅེས་དང༌། མན་ངག་རྒྱུད་ལས། སྦུད་པ་གྲང་ཡང་མེ་ཡི་གྲོགས་སུ་འགྱུར། །ཞེས་གསུངས་པ་དང་མཐུན་པས་ག་བུར་གྱི་རྩུབ་ནུས་ཧ་ཅང་ཆེ་བ་ཅུ་གང་གིས་མནན་ནས་མཉན་གྱོང་རན་པས་ཚ་བ་ལ་དེ་ལས་ཀྱང་ཕན་པར་འགྱུར་བས་ན། ག་བུར་གྱི་སྦྱོར་སྡེ་ཀུན་ལ་དེ་ལྟར་ཤེས་པར་གྱིས།

སྦྱོར་བ་གཉིས་པ་ག་བུར་དཔའ་བོ་འདྲ་བ་དེ་ལ་མཚོན་ཆ་བསྐུར་བའི་ཚུལ་ནི་འཁྲུགས་ཀྱི་གཉེན་པོར་ཙན་དན་དཀར་པོ། རིམས་ཀྱི་གཉེན་པོར་བོང་ང་དཀར་པོས་ཁ་བསྒྱུར་ཞིང་སྨན་རྟ་ཀ་ར་སྦྱར་ལ་གངས་ཆུས་དབུལ་བ་ག་བུར་རྒྱལ་བློན་གསུམ་པ་ཞེས་བྱ་བ་རིགས་གཉིས་ཏེ། འཁྲུགས་དང་རིམས་ཀྱི་ཚ་བ་རྒྱས་པ་མཐའ་དག་རོལ་དུ་གསོད་པར་ནུས་སོ། །

སྦྱོར་བ་གསུམ་པ་གོང་གི་ག་བུར་རྒྱལ་བློན་གསུམ་པ་དེ་ལ་བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་བ་ནི་མཚོན་ཆས་ཕྱེ་བའི་རྒྱལ་བློན་རིགས་གཉིས་སོ་སོར་གུར་ཀུམ་དང་གི་ཝཾ་བསྣན་པའི་རྒྱལ་བློན་ལྔ་པ་གཉིས་དང༌། དེའི་སྟེང་དུ་གླ་རྩི་དང་དོམ་མཁྲིས་བསྣན་པའི་རྒྱལ་བློན་བདུན་པ་གཉིས་ཏེ། སྦྱོར་བ་བཞི་པོ་འདི་ནི་འཇམ་པས་རླུང་མི་འཁྲུག་ཅིང་འཁྲུགས་དང་རིམས་ཀྱི་ཚ་བ་གོང་བཤད་ལྟར་སོ་སོས་འཇོམས་པར་བྱེད་ལ། འདི་ནི་དཔེར་ན་རྒྱལ་པོའི་བཙུན་མོ་དེ་ཉིད་རང་འདོད་པའི་སྐྱེད་ཚལ་དུ་འགྲོ་བའི་ཚེ་བུད་མེད་གཞན་བློ་མཐུན་གྱི་གྲོགས་དང་བཅས་ཏེ་འགྲོ་བ་ལྟར་སྦྱོར་བ་བཞི་པོ་འདི་ཡང་དེ་དང་མཚུངས་སོ། །

སྦྱོར་པ་བཞི་པོ་སྐྱེལ་མ་ལྟ་བུར་ག་བུར་ལྔ་བདུན་དེ་གཉིས་ཡོས་ཆང་ནར་སོན་པ་རྒྱབ་མེད་དང་སྦྱར་བ་ནི་ཚད་རླུང་འཐབས་པའི་རི་ཐང་མཚམས་སུ་རླུང་ཚད་དུས་གཅིག་ཏུ་འཇོམས་པར་བྱེད་པས་དཔེར་ན་རང་འདོད་པའི་ཡུལ་དུ་འགྲོ་བ་ལ་ཕ་རོལ་དགྲ་ཟུན་ཏེ་གཉེན་དུ་གྱུར་པ་ཞིག་གིས་སྐྱེལ་མ་འཁྲིད་པས་དགྲ་དང་འཕྲད་ཀྱང་སྐྱོན་མེད་པ་ལྟར། ག་བུར་ཚད་པའི་ཐོག་ཏུ་འགྲོ་བ་ལ་ལམ་དུ་རླུང་དགྲ་ལྟ་བུ་ཡོད་པས་སྐྱེལ་མ་དང་འདྲ་བའི་ཚད་རླུང་སེལ་བར་བྱེད་པའི་གྲོགས་དང་བསྡེབས་ན། ག་བུར་གྱི་ནུས་པ་ཚད་པའི་སྟེང་དུ་ཐོགས་མེད་དུ་འགྲོ་བ་ཡིན་ནོ། །

སྦྱོར་བ་ལྔ་པ་ག་བུར་དམག་དཔོན་ལྟ་བུ་དེ་ལ་འཁོར་གྱིས་བསྐོར་བའི་སྦྱོར་བ་ལ། ག་བུར་བདུན་པ་དང༌། ག་བུར་དགུ་པ་དང༌། ག་བུར་བཅུ་བཞི་པ་སྟེ་སྦྱོར་བའི་ཐབས་གསུམ་བསྟན་པ་ནི། ག་བུར་བདུན་པའི་སྦྱོར་བ་ག་བུར་དང༌། ཙན་དན་དཀར་པོ་དང༌། གི་ཝཾ་ཅུ་གང་གུར་ཀུམ་ཧོང་ལེན་དང༌། ཏིག་ཏ་དངོས་དང་དེ་མིན་རིགས་བཞི་པོ་གང་རུང་རྣམས་ཀ་ར་དཀར་པོ་གཙོ་བོ་ག་བུར་གྱི་བཞི་འགྱུར་དུ་སྦྱར་བའི་ཟླ་བསིལ་འཆི་མེད་ཀྱི་སྦྱོར་བ་འདི་བཏང་བས་སྟོད་གཟེར་དང་འཁྲུགས་ཀྱི་ཚད་པ་རྒྱས་པའི་རིགས་སེལ་བར་བྱེད་དོ། །ག་བུར་དགུ་པའི་སྦྱོར་བ་ལ། ག་བུར། ཙན་དན་དཀར་པོ། ཅུ་གང་དང་གུར་ཀུམ། དོམ་མཁྲིས་ཏིག་ཏ་ལི་ག་དུར་ཧོང་ལེན་རྒྱ་སྐྱེགས་ཏེ་རྒྱ་ཚོས་རྣམས་ཀ་ར་དང་བཅས་སྦྱར་བའི་བདུད་རྩི་བསིལ་ཞུན་གྱི་སྦྱོར་བ་འདིས་འགྲམས་འཁྲུགས་ཀྱི་ནད་དང༌། སྟོད་གཟེར་ལུད་པ་དམར་སེར་དང་དུད་ཁུར་ལུ་བ་འཇོམས་སོ། །བཅུ་བཞི་པ་ནི། ག་བུར་དང་ཅུ་གང་གུར་ཀུམ་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་པོ་དྲུགཙན་དན། བསེ་རུ་ལ་སྤྱིར་དཀར་ནག་ཁྲ་གསུམ་ཡོད་ཀྱང་དཀར་པོ་མཆོག་ཏུ་བསྔགས་ཤིང་མ་རྙེད་ན་གཞན་གཉིས་པོས་ཀྱང་ཚབ་རུང༌། ཨུཏྤལ་ཞེས་པ་ཆེ་ཆུང་གཉིས་སམ་དཀར་སེར་སྔོ་གསུམ་དུ་ཡོད་པའི་འདིར་སྔོན་པོ། ཨ་ག་རུ་ནག་པོ། གླ་རྩི། ལི་ག་དུར། ཏིག་ཏ་སྟེ་རྒྱ་ཏིག་བྱུང་ན་དང༌། དེ་མིན་གང་རུང་རྣམས་ཀ་ར་དང་བཅས་སྦྱར་བའི་རིན་ཆེན་ཞགས་པའི་སྦྱོར་བ་ཞེས་གྲགས་པ་འདིས་ནི་རིམས་རྒྱས་པའི་ལུས་ལྕི་དང་དྲན་པ་ཉམས་པས་འབོག་པ་དང་ངག་ལྐུགས་པ་རྣམས་སེལ། སྦྱོར་བ་འདི་གསུམ་ནི་དམག་དཔོན་དཔའ་དར་མཛངས་གསུམ་དང་ལྡན་པ་ལ་དམག་མི་དཔའ་རྩལ་དང་ལྡན་པ་མང་པོའི་འཁོར་དང་བཅས་ན་དགྲའི་གཡུལ་ལས་རྒྱལ་བ་ལྟར་ག་བུར་བསིལ་ནུས་དང་ལྡན་པའི་སྟེང་བསིལ་སྨན་གཞན་མང་པོ་བསྡེབས་ཏེ་བཏང་བས་ཚད་པའི་ནད་གྱི་གཡུལ་ལས་རྒྱལ་བ་ཡིན་ནོ། །

སྦྱོར་བ་དྲུག་པ་ག་བུར་རྒྱལ་པོ་ལྟ་བུ་འཁོར་ཚོགས་དང་བཅས་ཉི་ཤུ་རྩ་ལྔ་སྦྱར་བ་ནི་ག་བུར་དང༌། ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་དྲུགཨ་ག་རུ་ནག་པོ། ཙན་དན་དཀར་དམར། ཨུཏྤལ་སྔོན་པོ། ནཱ་ག་དང་པདྨ་སྟེ་གེ་སར་གཉིས་དང༌། རུ་རྟ་དང་ཟི་ར་དཀར་པོ། བ་ལེ་ཀཤིང་ཚ། ཆུ་སྲིན་སྡེར་མོ་དངོས་ཀོ་ལའི་འདབ་མ་འམ་ན་གི་དང༌། མ་རྙེད་ན་སྔོ་ཆུ་སྲིན་སྡེར་མོ། པུ་ཤེལ་ཙེ། སྤང་སྤོས། ཕ་བོང་ལོགས་ཀྱི་རྡོ་དྲེག་དམར་པོ། འབུ་སུ་ཧང༌། དེ་རྣམས་ཀྱི་སྟེང་དུ་ཚ་གྲང་སྐབས་དང་སྦྱར་ནས་ཚ་བ་རྐྱང་པ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། གྲང་བ་དང་འདྲེས་པ་ལ་ཚ་བ་སྒ་པི་པི་ལིང་ཕོ་བ་རིས་གསུམ་གྱིས་ཁ་བསྒྱུར་ལ་ཀ་ར་དཀར་པོ་དྲུག་འགྱུར་དུ་སྦྱར་བ་དེས་ནི་དོན་ལྔ་སྣོད་དྲུག་ཤ་དང་པགས་པ་རྩ་རུས་པ་རྣམས་ལ་ཞུགས་པའི་ཚད་པ་དང༌། འགྲམས་འཁྲུགས་རིམས་དུག་ལ་སོགས་པའི་ཚད་པ་གསར་རྙིང་མཐའ་དག་དང༌། དྲེག་དང་གྲུམ་བུ་དང་མེ་དབལ་དང་བྱང་ཁོག་ལ་ཐིགས་ཟགས་པས་རྣག་སོགས་མདོར་ན་ལུས་ལ་གནས་པའི་ཚད་པ་མ་ལུས་པ་འཇོམས་ཤིང༌། ཁྱད་པར་ཚད་པ་རྙིང་པ་བྱེར་བ་རྣམས་གཏིང་ནས་འདོན་པར་བྱེད་པ་ལ་མཆོག་ཏུ་གྱུར་པ་ཡིན་ཏེ། དཔེར་ན་སྟོབས་འབྱོར་དང་ལྡན་པའི་རྒྱལ་པོ་དེའི་ཆབ་འོག་ན་བློན་འཁོར་དྲག་ཞན་བར་མ་དཔའ་བརྟུལ་ཡོན་ཏན་ཆེ་ཕྲ་བསམ་གྱིས་མི་ཁྱབ་པ་ཡོད་པས། རྒྱལ་ཕྲན་གཞན་དང་དགྲ་ཕྱོགས་སོགས་གང་གིས་ཀྱང་འགྲན་པར་མི་ནུས་པ་ལྟར། ག་བུར་དེ་ཉིད་བསིལ་བའི་མཐུ་སྟོབས་དང་ལྡན་པ་ལ་སྨན་གཞན་བསིལ་དྲོད་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ཐུན་མོང་དུ་སྦྱར་བས་ཚ་བའི་ནད་རིགས་གང་ཡང་རྩ་བ་ནས་དབྱུང་བར་བྱེད་པ་གཏིང་འདོན་རྒྱལ་པོའི་སྦྱོར་བ་འདི་ལ་ཚ་གྲང་དང་བསྟུན་པའི་འབྲས་བུ་གསུམ་གྱིས་ཁ་བསྒྱུར་བ་དང༌། ཚ་བ་གསུམ་གྱིས་ཁ་བསྒྱུར་བའི་སྦྱོར་བ་གཉིས་དང༌། གོང་དུ་མི་རྒོད་ལྟ་བུ་གཅིག མཚོན་ཆ་ལྟ་བུ་གཉིས། བཙུན་མོ་ལྟ་བུ་བཞི། སྐྱེལ་མ་ལྟ་བུ་གཅིག དམག་དཔོན་ལྟ་བུའི་སྦྱོར་བ་གསུམ་སྟེ་རྒྱལ་པོ་ག་བུར་གྱི་སྦྱོར་བ་བཅུ་གསུམ་མོ། །

བློན་པོ་ལྟ་བུའི་སྦྱོར་བ་ཞེ་གཉིས་ཡོད་པ་ལས། ཐོག་མར་གུར་ཀུམ་བདུན་པའི་སྦྱོར་བ་བཅུ་བཞི་ལས། དང་པོ་ཁ་ཆེའི་གུར་ཀུམ། ཅུ་གང་གི་ཝཾ་སྟེ་གསུམ་པོ་ནི་གཙོ་བོ་སྟེ་མི་འགྱུར་བ་གཞིར་བཞག་ལ། དེའི་སྟེང་དུ་ཛཱ་ཏི་དང་ཨ་ག་རུ་ནག་པོ་དང༌། སྙིང་ཞོ་ཤརུ་རྟ་སྟོད་ནས་འོང་བ་དངོས་བཅས་བཞི་བསྡེབས་པས་སྙིང་གི་ཚད་པ་སེལ་བའི་གུར་ཀུམ་བདུན་པ་དང༌། གོང་གི་གཙོ་བོ་གསུམ་པོའི་སྟེང་ཤིང་མངར། རུ་རྟ་དང༌། རྒུན་འབྲུམ་དང༌། ཨ་ཀྲོང་ནི་རིགས་རྣམས་ལས་རྩ་ནག་ཚང་ནས་འབྱུང་བ་མཆོག་ཏུ་བསྔགས་པ་བཅས། དེ་བཞི་བསྡེབས་པས་གློ་བའི་ཚད་པ་སེལ་བར་བྱེད་པའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་པོའི་སྟེང༌། ཨུཏྤལ་སྔོན་པོ་དང༌། བ་ཤ་ཀ་དང༌། པྲི་ཡང་ཀུ་སྟེ་རིགས་ཕོ་མོ་གང་རུང་བྲག་ཞུན་བཅས་བསྡེབས་པས་མཆིན་པའི་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། གསེར་གྱི་མེ་ཏོགལི་ཤི། ཨ་རུ་ར། པི་པི་ལིང་བཅས་བསྡེབས་པས་མཆེར་པའི་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། སུག་སྨེལ། བྲག་ཞུན། ཤུག་པ་ཚེར་མ་ཅན་དང༌། ཨ་རུ་ར་བཅས་བསྡེབས་པས་མཁལ་མའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། དོམ་མཁྲིས། བྲག་ཞུན། བོང་ང་དཀར་པོ་དང༌། པྲི་ཡང་ཀུ་བཅས་བསྡེབས་པས་ཕོ་བ་དང་མཆིན་པའི་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། དུག་ཉུང༌། བོང་དཀར། ལི་ག་དུར། བ་ལེ་ཀ་བཅས་ཨིནྡྲ་བཞི་བསྡེབས་པས་རྒྱུ་ལོང་སྣོད་ཚད་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་གྱི་སྟེང་ཤིང་མངར་དང༌། ལི་ག་དུར་དང༌། རེ་སྐོན་པ་དང༌། དོམ་མཁྲིས་བཅས་བཞི་བསྡེབས་པས་རྩའི་ཚད་པ་སེལ་བའི་གུར་གུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། སྤྱི་ཞུར་དང༌། འདམ་བུ་ཀ་ར་དང༌། སྦལ་རྒྱབ་སྨུག་པོ་དང༌། གངས་ཐིགས་ལ་ནོར་འཕྲང་མེད་ཅིང༌། མིང་ལྷ་ཞོར་གྲགས་པ་དེ་བཅས་བཞི་བསྡེབས་པས་རུས་པའི་ཚད་པ་སེལ་བར་བྱེད་པའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། སླེ་ཏྲེས་དང༌། ཛཱ་ཏི་དང༌། སྒོག་སྐྱའི་ཐལ་བ་དང༌། གུ་གུལ་ནག་པོ་རྣམས་བསྡེབས་པས་རླུང་གི་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་ཏིག་ཏ། གསེར་གྱི་མེ་ཏོགདུག་མོ་ཉུང༌། བོང་ང་དཀར་པོ་བསྡེབས་པས་མཁྲིས་པའི་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང་བསེ་ཡབ་གང་རིགས་དང་སེ་འབྲུ། མ་ནུ་པ་ཏྲ་དང༌། སྐྱ་རྦབ་ལ་འུ་སུའམ། སྨུག་པོར་སྟར་བུ་རྣམས་བསྡེབས་པས་བད་ཀན་ཚ་བ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། ཧོང་ལེན། བ་ཤ་ཀ་དང༌། རེ་སྐོན་པ། སྤང་རྩི་དོ་བོ་རྣམས་བསྡེབས་པས་ཁྲག་དང་ཚད་པ་སེལ་བའི་གུར་ཀུམ་བདུན་པ། ཡང་གཙོ་བོ་གསུམ་སྟེང༌། དེ་བ་ཞེས་པ་ཤིང་འདེལ་བའམ་སྔོ་སྨན་མཐིང་མདོག་གང་རུང་མ་རྙེད་ན་ཤིང་ཤོལ་པོ་ཟེར་བ་སྦྱར་པ་དཀར་པོའི་ཤུན་པས་ཚབ་ཏུ་རུང་བར་གཞུང་རྣམ་དག་མང་པོ་ནས་བཤད་པ་དང༌། གསེར་གྱི་མེ་ཏོག ལི་ག་དུར། པར་པ་ཏ་རྣམས་བསྡེབས་པས་རིམས་ཀྱི་ཚད་པ་སེལ་བའི་གུར་ཀུམ་བདུན་པ་སྟེ། དེ་དག་ཀུན་ལ་ཡང་ཀ་ར་དཀར་པོ་བཞི་འགྱུར་དུ་སྦྱར་བའི་གུར་ཀུམ་བདུན་པ་རྣམས་བསྡོམས་པའི་རིགས་བཅུ་བཞི་པོ་འདིས་ནི་ཚ་བའི་ནད་ཚབས་ཆུང་བ་ཀུན་སེལ་ཞིང༌། ཁྱད་པར་བྱིས་པ་དང་ཟུངས་ངན་པ་ལ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་གོང་གི་གུར་ཀུམ་བདུན་པ་རིགས་བཅུ་བཞི་པོ་དེ་དག་རེ་རེ་ལ་ཙན་དན་དཀར་པོ་བསྣན་པས་ཙན་དན་བརྒྱད་པའི་སྦྱོར་བ་རིགས་བཅུ་བཞི་འབྱུང་སྟེ། ཚད་སྟོབས་འབྲིང་སེལ་བ་ལ་མཆོག་ཏུ་གྱུར་པ་ཡིན་ཞིང༌། ཙན་དན་བརྒྱད་པ་རིགས་བཅུ་བཞི་པོ་དེ་དག་རེ་རེའི་སྟེང་དུ་ག་བུར་བསྣན་པས་ག་བུར་དགུ་པ་རིགས་བཅུ་བཞི་འབྱུང་བ་ཟུངས་བཟང་གི་ཚད་པ་ཚབས་ཆེན་སེལ་བ་ལ་མཆོག་ཏུ་གྱུར་པ་ཡིན་པ་སོགས་སྦྱོར་བ་བཅུ་བཞི་པོ་ཕྲག་གསུམ་བསྡོམས་པས་བློན་པོ་གུར་ཀུམ་གྱི་སྦྱོར་བ་བཞི་བཅུ་རྩ་གཉིས་སོ། །དེ་དག་སོ་སོའི་ཕན་ཡོན་ནི་གོང་དུ་རིམ་པར་བཤད་པ་ལྟར་དོན་སྣོད་རྩ་རུས་རླུང་མཁྲིས་བད་ཀན་ཁྲག་རིམས་སོགས་ཀྱི་ཚ་བ་ཐ་མ་ནི་གུར་ཀུམ་བདུན་པ་རྣམས་དང༌། འབྲིང་ནི་ཙན་དན་བརྒྱད་པ་རྣམས་དང༌། རབ་ནི་ག་བུར་དགུ་པ་རྣམས་ཀྱིས་སེལ་བར་ངེས་སོ། །

རྗེའུ་ཞེས་པ་འཆི་མེད་མཛོད་ལས། བརླ་བྱུང་བརླ་སྐྱེས་ཇོ་བོ་དང༌། །རྗེ་རིགས་ས་རེག་རྗེ་འུ་འོ། །ཞེས་སྤྱིར་མི་རིགས་བཞིའི་དུས་འབངས་ལ་དཔྱ་ཁྲལ་བསྡུས་ནས་འཚོ་བ་རྣམས་རྒྱལ་རིགས། དེ་ལས་དམའ་བ་ཚོང་སོགས་ཀྱིས་འཚོ་ཞིང་འབྱོར་པ་དང་ལྡན་པ་ཁྲལ་བསྡུ་རྒྱུ་མེད་པ་ལ་རྗེ་རིགས། གཙང་སྦྲ་དང་ལྡན་པ་ལ་བྲམ་ཟེའི་རིགས། སོ་ནམ་སོགས་ཞིང་པས་འཚོ་བ་ལ་དམངས་རིགས། རྔོན་པ་སོགས་ལ་བརྟེན་འཚོ་དགོས་པ་གདོལ་པའི་རིགས་སོགས་བཤད་པས། དོན་རྒྱལ་པོ་ལས་རིགས་དམན་ཞིང་དམངས་ལས་རིགས་མཐོ་བ་རྗེའུ་ལྟ་བུའི་སྦྱོར་བ་བཅུའི་གཙོ་བོ་འདྲ་འདྲ་བརྒྱད་ཀྱིས་བྱ་བ་གཅིག་ལྷན་ཅིག་ཏུ་སྒྲུབ་པ་དང་འདྲ་བའི་སྦྱོར་བ་གཅིག་དང༌། དེ་ལ་ཁ་བསྒྱུར་དགུ་བཅས་བཅུ་ཡོད་པའི་གཙོ་བོ་བརྒྱད་ནི། བསིལ་གྱི་གཙོ་བོ་གི་ཝཾ་དང་ཙན་དན་དཀར་པོ་གཉིས། རྩིའི་གཙོ་བོ་ཅུ་གང་ཁ་ཆེའི་གུར་ཀུམ་གཉིས། ཐང་གི་གཙོ་བོ་ཏིག་ཏ་དང་བ་ཤ་ཀ་གཉིས། སྔོའི་གཙོ་བོ་ཧོང་ལེན་དང་བོང་ང་དཀར་པོ་གཉིས་ཏེ་བརྒྱད། ཀ་ར་དཀར་པོ་བཞི་འགྱུར་གྱི་རྟ་ལ་བསྐྱོན་ཏེ་བཏང་བས་དོན་ལྔ་དང་སྣོད་དྲུག་སྤྱི་དང་ཁྱད་པར་གློ་བ་དང་མཆིན་པར་ཁྲག་མཁྲིས་དང་འཁྲུགས་དང་རིམས་ཀྱི་ཚད་པ་གསར་རྙིང་མ་ལུས་པ་འཇོམས་པར་ངེས་ཀྱང༌། དེ་ལ་གཙོ་བོ་བརྒྱད་ཀྱི་སྦྱོར་ཚད་དང་གཙོ་བོ་གང་ཡིན་སོགས་ལ་བཞེད་ཚུལ་མང་ཡང༌། སྤྱིར་བཏང་གཙོ་བོ་བརྒྱད་པ་ཆ་མཉམ་དང༌། དོན་སྙིང་ལ་ཚད་པ་ཞུགས་ན་ཙན་དན་དཀར་པོ་ཐུན་ལོགདེ་བཞིན་དུ་སྣོད་ཚད་ལ་གི་ཝཾ། གློ་ཚད་ལ་ཅུ་གང༌། མཆིན་ཚད་ལ་གུར་ཀུམ། མཁྲིས་ཚད་ལ་ཏིག་ཏ། ཁྲག་ཚད་ལ་བ་ཤ་ཀ འཁྲུགས་ཚད་ལ་ཧོང་ལེན། རིམས་ཚད་ལ་བོང་དཀར་རྣམས་ཐུན་ལོག་ཏུ་བཏང་བའི་གཙོ་བོ་བྱེད་ཅིང༌། དེ་དག་གཞིར་བཞག་ནས་འཁོར་གྱིས་ཁ་བསྒྱུར་ནི། ཚ་བ་སྟོབས་ཆེ་བར་དེའི་སྟེང་དུ་ག་བུར་རིགས་གསུམ་གང་རིགས་ནད་དམིགས་དང་སྦྱར་ཏེ་བསྣན་པ། གློ་མང་དུ་སོར་ན་ཤིང་མངར་དང་ཨ་ཀྲོང་བསྣན་པ། གློ་འགོགས་པ་དཀའ་ན་སྟར་བུ་དང་རུ་རྟ་བསྣན་པ། ལུད་པའི་ཁ་དོག་དམར་ན་མཚལ་དང་དོམ་མཁྲིས་བསྣན་པ། སེར་ན་དོམ་མཁྲིས་དང་གསེར་གྱི་མེ་ཏོག་བསྣན་པ། ལུད་པ་དུད་ཁུར་ལུ་ན་ལི་ག་དུར་དང་གླ་རྩི་བསྣན་པ། ལུད་པ་སྐྱ་གསོབ་ལ་ཛཱ་ཏི་དང་སྒོག་སྐྱ་ཨ་གར་རྣམས་བསྣན་པ། གཉན་གཟེར་ལ་གླ་རྩི་དང་གུ་གུལ་ནག་པོ་དང་ཕྱག་རྒྱུན་ལ་འཛིན་པ་བསྣན་པ། རིམས་རྒྱས་མིག་ཆུ་མདོག་སེར་ལ་ཟ་ཟི་མང་ན་ཤིང་དང་སྔོ་དེ་བའམ་སྦྱར་པས་ཚབ་རུང་བ་དང༌། གསེར་གྱི་མེ་ཏོགཔར་པ་ཏ། ག་དུར། ཨ་རུ་ར་བཅས་བསྣན་པས། རིམས་ཀྱི་ནད་ལ་དེ་བ་ལྔ་སྦྱོར་མཆོག ཅེས་པ་འདིས་འཇོམས་པ་ཡིན་ཅིང༌། དེ་ལྟར་བཤད་པས་གོང་གི་གཙོ་བོའི་སྦྱོར་བ་གཅིག་དང༌། ཁ་བསྒྱུར་གྱི་སྦྱོར་བ་དགུ་བཅས་རྗེའུ་གཙོ་བརྒྱད་ཀྱི་སྦྱོར་བ་བཅུ་པོ་དེས་ནི་ཚད་གཟེར་འཁྲུགས་སོགས་ཕལ་ཆེ་བ་འཇོམས་པར་ངེས་པ་ཡིན་ནོ། །

སྦྱོར་སྡེ་སྣ་ཚོགས་པའམ་ཁ་འཐོར་བ་དམངས་དཀྱུས་མ་ལྟ་བུའི་སྦྱོར་བ་སུམ་ཅུ་སོ་གཅིག་ལས་ཐོག་མར་ནི། ཨ་ག་རུ་ནག་པོ་དང༌། ཛཱ་ཏི་དང་སྙིང་ཞོ་ཤཅུ་གང་དང༌། སྤོས་དཀར་དང༌། རུ་རྟ། ཨ་རུ་ར་དང༌། ནཱ་ག་གེ་སར་རྣམས་དང་ཀ་ར་གསུམ་འགྱུར་དུ་སྦྱར་བའི་ཨ་གར་བརྒྱད་པ་འདིས་སྙིང་ཚིལ་ལ་མཚོན་ཕོག་པ་བཅོས་གླགས་ཡོད་པ་དང༌། གཞན་ཡང་སྙིང་དེ་འགྲམས་པ་དང་འཁྲུགས་ལ་སོགས་ཀྱི་རིགས་སྨྱོ་བ་ལྐུགས་པ་ནུ་མ་དང་མཆིན་པ་གཟེར་བ་སོགས་འཇོམས། ཙན་དན་དཀར་པོ་དང༌། བསིལ་གསུམ་ནི། རྒྱུད་དུ་བསིལ་གསུམ་ཞེས་སྐབས་ཅུ་གང་གུར་ཀུམ་གཉིས་གཞིར་བཞག་སྟེང༌། སྟོད་ལ་ལི་ཤི། སྨད་ལ་སུག་སྨེལ་བསྣན་དགོས་ཤིང༌། བསིལ་བཞི་ཞེས་བྱུང་ན་གཉིས་ཀ་བསྣན་དགོས། འདིར་ལི་ཤི་བསྣན་དགོས་དང༌། ལི་ག་དུར་དང༌། སྲོ་ལོ་དཀར་པོ་རྒུན་འབྲུམ་དང་ཤིང་མངར་བཅས་ཙན་དན་བརྒྱད་པ་ཀ་རའི་རྟ་དང་སྦྱར་བས་གློ་ཚད་དང་རྣག་ཁྲག་སེལ། དེ་སྟེང་ལ་སྟར་བུ་དང་རུ་རྟ་གཉིས་བསྣན་པའི་ཙན་དན་བཅུ་པས་གློ་འགོགས་དཀའ་བའི་རྣག་རྣམས་འདྲེན། གི་ཝཾ་དང་གུར་ཀུམ་དང་ཨུཏྤལ་བ་ལེ་ཀཏིག་ཏ་དང་བྲག་ཞུན་དང་རུ་རྟ་དང་བ་ཤ་ཀ་དང༌། གསེར་གྱི་མེ་ཏོག་རྣམས་དང་ཀ་ར་བཅས་པའི་གི་ཝཾ་དགུ་པས་མཆིན་པ་བསྣད་པ་དང་འགྲམས་པ་དང་མཆིན་ཁྲག་རྒྱས་པ་དང་མཆིན་ཚད་དང་བད་ཀན་སྨུག་པོ་རྒྱས་པའི་རིགས་རྣམས་སེལ། ཨ་རུ་ར་དང་ལི་ཤི་དང་གསེར་གྱི་མེ་ཏོག སྤང་སྤོས་པ་དང་ནཱ་ག་གེ་སར་དང་པི་པི་ལིང༌། ཀ་ཀོ་ལ་དང་ཀ་ར་སྦྱར་བའི་ཨ་རུ་བདུན་པས་མཆེར་པ་བསྣད་པ་དང་འགྲམས་པ་ཚ་བ་རྒྱས་པ་སྦོས་པ་དང་གཟེར་བ་རྣམས་འཇོམས། ཨ་རུ་ར་དང་གུར་ཀུམ་དང་སུག་སྨེལ་དང༌། བྲག་ཞུན་དང་ཏིག་ཏ་དང་མཁལ་མ་ཞོ་ཤ་དཀར་པོ་དང༌། སེང་ཕྲོམ་ཞེས་ཞུ་མཁན་དང༌། བཙོད་དང༌། རྒྱ་སྐྱེགས་ཏེ་རྒྱ་ཚོས་དང༌། ཤུག་པ་ཚེར་མ་ཅན་བཅས་པ་རྣམས་ཀ་ར་དང་སྦྱར་བའི་ཨ་རུ་བཅུ་པར་གྲགས་པ་སྟེ། ཕན་ཡོན་མཁལ་མ་བསྣད་པ་དང་འགྲམས་པ་ཆུ་སྲི་བ་སྟེ་བུལ་ཞིང་འཚག་དཀའ་བ་དང༌། རྐེད་པར་འཁོར་ནས་ན་བ་དང༌། རྐང་པ་བཤལ་ནས་འཕྱེས་པ་ནི་ཞ་བའི་བརྡ་རྙིང་སྟེ་འགྲོ་མི་ནུས་པའམ་དྲུད་ནས་འགྲོ་བ་དང་མཁལ་མའི་ཚད་པ་མ་ལུས་སེལ་བར་བྱེད། བྲག་ཞུན་དང་གླ་རྩི་དང་གུར་ཀུམ་དང༌། སུག་སྨེལ་དང་དོམ་མཁྲིས་བོང་ང་དཀར་པོ་འཇིབ་རྩི་དངོས་སམ་མ་བྱུང་ན་པྲི་ཡང་ཀུ་དང༌། ཨ་རུ་ར་དང་ལི་ག་དུར་དང་ཀ་ར་རྣམས་ཆ་མཉམ་དུ་སྦྱར་བའི་བྲག་ཞུན་དགུ་པས་ཕོ་བའི་ཁྲག་དང་མཁྲིས་པ་དང་ཚད་པ་རྣམས་སེལ་བར་བྱེད། དོམ་མཁྲིས་དང་གསེར་གྱི་མེ་ཏོག་དང་དུག་མོ་ཉུང་རིགས་གང་བྱུང་མོན་ལུག་གླ་སྒང་དང་བོང་ང་དཀར་པོ་དང༌། བ་ལེ་ཀ་དང་རེ་སྐོན་པ་རྣམས་ཀ་ར་དང་སྦྱར་བའི་མཁྲིས་ཕྱེ་བདུན་པས་རྒྱུ་ལོང་བསྣད་འགྲམས་པ་དང་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཚ་འཁྲུའི་རིགས་རྣམས་གཅོད་དོ། །ཅོང་ཞི་རིགས་གང་རིགས་དང༌། སེ་འབྲུ་དང༌། སུག་སྨེལ་དང༌། པི་པི་ལིང་དང༌། མ་ནུ་སྟེ་པུཥྤ་མཱུ་ལ་དང༌། ཁ་ཆེའི་གུར་ཀུམ་རྣམས་ཀ་ར་དང་བཅས་སྦྱར་བའི་ཅོང་ཞི་དྲུག་པས་བད་ཀན་གྱིས་བྲང་ཚ་བ་དང་ཆུ་ཚན་སྐྱུགས་པ་སོགས་འཇོམས། ཅོང་ཞི་མཛོ་མོའི་འོ་མར་འདམ་བཏགས་བྱས་པ་གྲིབ་སྐམ་བྱས་པ་དང༌། གི་ཝཾ་དང་བཟང་པོ་ཅུ་གང་གུར་ཀུམ་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ་དྲུག་དང༌། ཨུཏྤལ་སྔོན་པོ་དང༌། ཙན་དན་དཀར་དམར་གཉིས། གླ་རྩི་དང༌། གསེར་གྱི་མེ་ཏོག་དུག་མོ་ཉུང༌། ཏིག་ཏ་སྟེ་རྒྱ་ཏིག་དང༌། བོང་ང་དཀར་པོ། ཨ་རུ་ར་དང་བ་ཤ་ཀརུ་རྟ་དང༌། པི་པི་ལིང་དང་ཀ་ར་རྣམས་སྦྱར་བའི་ཅོང་ཞི་བསིལ་སྦྱོར་འདིས། དུག་དང་སྨུག་པོ་དང་གབ་ཚད་དང་ཚད་པ་རྙིང་པ་མ་ལུས་སེལ་བར་བྱེད། འདིའི་སྟེང་དུ་སྐྱུ་རུ་ར་སེ་འབྲུ་བྲག་ཞུན་ལྕགས་དྲེག་པྲི་ཡང་ཀུ། ཀོ་བྱི་ལ། གངས་ཐིགས། ཁུར་རྩ། ཆུ་རྩ། མིའི་སོག་ཐལ། མུ་ཟི། དགེ་སློང་ངམ་སྔགས་པ་ནུས་ལྡན་གྱི་དྲི་ཆེན། ཧོང་ལེན། ལུག་རུ་དམར་པོ། དངུལ་ཆུ་བཙོ་བཀྲུ་རྣམས་བསྣན་པས་ཟུར་མཁར་ལུགས་ཟླ་ཤེལ་དུ་གྲགས་པ་ལྡན་འདུས་ཀྱི་ནད་མཐའ་དག་འཇོམས་ཤིང་འདུ་བ་སྙོམས་པའི་སྤྱི་སྨན་འབྱུང༌། ཅོང་ཞི་སེ་འབྲུ་དང༌། སུག་སྨེལ་ཤིང་ཚ་པི་པི་ལིང་བཅས་བཞི་དང༌། ཨ་རུ་ར། ཛཱ་ཏི་དང༌། མ་ནུ་པ་ཏྲ། འུ་སུ་དང༌། སྐྱུ་རུ་ར། རྒྱམ་ཚྭ་དང༌། བཅའ་སྒ་དང་བུར་དཀར་རྣམས་སྦྱར་བའི་ཅོང་ཞི་ཅུར་ནིས་ཞེས། ཕྱེ་མ་འདིས་སྨུག་པོ་འཐབ་པ་དང་མ་ཞུ་བ་དང་བད་ཀན་དང་ག་མི་བདེ་སེལ་བར་བྱེད་དོ། །རུ་རྟ་དང༌། སྐྱུ་རུ་ར་དང༌། སེ་འབྲུ་དང༌། བ་ཤ་ཀ སུག་སྨེལ་དང༌། པི་པི་ལིང་དང་ཀ་ར་རྣམས་སྦྱར་བའི་རུ་རྟ་དྲུག་པས་སྨུག་པོ་འཐབས་པའི་ནད་ལ་སོགས་པའི་གླང་ཐབས་ཀྱི་སྒྲེག་པ་དང་སྐྱུག་པ་དང་ཕོ་ཁར་ཟུག་བྱེད་པ་རྣམས་སེལ་ཞིང༌། དེ་སྟེང་ལ་གི་ཝཾ་དང་གུར་ཀུམ་བསྣན་པས་སྨུག་པོ་ཚ་སྟོབས་ཆེ་བ་འཇོམས་ཤིང༌། ཅོང་ཞི་རྒོད་བཏུལ་བྱས་པ་བསྣན་པས་སྐྲན་བཤིག་ཅིང༌། ཡང་ན་ཅོང་ཞི་རྒོད་བཏུལ། གུར་གུམ། གི་ཝཾ། ཨུཏྤལ། པྲི་ཡང་ཀུ་བསྣན་པས་ཀྱང་སྐྲན་བཤིག་པ་སོགས་འདི་དག་གིས་མཚོན། རྒྱུད་ཚིག་མིན་པ་འགའ་རེ་བྱུང་བ་རྣམས་མན་ངག་ཟུར་རྒྱན་ཡིན་པས་སྦྱོར་བའི་སྡོམས་སུ་མི་འདྲེན་པ་ཐམས་ཅད་དུ་ཤེས་དགོས་སོ། །ཏིག་ཏ་དང༌། གསེར་གྱི་མེ་ཏོག་དང༌། བོང་ང་དཀར་པོ་དང༌། རུ་རྟ། རྩ་མཁྲིས། ཧོང་ལེན། པར་པ་ཏ། སྐྱེར་པའི་བར་ཤུན་རྣམས་ཀ་ར་དང་སྦྱར་བའི་ཏིག་ཏ་བརྒྱད་པ་འདིས་མཁྲིས་ཚད་ཀྱིས་མིག་དང་ཆུ་རྟགས་དང༌། ཤའི་མདངས་སེར་པོར་གྱུར་པ་འཇོམས་པར་བྱེད་ཅིང༌། ཤ་ཡ་ལ་དེ་སྟེང་གཡའ་ཀྱི། དུག་ཉུང༌། ནིམ་པ། གུར་ཀུམ་རྣམས་བསྣན་པ་དང༌། བལ་ནད་མིག་སེར་ལ་འཛིན་པ་སྟག་ཤ་བཅས་བསྣན་ལ་གུ་གུལ་ཐང་གིས་དབུལ། སྤོས་དཀར་དང༌། ཐལ་ཀ་རྡོ་རྗེ་དང༌། སོ་མ་ར་ཛ་དང༌། རུ་རྟ་དང༌། བ་ཤ་ཀ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། སླེ་ཏྲེས་དང༌། བྲག་ཞུན་རྣམས་ཀ་ར་དཀར་པོ་དང་སྦྱར་བའི་གུ་གུལ་ལམ་སྤོས་དཀར་བཅུ་པ་འདིས་དྲེག་དང་གྲུམ་བུ་ཆུ་སེར་གྱིས་ཀོ་ལེར་ཚ་འཁྱུག་བྱེད་པ་འཇོམས། ཁ་ཆེའི་གུར་གུམ་དང༌། ལི་ཤི་དང༌། གི་ཝཾ་དང༌། བསེ་རུ་དཀར་པོ། རྒྱ་མཚལ། ཙན་དན་ཞེས་པ་མཐའ་གཅིག་ཏུ་མ་བཀག་པས་སོ་སོས་རིག་དཔགས་ཀྱི་གཏོང་མོད་ཀྱང༌། གློ་སྙིང་འཁྲུགས་ཚད་ལ་དཀར་པོ། མཆིན་པ་དང་ཁྲག་ལ་དམར་པོ་འཐད་པར་མངོན་པས་འདིར་དམར་པོ་དང༌། གླ་རྩི་འཇམ་འབྲས་བོང་ང་དཀར་པོ་དང༌། རུ་རྟ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བཅས་དང༌། ཀ་ར་སྦྱར་བའི་གུར་ཀུམ་བཅུ་གསུམ་པས་མཆིན་རྒུད་དང་སྦྱར་དུག་དང་མཁལ་མ་བསྣད་པ་དང་འགྲམས་པ་དང༌། ཆུ་སྲི་སྟེ་བུལ་ཞིང་འཚག་དཀའ་ལ་ཚ་བས་སྦོས་པ་དང༌། ཡ་མ་ནག་པོའི་རིགས་ཀྱི་སྲིན་ནད་རྣམས་སེལ་བར་བྱེད་ཅིང༌། དེ་སྟེང་ཛཱ་ཏི། ཕོ་བ་རིས། པི་པི་ལིང༌། དབང་རིལ་རྣམས་བསྣན་ན་གུར་ཀུམ་རྒྱལ་བློན་བཅུ་བདུན་པ་ཞེས་གྲགས། གུར་ཀུམ་དང༌། ཅུ་གང༌། ཨུཏྤལ་སྔོན་པོ། བ་ལེ་ཀཏིག་ཏ་དང༌། ཨ་རུ་ར་དང༌། མཚེ་ལྡུམ་རྣམས་ཀ་ར་དང་སྦྱར་བའི་གུར་ཀུམ་མཆོག་བདུན་ཞེས་པ་འདིས་མཆིན་པའི་ནད་གསར་པ་དང་རྙིང་པ་མཆིན་པ་བསྣད་པ་དང་འགྲམས་པ་ཁྲག་རྒྱས་པ་མིག་སེར་བ་རྣམས་སེལ། ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ཏིག་ཏ་དང༌། བ་ལེ་ཀ་དང༌། བ་ཤ་ཀ་དང༌། པདྨ་གེ་སར་དང༌། ནཱ་ག་གེ་སར་དང༌། པི་པི་ལིང་དང༌། སྟར་བུ་དང༌། ཧོང་ལེན་དང༌། ཟི་ར་དཀར་པོ། པུ་ཤེལ་ཙེ་རྣམས་ཀ་ར་དང་སྦྱར་བས་ཅུ་གང་བཅུ་གསུམ་ཞེས་ཏེ། གློ་ཚད་ཀྱི་ལུད་པ་དང༌། རྣག་དང་ཁྲག་ཏུ་ལུ་བ་ལ་བཏང་བས་འཇོམས་པར་འགྱུར། ཅུ་གུར་ལི་སྟེ་བསིལ་གསུམ་དང༌། བྲག་ཞུན་དང༌། ཏིག་ཏ་དང༌། པི་པི་ལིང་དང༌། ཨ་རུ་ར་དང༌། མཚལ་དང་བཅས་པར་ཀ་ར་སྦྱར་བའི་ཅུ་གང་བརྒྱད་པས་མཆིན་པའི་ཁྲག་རྒྱས་པ་དང་སྨུག་པོའི་ཚ་བ་རྣམས་སེལ། ཅུ་གུར་གཉིས་ཀྱི་སྟེ་སྟོད་ལ་ལི་ཤི། སྨད་ལ་སུག་སྨེལ་རིག་དཔགས་ཀྱི་བསིལ་གསུམ་དང༌། ཨུཏྤལ་སྔོན་པོ། སེ་འབྲུ། པི་པི་ལིང་དང་ཤིང་ཚ་རྣམས་ལ་ཀ་ར་བཞི་འགྱུར་དུ་སྦྱར་བའི་ཅུ་གང་བདུན་པའམ་བདེ་བྱེད་ཆུང་བས་འདུ་བ་ཚ་གྲང་ཆ་སྙོམས་ཤིང་དང་ག་འབྱེད་པར་བྱེད་དོ། །དེ་སྟེང་ལ་རྒུན་འབྲུམ་དང་ཤིང་མངར་བསྣན་པའི་བདེ་བྱེད་འབྲིང་པོས་གློ་ནད་རྙིང་པ་སེལ་ཞིང༌། དེ་སྟེང་ཙན་དན་དཀར་པོ་དང་གི་ཝཾ་གཉིས་བསྣན་པའི་ཅུ་གང་བདེ་བྱེད་ཆེན་པོས་ཚ་བ་གབ་པ་དང་རྙིང་པ་སོགས་སེལ་བ་དེ་གསུམ་ལ་ཅུ་གང་བདེ་བྱེད་ཐོག་མ་ནས་རིམ་པར་ཆུང་བ་དང་འབྲིང་པོ་དང་ཆེན་པོ་ཞེས་པར་བཤད་དོ། །ཅུ་གང་དང༌། གུར་གུམ་དང༌། གི་ཝཾ་བཅས་ཀ་ར་དང་སྦྱར་བའི་བློན་པོ་གསུམ་སྦྱོར་གྱིས་བྱིས་པའི་ཚད་པའི་ནད་རྣམས་སེལ། ལི་ཤི་གུར་ཀུམ་ཅུ་གང་སྟེ་བསིལ་གསུམ་དང་ཙན་དན་དཀར་པོ་རྣམས་ལ་ཀ་ར་གསུམ་འགྱུར་དུ་སྦྱར་བའི་ལི་ཤི་བཞི་པ་འདིས་གྲེ་བའི་ཚད་པ་རྣམས་འཇོམས། ལི་ཤི་དང༌། ཅུ་གང་དང༌། ཤིང་མངར་དང༌། སྤང་རྒྱན་དཀར་པོ་དང༌། རུ་རྟ་དང༌། ཨ་རུ་ར་རྣམས་ཀ་ར་དང་སྦྱར་བའི་ལི་ཤི་དྲུག་པ་འདི་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུས་དབུལ་བས་གློ་ནད་དང་གྲེ་བ་ཚ་ཞིང་སྐམས་པ་དང་སྐད་འགགས་པ་རྣམས་སེལ། ཆུ་སྲིན་སྡེར་མོ་ནི་ན་གིའམ་དེ་མིན་སྔོ་དང༌། ཅུ་གུར་སུག་སྟེ་བསིལ་གསུམ་དང༌། བ་ལེ་ཀཨུཏྤལ་སྔོན་པོ། རྡོ་དྲེག་དཀར་སེར་གང་རུང་དང༌། ལི་ག་དུར་དང༌། པི་པི་ལིང་རྣམས་ཀ་ར་དང་སྦྱར་བའི་ཆུ་སྲིན་སྡེར་མོ་དགུ་པ་འདིས་སྣོད་དྲུག་ཏུ་ཚ་གྲང་གིས་ནད་འཐབས་པ་དང༌། བད་ཀན་སྨུག་པོ་དང་སེར་པོ་འཇོམས་པར་བྱེད་ཅིང༌། དེ་སྟེང་སྨྱུག་རྩི་སྔོན་པོ། འཕྱི་ཐོད་ཐལ་བ། སྦྲུལ་ཤབྱ་མ་བྱིའི་སྤུ་གཞོབ། འོལ་མོ་སེ་རྣམས་གང་འཛོམས་པ་བསྣན་པས་ཟུག་གཅོག་པའི་མཆོག་གོ། ཙན་དན་དཀར་པོ་དང་དམར་པོ། ཧོང་ལེན་དང༌། བ་ལེ་ཀ་དང༌། པདྨ་གེ་སར་དང༌། ནཱ་ག་དང༌། པུཥྤ་གེ་སར་དང༌། བཅའ་སྒ། སྤང་སྤོས་པ། དུག་མོ་ཉུང༌། གསེར་གྱི་མེ་ཏོགབིལ་བ་དང༌། པར་པ་ཏ་དང༌། ཛཱ་ཏི་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། སུག་སྨེལ་རྣམས་ཀ་ར་དང་སྦྱར་བའི་ཙན་དན་བཅོ་བརྒྱད་པ་འདིས་ནི་བུད་མེད་ལ་རིམས་བཏབ་པ་དང༌། བུ་བཙས་པའི་རྗེས་ཚད་པ་སྐྱེས་པ་སེལ་བར་བྱེད། ག་བུར་དང་ཅུ་གུར་གཉིས་ཀྱི་སྟེང༌། སྟོད་ལ་ལི་ཤི་སྨད་ལ་སུག་སྨེལ་རིག་དཔགས་ཀྱི་བསིལ་གསུམ་དང༌། ཛཱ་ཏི་དང༌། ཙན་དན་དཀར་པོ་དང༌། གི་ཝཾ་དང༌། ལི་ག་དུར་དང༌། སེ་འབྲུ་དང༌། སྲ་འབྲས་དང༌། མཚལ་དང༌། ཤུ་མོ་ཟ་རྣམས་དང་ཀ་ར་བཞི་འགྱུར་དུ་སྦྱར་བ། ཀྲི་ཀ་ཧན་ཞེས་པ་འཕྲོག་འདྲེན་ཏེ་སྦྱོར་སྡེའི་མིང་ཡིན་པས་འདིས་བྱིས་པའི་རིམས་ཚད་སེལ། ཨུཏྤལ་སྔོན་པོ་དང༌། ཅུ་གང་དང༌། གུར་ཀུམ་དང༌། བ་ལེ་ཀ་དང༌། སྟར་བུ་དང༌། ཤིང་མངར་གང་བྱུང་དང༌། རྒུན་འབྲུམ་དང༌། སྐྱུ་རུ་ར་རྣམས་དང་ཀ་ར་སྦྱར་བའི་ཨུཏྤལ་བརྒྱད་པ་སྟེ་ཞེས་པ་འོག་མ་འདྲེན་ཚིག་ཡིན་ལ། འདིས་མཆིན་ཁྲག་ཕོ་བའི་གནས་སུ་རྒྱས་པ་སེལ་བར་བྱེད། བ་ལེ་ཀ་དང༌། ཨུཏྤལ་སྔོན་པོ་དང༌། བ་ཤ་ཀ་དང༌། ཤིང་མངར་དང༌། ཅུ་གང་དང༌། ཨ་རུ་ར་རྣམས་ཀ་ར་དང་སྦྱར་བའི་བ་ལེ་ཀ་དྲུག་པས་ཚད་པ་ཀུན་སེལ་ཞིང༌། ཁྱད་པར་ཕོ་མཆིན་གྱི་ཚ་བ་འཇོམས་པར་བྱེད། རྒུན་འབྲུམ་དང༌། ཅུ་གང་དང༌། གུར་ཀུམ་དང༌། ཤིང་མངར་དང༌། མོན་ལུག་གླ་སྒང་དང༌། ཤིང་ཚ་རྣམས་སེ་འབྲུ་ཀ་ར་དང་སྦྱར་བའི་རྒུན་འབྲུམ་བདུན་པས་གློ་བའི་ནད་དང་དབུགས་མི་བདེ་བ་སེལ་བར་བྱེད། ཀྱི་ལྕེ་དཀར་པོ་དང༌། སྤང་རྩི་དོ་བོ་དང༌། སྤང་རྒྱན་དཀར་པོ་རྣམས་ཀྱི་ཕྱེ་མས་ལྷོག་པ་འཇོམས། དེ་ལྟར་མན་ངག་ཟུར་རྒྱན་མི་ཐེ་བར་ཚ་སེལ་གྱི་སྦྱོར་བ་ལ་རྒྱལ་པོ་ལྟ་བུ་བཅུ་གསུམ། བློན་པོ་ལྟ་བུ་བཞི་བཅུ་ཞེ་གཉིས། རྗེའུ་ལྟ་བུ་བཅུ། དམངས་ལྟ་བུ་སུམ་ཅུ་སོ་གཅིག་སྟེ། ཚ་སེལ་དགུ་བཅུ་གོ་དྲུག་ཏུ་གྲངས་ངེས་པ་ཡིན་ལ། འདིར་ཁ་ཅིག་དེ་བ་གསེར་གྱི་མེ་ཏོག་པར་པ་ཏ་སོགས་དེ་བ་ལྔ་སྦྱོར་ཞེས་གཅིག་ཏུ་འདྲེན་ནའང༌། དེ་བ་ལྔ་སྦྱོར་ནི་གཙོ་བོ་བརྒྱད་པའི་འཁོར་གྱི་བསྡེབས་ལས་འདི་སྐབས་ཟུར་དུ་འདྲེན་པ་མི་འཐད་ཅིང༌།

ད་ནི་གྲང་བའི་ནད་མཐའ་དག་སེལ་བ་ཕྱེ་མའི་སྡེ་ཚན་ལ། རྒྱལ་པོ་ལྟ་བུ་སེ་འབྲུའི་སྦྱོར་བ་དང༌། བློན་པོ་ལྟ་བུ་ད་ལིས་ཀྱི་སྦྱོར་བ་དང༌། གནོད་སྦྱིན་རྒོད་མ་ཁ་ཕྱེ་རྗེའུ་ལྟ་བུའི་སྦྱོར་བ་དང༌། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་དང་བཞིར་ཡོད་པ་ལས།

དང་པོ་ནི་སྤྱིར་ཚ་བ་སེལ་བའི་གཙོ་བོ་ག་བུར་དང་གུར་ཀུམ་དང་གྲང་བ་སེལ་བའི་གཙོ་བོ་སེ་འབྲུ་ཡིན་ཏེ། ཇི་སྐད་དུ། ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང༌། གུར་ཀུམ་སེ་འབྲུ་གཉིས་ལ་མ་བརྟེན་མེད། །ཅེས་དང༌། གཞན་ཡང༌། གུར་ཀུམ་བདུན་དང་སེ་འབྲུ་བརྒྱད། །ལྷ་ཆེན་ཚངས་པའི་སྨན་སྦྱོར་ཡིན། །ཞེས་སོགས་བཤད་པས། གྲང་སེལ་གྱི་གཙོ་བོ་ནི་སེ་འབྲུ་ཡིན་ཏེ། གྲང་ནད་ཕལ་ཆེར་ཕོ་བའི་མེ་དྲོད་ཉམས་པ་ལས་འབྱུང་ཞིང༌། མེ་དྲོད་གསོ་བ་ལ་སེ་འབྲུ་ལས་མཆོག་ཏུ་གྱུར་པའི་སྨན་གཞན་མེད་པས། རྒྱལ་པོ་ལྟ་བུ་སེ་འབྲུའི་སྦྱོར་བ་སུམ་ཅུ་ནི། སེ་འབྲུ། ཤིང་ཚ། ཕོ་བ་རིས་དང་གསུམ་ཆ་མཉམ་དུ་སྦྱར་བའི་སེ་འབྲུ་གསུམ་པས་ཁ་ཟས་མི་འཇུ་བ་དང༌། སྐད་འགགས་པ་དབུགས་མི་བདེ་བ་ཁྱད་པར་མཆིན་པ་ན་བ་རྣམས་ལ་མཆོག་ཏུ་ཕན་ཞིང༌། དེ་སྟེང་ཁ་རུ་ཚྭ་བསྣན་པའི་སེ་འབྲུ་བཞི་པ་འདིས་ནི་ཕོ་བ་སྦོ་འཁྲོག་དང་སྐྲན་དང་མ་ཞུ་བས་སྐྱུག་པ་རྣམས་སེལ་ལོ། །ཡང་ན་སེ་འབྲུ་དང༌། ཤིང་ཚ། སུག་སྨེལ་དང༌། པི་པི་ལིང༌། བུར་དཀར་དང་སྦྱར་བའི་སེ་འབྲུ་བཞི་པ་འདིས་ནི་ཕོ་བའི་གཞི་འཛིན་ཅིང་མེ་དྲོད་གསོ་བར་བྱེད་ལ། གྲང་བའི་རིགས་ཀྱི་ནད་གཞི་ཅི་འདྲ་ཞིག་ལས་གྱུར་ཀྱང་དང་ག་འབྱེད་པར་བྱེད་ཅིང༌། དེའི་སྟེང་དུ་དོང་གྲ་ཞེས་སྒ་རྒོད་ལའང་མདོག་སྐྱ་སྨུག་གིས་དབྱེ་བའི་ཅུང་ཟད་སྨུག་ཉམས་བཅའ་སྒར་འདོད་པ་དེ་བསྣན་ཏེ་ཚད་ལྡན་དུ་སྦྱར་བའི་སེ་འབྲུ་ལྔ་པ་འདིས་ནི་བད་ཀན་གྱིས་ཟས་མི་འཇུ་བ་ཕོ་བའི་གྲང་སྐྲན་སྐྱུག་པ་དང་ཡི་ག་འཆུས་པ། སྙིང་རླུང་དང་མཁལ་རྐེད་ཀྱི་ནད་ལ་མཆོག་ཏུ་ཕན་ཞིང༌། འདིའི་ཚད་ལྡན་གྱི་སྦྱོར་བ་ལ་འདོད་ཚུལ་མི་འདྲ་བ་མང་ཡང༌། སེ་འབྲུ་ཞོ་བརྒྱད། སྒ་ཞོ་བཞི། པི་པི་ལིང་ཞོ་གང༌། ཤིང་ཚ་དང་སུག་སྨེལ་ཞོ་ཕྱེད་ཕྱེད་དུ་སྦྱར་བ་ཡིན་ནོ། །ཡང་ན་དོང་གྲའི་ཚབ་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་པ་ནི་ཚ་གྲང་འཐབ་པ་ལ་ཚ་བའི་ཁ་འཛིན་དུ་གུར་ཀུམ་བསྔགས་པས་ན་མཆིན་ཚད་མི་སྐྱེ་ཞིང་མེ་དྲོད་གསོ་བར་བྱེད། ཡང་སེ་འབྲུ་ཞོ་དགུ་དང༌། ཤིང་ཀུན་ཞོ་གང༌། བཅའ་སྒ་ཞོ་བརྒྱད་དང་ཁ་རུ་ཚྭ་ཞོ་བརྒྱད། སྟར་བུ་ཞོ་ལྔ་རྣམས་སྦྱར་བའི་སེ་འབྲུ་ལྔ་པས་ཀྱང་མ་ཞུ་མཆིན་རྒུད་སེལ་ཞིང་ཚད་ལྡན་གྱི་སྦྱོར་བ་ཞེས་རྣམ་པ་ལག་ལེན་གསལ་བྱེད་དུ་བཤད་པ་ལྟར་སྙིང་གི་བད་རླུང་འཇོམས་པར་ཤིང་ཀུན་གཙོ་བོར་བསྐྱེད་དགོས་ཀྱང་རིག་མདས་བསྣུན་དགོས་སོ། །ཡང་སེ་འབྲུ་དང་ཁ་རུ་ཚྭ། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། རྒྱམ་ཚྭ་དང་བཅས་སེ་འབྲུ་དྲུག་པ་འདིས་ཕོ་བའི་མེ་དྲོད་སྐྱེད་ཅིང༌། ཁ་ཟས་མ་ཞུ་བ་འཇུ་ཞིང་བེ་སྣབས་སྦྱོང་བར་བྱེད་དོ། །སེ་འབྲུ་ཞོ་བརྒྱད་ཤིང་ཚ་སུག་སྨེལ་གཉིས་ཞོ་རེ་དང༌། པི་པི་ལིང་ཞོ་དོ་སྟེ་བཞི་པོ་དེ་ཉིད་གཞིར་བཞག་ནས། བརྒྱད་པའི་སྟེང་དུ་ཁ་བསྒྱུར་བ་ནི་སྒ་ཞོ་གང་དང༌། དེ་བཞིན་ཛཱ་ཏི། གུར་ཀུམ། ཀ་ཀོ་ལ་གསུམ་ཀྱང་ཞོ་རེ་རེ་བསྡེབས་ལ་ཚད་ལྡན་དུ་སྦྱར་བའི་སེ་འབྲུ་བརྒྱད་པ་འདིས་ཕོ་མཆིན་སོགས་སྟོད་ཀྱི་བད་རླུང་དང་སྙིང་ལ་སྐྲན་ཡོད་པ་འཇོམས་པར་བྱེད། དེ་བཞིན་དུ་འོག་མ་ཀུན་རིགས་འགྲེ་བར་གོང་གི་སེ་འབྲུ་བཞི་པའི་སྟེང་དུ་རྒྱམ་ཚྭ་དང༌། ཁ་རུ་ཚྭ་དང༌། ཕོ་བ་རིས་རྣམས་ཞོ་རེ་དང༌། བཅའ་སྒ་ཞོ་བཞི་བཅས་བསྡེབས་པའི་སེ་འབྲུ་བརྒྱད་པས་མ་ཞུ་གསར་རྙིང་འཇུ་བར་བྱེད། ཡང་བཅའ་སྒ་ཞོ་བཞི་དང༌། བྱི་ཏང་ག་དང༌། ཙི་ཏྲ་ཀ་དང༌། འཇམ་འབྲས་དངོས་བྱུང་ན་དང༌། དེ་མིན་བཅའ་སྒ་ལོག་པོར་བཏང་ལ་གཞན་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་བའི་མེ་དྲོད་ཉམས་པ་གསོ། མ་ནུ་པུཥྐར་དང༌། འུ་སུ། སྟར་བུ། བསེ་ཡབ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པ་འདིས་བད་ཀན་སྨུག་པོ་སེལ་བ་དང༌། རྒྱམ་ཚྭ་ཞོ་བཞི། གསེར་གྱི་མེ་ཏོག ཨ་རུ་ར། དོམ་མཁྲིས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་མ་ཞུ་མིག་སེར་སེལ་བ་དང༌། ཅོང་ཞི་སོལ་མེར་ཚོས་པར་བསྲེགས་ནས་ཆུར་བསྐྱུར་བས་ཞོ་ལྟར་གྱུར་པ་ལ་དྲག་པོར་བཏུལ་བའམ་རྒོད་བཏུལ་ཞེས་གྲགས་པ་དེ་ཡང༌། རྒྱམ་ཚྭ། ཨ་རུ་ར། བྱ་ཐལ་ཏེ་སྐབས་འདིར་བྱ་རྒོད་ཀྱི་བྲུན་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ལྷེན་སྐྲན་ཐལ་བར་རློག་པ་དང༌། འགྲོན་བུ། དུར་གྱི་ཐོད་པ། ཤ་རུའི་ཐལ་བ་དང༌། ཙི་ཏྲ་ཀ་རྣམས་ཞོ་རེ་བཅས་བསྡེབས་པའི་སེ་འབྲུ་བརྒྱད་པས་དམུ་རྫིངས་སྐེམས་པར་བྱེད། ཤིང་ཀུན་དང༌། ཁ་རུ་ཚྭ་དང༌། ཕོ་བ་རིས་རྣམས་ཞོ་རེ་དང༌། བཅའ་སྒ་ཞོ་བཞི་བཅས་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་ལོང་སྦོས་པ་སེལ་ཞིང༌། ཤིང་མངར། ཅུ་གང༌། རྒུན་འབྲུམ། ཟི་ར་དཀར་པོ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གློ་ནད་གྲང་བ་སེལ་བར་བྱེད་པ་དང༌། ཛཱ་ཏི། ཤིང་ཀུན། ཁ་རུ་ཚྭ་རྣམས་ཞོ་རེ་དང༌། བཅའ་སྒ་ཞོ་བཞི་བཅས་བསྡེབས་པའི་སེ་འབྲུ་བརྒྱད་པས་སྙིང་གི་བད་རླུང་གྲང་བ་སེལ་བར་བྱེད་པ་དང༌། ཨ་འབྲས་དང༌། སྲ་འབྲས་དང༌། འཇམ་འབྲས་དང༌། སྡིག་སྲིན་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་མཁལ་རྐེད་ཀྱི་གྲང་བ་སེལ་བར་བྱེད་པ་དང༌། རྒྱ་ཚྭ། ལྕམ་པ། སྡིག་པ་དཀར་པོ། ཕོ་བ་རིས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་བའི་ཆུ་འགགས་སེལ་བར་བྱེད་པ་དང༌། ཤིང་ཀུན། གླ་རྩི། ཐང་ཕྲོམ་དཀར་པོ། བྱི་ཏང་ག་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པ་འདིས་གྲང་སྲིན་སེལ་བ་དང༌། ད་ཏྲིག་དང༌། ཀ་པེད་དང༌། ཐ་རམས་པ་དང༌། མོན་ཆ་ར་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་བ་འུར་འཁྲོག་བྱེད་པ་དང་རྩམ་པ་འཁྲུ་བ་གཅོད་ཅིང༌། ཡང་གོང་གི་སེ་འབྲུ་བཞིའི་སྟེང་དུ་ཤུ་དག་ནག་པོ་དང༌། འུ་སུ། དབྱི་མོང་དཀར་པོ་དང༌། ཙི་ཏྲ་ཀརྒྱ་ཚྭ། ཡ་བཀྵ་ར། ཁ་རུ་ཚྭ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུའི་ཅུར་ནིས་ཞེས་ཕྱེ་མ་སྨན་སྣ་བཅུ་གཅིག་པ་དེས་མ་ཞུ་བ་དང༌། བད་ཀན་ལྕགས་དྲེག་དང༌། ལྷེན་དང༌། མེ་ཉམས་དང༌། ཕོ་བ་སྦོ་ཞིང་སྒྲེག་ཅེས་པ་འབྱུང་བ་དང༌། དམུ་སྐྲན་དང༌། འཁྲུ་སྐྱུག་བྱེད་པ་དང༌། མཁལ་རྐེད་ན་ཞིང་ཆུ་སྲི་བ་སོགས་གྲང་ནད་ཀྱི་རིགས་ཀྱིས་སྟོད་ན་བ་ལ་ཕན་པར་འགྱུར་རོ། །སེ་འབྲུ་སྲང་གང་དང༌། ཚ་བ་གསུམ་སྟེ་སྒ་ཞོ་བཞི། པི་པི་ལིང་དང་ཕོ་བ་རིས་ཞོ་དོ་རེ་བཅས་པའི་སེ་འབྲུ་བཞི་པ་གཞིར་བཞག་སྟེང༌། ད་ཏྲིག་དང༌། ཤིང་ཀུན་དང༌། དབྱི་མོང་དཀར་པོ་དང༌། ཁ་རུ་ཚྭ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་བའི་ནད་མ་ལུས་པ་སེལ་ལོ། །རྒྱམ་ཚྭ་དང་ལྕེ་མྱང་ཚྭ་རྐྱང་སེལ་དུ་བཤད་པ་དང༌། ཁ་རུ་ཚྭ་དང་ཐལ་ཚྭ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་ཕོ་བ་སྦོས་པ་སེལ་ལོ། །འུ་སུ་དང༌། མ་ནུ་པུཥྐར་དང༌། སེ་ཡབ་གང་རིགས་སླེ་ཏྲེས་བཅས་བཞི་པོ་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པས་སྨུག་པོ་གབ་པ་སེལ། རྒྱ་ཚྭ་དང༌། སུག་སྨེལ་དང༌། སྡིག་པ་སྲིན་བུ་དང༌། ལྕམ་པ་བཞི་པོ་ཞོ་རེ་བསྡེབས་པས་མཁལ་ནད་དང་གྲང་བས་ཆུ་འགགས་པ་སེལ། ཤིང་ཚ་དང༌། སུག་སྨེལ་དང༌། ཟི་ར་དཀར་ནག་གཉིས་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བརྒྱད་པ་འདིས་བད་རླུང་དང་གློ་བའི་ནད་རྣམས་སེལ། ཤིང་ཚ་དང༌། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་གསུམ་དང༌། ལ་ལ་ཕུད་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་དགུ་པས་ཕོ་བའི་མེ་དྲོད་སྐྱེད་ཅིང་འཁྲུ་བའི་རིགས་གསར་པ་དང་རྙིང་པ་མ་ལུས་གཅོད་པར་བྱེད་དོ། །ཟི་ར་ནག་པོ་དང༌། དབྱི་མོང་དང༌། ཙི་ཏྲ་ཀལ་ལ་ཕུད་དང༌། སུག་སྨེལ་དང༌། ཁ་རུ་ཚྭ་རྣམས་ཞོ་རེ་བསྡེབས་པའི་སེ་འབྲུ་བཅུ་པས་མེ་དྲོད་ཉམས་པ་དང༌། ཁ་ཟས་མི་འཇུ་བ་སྦོ་ཞིང་སྒྲེག་པ་འབྱུང་བ་དང་གྲང་བའི་སྐྲན་རྣམས་འཇོམས། ཛཱ་ཏི་དང༌། ཀ་ཀོ་ལ་དང༌། ཁ་རུ་ཚྭ་དང༌། རྒྱམ་ཚྭ། ཤིང་ཚ། དབྱི་མོང་དཀར་པོ། ཙི་ཏྲ་ཀ ཨ་རུ་ར་དང༌། ལ་ཕུག་གི་ས་བོན་རྣམས་ཞོ་རེ་བསྡེབས་པས་སེ་འབྲུའི་ཅུར་ནིས་ཞེས་པའི་ཕྱེ་མས་བད་རླུང་དང་མ་ཞུ་བའི་སྦོ་བ་ཕོ་བ་དང་མཁལ་མའི་ནད་བུད་མེད་བུ་བཙས་པའི་རྗེས་སུ་གྲང་བ་རྒྱས་པ་སོགས་འཇོམས་ཤིང༌། དེ་ལ་སོགས་པས་གྲང་ནད་མ་ལུས་པ་གོང་དུ་བཤད་པའི་སེ་འབྲུའི་ཕྱེ་མ་དེ་རྣམས་ཀྱིས་སེལ་ལ། ཕོ་བའི་བད་ཀན་སྦྱོང་ཞིང་མེ་དྲོད་བསྐྱེད་པ་དང༌། དང་ག་འབྱེད་པར་བྱེད་ཅིང་ཁ་ཟས་རྣམས་ལེན་པར་བྱེད་པ་དེའི་ཕྱིར། སེ་འབྲུའི་སྦྱོར་བ་སུམ་ཅུ་པོ་དེ་རྣམས་ནི་གྲང་སེལ་ཕྱེ་མ་ཀུན་གྱི་རྒྱལ་པོ་ལྟ་བུར་བཤད་དོ། །

གཉིས་པ་ད་ལིས་འདི་ནི་རྒྱལ་པོའི་བློན་པོ་རང་ཕྱོགས་ཀྱི་གཉེན་རྣམས་མགུ་བར་བྱེད་ཅིང་སྐྱོང་ལ་དགྲ་སྟེ་གང་ན་འདུག་ཀྱང་ཚར་གཅོད་པ་དང་འདྲ་བར་ནད་གཞན་ལ་ཕོག་ཆུང་ཞིང་འཇམ། བད་ཀན་དང་གྲང་བའི་ནད་ཀུན་འཇོམས་པའི་ནུས་པ་དང་ལྡན་པ་ཡིན་ལ། དེའི་སྦྱོར་བ་བཅུ་བཞི་ཡོད་པ་དེ་ལའང་གཙོ་བོའི་སྦྱར་ཚད་གདམས་པ་སུམ་ཅུ་པ་ལས་བཤད་པ་ལྟར་ན། ད་ལིས་ཞེས་བ་ལུ་དཀར་པོའི་མེ་ཏོག་ཞོ་གང༌། ན་ལེ་ཤམ་སྟེ་ཕོ་བ་རིས་གསུམ་མམ་གཅིག་དང༌། ཤིང་ཚ་དེ་དང་མཉམ་པ་དང༌། སུག་སྨེལ་ཞོ་གང༌། བཅའ་སྒ་ཞོ་གང༌། པི་པི་ལིང་ཞོ་དོ་དང་བཅས་ད་ལིས་དྲུག་ཡིན་ལ། འདི་ལ་པི་པི་ལིང་དྲུག་འགྱུར་དུ་གཏོང་བའང་མཆིས་རུང་ཅུང་ཟད་མི་འཐད་པར་སེམས་སོ། །དེ་ལྟར་ཚད་ལྡན་དུ་སྦྱར་བས་འཁྲུ་སྐྱུག་དང་དབུགས་མི་བདེ་བ་དང༌། གཞང་འབྲུམ་དང༌། སྐྲན་དང་སྐྱ་རྦབ་དང་གློ་བའི་ནད་རྣམས་སེལ། ད་ལིས་བདུན་པ་རིགས་ལྔ་ཞེས་པ་ནི་གོང་གི་ད་ལིས་དྲུག་པ་དེ་གཞིར་བཞག་པའི་སྟེང་ལ་ཟི་ར་དཀར་པོ་ཞོ་གང་བསྡེབས་པས་སྟོད་ཚ་སྨད་གྲང་གི་རིགས་འཇོམས་པ་དང༌། ཁ་རུ་ཚྭ་ཞོ་གང་བསྡེབས་པས་གྲང་བ་དང་རླུང་སྤྱི་ལ་ཕན། ཛཱ་ཏི་ཞོ་གང་བསྡེབས་པས་སྙིང་གི་རླུང་འཇོམས་པར་བྱེད། སྟར་བུ་ཞོ་གང་བསྡེབས་པས་ལུད་པ་འགོགས་དཀའ་བ་འདྲེན། ད་ཏྲིག་ཞོ་གང་བསྡེབས་པས་གྲང་བས་འཁྲུ་བ་གཅོད་པར་བྱེད་དོ། །ད་ལིས་གོང་བཤད་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། ཀ་ཀོ་ལ་དང༌། ཟི་ར་ནག་པོ་དང༌། པི་པི་ལིང་དང༌། ན་ལེ་ཤམ་སྟེ་ཕོ་བ་རིས་བཅས་ད་ལིས་བདུན་པ་འདིས་འཁྲུ་སྐྱུག་བྱེད་པ་དང་མ་ཞུ་བ་དང་ལྕགས་དྲེག་ལྷེན་སྐྲན་རྣམས་འཇོམས་པ་དང༌། ཕོ་བའི་ཟུག་གཟེར་བྱེད་པ་འཇོམས་ཤིང་ཡི་ག་འབྱེད། གོང་བཤད་ཀྱི་ད་ལིས་དང༌། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་གྱི་གཙོ་བོ་བྱས་ནས་གཞིར་བཞག་ལ། ཤིང་ཚ་དང༌། སུག་སྨེལ་དང༌། ཟི་ར་ནག་པོ། ཁ་རུ་ཚྭ་དང་བཅས་པའི་ད་ལིས་བརྒྱད་པ་འདིས་བད་ཀན་དང་གྲང་བ་རྣམས་སེལ་བ་དང༌། རྒྱམ་ཚྭ་དང་ལྕེ་མྱང་ཚྭ་རྐྱང་སེལ་དུ་བཤད་པ་དང༌། ཁ་རུ་ཚྭ་དང་ཐལ་ཚྭ་རྣམས་བསྡེབས་པའི་ད་ལིས་བརྒྱད་པས་ཕོ་བ་སྦོས་པ་སེལ་བར་བྱེད། ཛཱ་ཏི་དང༌། སུག་སྨེལ་དང༌། ཟི་ར་ནག་པོ་དང༌། ཀ་ཀོ་ལ་རྣམས་བསྡེབས་པའི་ད་ལིས་བརྒྱད་པས་སྙིང་རླུང་མ་ལུས་སེལ་བར་བྱེད། མ་ནུ་པ་ཏྲ་དང༌། སླེ་ཏྲེས་དང༌། རྒྱམ་ཚྭ་དང༌། པི་པི་ལིང་བཅས་བསྡེབས་པའི་ད་ལིས་བརྒྱད་པས་རོ་སྟོད་ཀྱི་ནད་རྫིངས་པ་རྣམས་སེལ་བར་བྱེད། རྒྱ་ཚྭ་དང༌། སྡིག་པ་དཀར་པོ། ལྕམ་པ། སུག་སྨེལ་རྣམས་བསྡེབས་པའི་ད་ལིས་བརྒྱད་པ་འདིས་མཁལ་མའི་ནད་ཆུ་འགགས་པ་སེལ། ཤིང་ཚ་དང༌། སུག་སྨེལ་དང༌། ཟི་ར་ནག་པོ་དང༌། ལ་ལ་ཕུད་རྣམས་བསྡེབས་པའི་ད་ལིས་བརྒྱད་པ་འདིས་གྲང་བའི་འཁྲུ་བ་གཅོད་པར་བྱེད། ཛཱ་ཏི་དང༌། སུག་སྨེལ་དང༌། ཀ་ཀོ་ལ་དང་ནི། རྒྱ་ཚྭ་དང༌། ལྦ་ཚྭ་དང༌། དབྱི་མོང་དཀར་པོ་དང༌། ཙི་ཏྲ་ཀ་རྣམས་བསྡེབས་པའི་ད་ལིས་བཅུ་གཅིག་གི་ཅུར་ནིས་ཞེས་ཕྱེ་མ་འདིས་གྲང་བའི་ནད་ཀུན་སེལ་ཞིང་ལྷག་པར་དུ་བད་ཀན་སྐྱ་བ་འཇོམས་པར་འགྱུར་ལ། དེ་དག་ཀུན་གང་ལ་གཏོང་ནའང་ཀ་ར་དཀར་པོ་སྲང་རེའི་རྟ་དང་སྦྱར་རོ། །དེ་ལྟར་ད་ལིས་ཀྱི་སྦྱོར་བ་བཅུ་བཞིའོ། །

རྒྱལ་པོ་ལས་ཅུང་ཟད་དམན་པ་རྗེའུ་ལྟ་བུའི་སྦྱར་བ་གནོད་སྦྱིན་རྒོད་མ་ཁ་ནི་ཕྱིའི་རྒྱ་མཚོ་ཆེན་པོའི་ཕྱི་རོལ་དུ་རྡོ་སོལ་གྱི་རང་བཞིན་ཁོར་ཡུག་གི་རི་བོ་འཕངས་སུ་དཔག་ཚད་སུམ་བརྒྱ་དང་བཅུ་གཉིས། རྒྱང་གྲགས་བཞིར་ཆས་མངོན་པ་ནས་བཤད་པ་བཞིན་རྒྱ་མཚོའི་དཔངས་དང་མཉམ་པ་དེ་ལ་རྒོད་མ་ཁའི་མེ་ཞེས་པ་མེ་གཞན་ལས་སྟོང་འགྱུར་གྱིས་ཚ་བ་དང༌། རྟའི་གདོང་པའི་དབྱིབས་ལྟར་འབར་བས་རྟ་གདོང་གི་མེ་ཞེས་པའམ། སྔོན་གནོད་སྦྱིན་གྱི་རིགས་ཀྱི་བུ་རྟ་རྒོད་མའི་གདོང་པ་ཅན་ཞིག་སྐྱེས་པ་དེས་ཁ་ཟས་ཅི་ཟོས་ཀྱང་མི་འཇུ་བ་མེད་པ་ཞིག་བྱུང་བའི་གཏམ་རྒྱུད་དང་སྦྱར་ཏེ་བཏགས་པས་མེ་དེ་ལས་ཆུ་མཚོ་ཇི་ལྟར་རྒྱས་ཀྱང་འདའ་མི་ནུས་པ་ལྟར་གྲང་ནད་ཇི་ལྟར་རྒྱས་ཀྱང་སྦྱོར་བ་འདི་ལས་འདའ་བར་མི་ནུས་པས་དེ་དང་མཚུངས་མིང་དུ་བཏགས་པ་ཁ་བསྒྱུར་དང་བཅས་པའི་སྦྱོར་བ་བདུན་ནི། ཀ་རཉྫ་ཞེས་རྐྱང་སེལ་དུ་བཤད་པ་ལྟར་དང༌། བཅའ་སྒ་དང༌། ཙི་ཏྲ་ཀ་དང༌། བྱི་ཏང་ག་དང༌། ཨ་རུ་ར་དང༌། པི་པི་ལིང་རྣམས་ཀ་ར་དང་སྦྱར་བའི་ཀ་རཉྫ་དྲུག་པས་མ་ཞུ་སྦོ་སྒྲེག་འགྱིངས་པ་རྣམས་འཇོམས་ཤིང༌། ཁྱད་པར་དུ་ཕོ་བའི་མེ་དྲོད་རྣམས་བསྐྱེད་པའི་མཆོག་གོ། གོང་གི་དྲུག་པོ་གཞིར་བཞག་པ་དེའི་སྟེང་ལ་ཁ་བསྒྱུར་རྒྱམ་ཚ་དང་གསེར་གྱི་མེ་ཏོག་རྣམས་བསྡེབས་པའི་ཀ་རཉྫ་བརྒྱད་པས་དྭངས་མ་མ་ཞུ་བ་དང་མིག་སེར་རྣམས་སེལ་བར་བྱེད་ཅིང༌། དྲུག་སྟེང་དུ་སེ་འབྲུ་བསྡེབས་པའི་ཀ་རཉྫ་བདུན་པས་ཁྱད་པར་དུ་དང་ག་འབྱེད་པར་བྱེད། ཁ་རུ་ཚྭ་དང༌། ཤིང་ཀུན་དང་ན་ལེ་ཤམ་སྟེ་ཕོ་རིས་བཅས་བསྡེབས་པའི་ཀ་རཉྫ་དགུ་པས་ལྷག་པར་དུ་ཕོ་བ་སྦོས་པ་འཇོམས་པ་དང༌། ན་ལེ་ཤམ་སྟེ་ཕོ་བ་རིས་བསྡེབས་པའི་ཀ་རཉྫ་བདུན་པས་ལྷག་པར་མེ་དྲོད་སྐྱེད། རྒྱ་ཚྭ་དང་རྒྱམ་ཚྭ་ཁ་རུ་ཚྭ་དང་བཅས་བསྡེབས་པའི་ཀ་རཉྫ་དགུ་པས་ཁྱད་པར་དུ་མ་ཞུ་བ་འཇུ་བར་བྱེད་པ་ཡིན། ཐལ་སྨན་རྣོ་འཇམ་བར་གསུམ་གང་འོས་བསྡེབས་པའི་ཀ་རཉྫ་བདུན་པས་གྲང་སྐྲན་རྣམས་ཐལ་བར་རློག་པར་བྱེད་དོ། །དེ་ལྟར་རྗེའུའི་སྦྱོར་བ་ཁ་བསྒྱུར་དང་བཅས་པ་བདུན་ནོ། །

སྡེ་ཚན་གཅིག་ཏུ་མ་ངེས་པ་སྣ་ཚོགས་སམ་ཁ་འཐོར་དུ་གནས་པ་དམངས་ལྟ་བུའི་སྦྱོར་བ་བཅོ་བརྒྱད་ནི། སུག་སྨེལ་དང༌། ནཱ་ག་གེ་སར་དང༌། པུཥྤ་གེ་སར་དང༌། ལ་ལ་ཕུད་དང༌། བཅའ་སྒ་དང༌། བཙོད་དང༌། པི་པི་ལིང་རྣམས་ཀ་ར་དང་སྦྱར་བའི་སུག་སྨེལ་བདུན་པ་སྟེ་ཞེས་པ་འོག་མ་འདྲེན་ཚིག་ཡིན་ལ་འདིས་བད་ཀན་ཕོ་བར་འགྱིངས་པ་དང༌། ལུད་པ་ལུ་བ། དང་ག་མི་བདེ་བ་དང་སྐྱུག་པ་རྣམས་སེལ་བར་བྱེད། སུག་སྨེལ་དང༌། བཅའ་སྒ་དང༌། རྒྱམ་ཚྭ་དང༌། པི་པི་ལིང་དང༌། གླ་རྩི་དང༌། སྡིག་སྲིན་དང༌། ལྕམ་པ་དང༌། ཨ་འབྲས་སྲ་འབྲས་འཇམ་འབྲས་ཏེ་འབྲས་སྣ་གསུམ་བཅས་བུར་དཀར་དང་སྦྱར་པའི་སུག་སྨེལ་བཅུ་པ་སྟེ། མཁལ་མའི་ནད་གྲང་བར་གྱུར་པ་དང་རྡེ་ནད་དང་ཆུ་འགགས་པ་རྣམས་སེལ་བར་འགྱུར་ལ། རྡེ་ནད་ལ་དེ་སྟེང་རྡེ་ནད་ཕྱུང་བའི་རྡེའུ་རང་དང༌། གསེར་བྱེ། རྒྱམ་ཚྭ་རྣམས་བསྣན་ན་མཆོག་ཏུ་གྱུར་ཀྱང༌། རྡེའུ་ཕྱུང་བ་དངོས་མ་བྱུང་ན་ཆུ་གཙང་པོ་རྒྱུན་འབབ་ཀྱི་རྡེའུ་རིལ་མ་ཙམ་གྱིས་ཚབ་རུང་ངོ༌། །སྒ་རྒོད་དང༌། ཤིང་ཀུན་དང༌། མ་ནུ་པ་ཏྲ་དང༌། ཁ་རུ་ཚྭ་རྣམས་བུར་དཀར་དང་སྦྱར་བའི་སྨན་སྒ་བཞི་པ་འདིས་ཕན་ཡོན་འདི་ལྟར་ཡོད་དེ། མཁལ་མ་དང་རྐེད་པ་རྩིབ་མའི་ལོགས་སོགས་སུ་ཟུག་བྱེད་པ་དང་དབུགས་མི་བདེ་བ་དང་སྐྱིགས་བུ་བྱེད་པ་དང་ཁ་དང་གདོང་གཡོ་བའི་ནད་རྣམས་སེལ་བར་བྱེད། རུ་རྟ་དང༌། མ་ནུ་པ་ཏྲ། བཅའ་སྒ་དང༌། ཨ་རུ་ར་རྣམས་ཀ་ར་དང་སྦྱར་བའི་རུ་རྟ་བཞི་པ་འདི་སྦྱར་ཏེ་བཏང་བས་བད་རླུང་དང་ཕོ་མཆིན་གྱི་སྐྲན་དང་མཆེར་པའི་ནད་རྣམས་འཇོམས། ཤུ་དག་ནག་པོ་སྲང་གང༌། རུ་རྟ་ཞོ་དྲུགབཅའ་སྒ་དང་ཁ་རུ་ཚྭ་ཞོ་བཞི་རེ་བྱེད་པ་འཐད། ལག་ལེན་པོད་ཆུང་དུ་ཤུ་དག་རུ་རྟ་སྲང་རེ་རེ། བཅའ་སྒ་སྲང་ཕྱེད། ཁ་རུ་ཚྭ་ཞོ་ཕྱེད་གཉིས་བཤད་ཅིང༌། གཞན་ཡང་འདོད་ལུགས་ཀྱི་སྦྱོར་བ་ནི་མང་ཡང་གོང་བཤད་ལྟར་ཚད་ལྡན་དུ་ཀ་ར་དང་སྦྱར་བའི་ཤུ་དག་བཞི་པ་འདིས་མ་ཞུ་བའི་སྐྱིགས་བུ་དང་དབུགས་མི་བདེ་བ་དང༌། བད་རླུང་དང༌། སྟོད་གཟེར་བྱེད་པ་སྐྱ་རྦབ་དང་གཞང་འབྲུམ་རྣམས་འཇོམས། ཤིང་ཀུན་དང༌། མ་ནུ་དང༌། རུ་རྟ། ཨ་རུ་ར། དོང་གྲ་ཞེས་སྒ་སྨུག་རྣམས་ཀ་ར་དང་སྦྱར་བའི་ཤིང་ཀུན་ལྔ་པས་སྙིང་ག་ན་བ་དང་མཆེར་ནད་ལ་སོགས་པས་རྩིབ་ལོགས་གཟེར་བ་རྣམས་འཇོམས། ཤིང་ཀུན་དང༌། ཤུ་དག་ནག་པོ་དང༌། བཅའ་སྒ་དང༌། ཁ་རུ་ཚྭ་དང༌། རུ་རྟ་དང༌། མ་ནུ་པ་ཏྲ། ཟི་ར་ནག་པོ། ཨ་རུ་ར་དང་བཅས་པའི་ཤིང་ཀུན་བརྒྱད་པ་འདིས་དྲོད་ཆུང་བ་དང༌། བད་ཀན་ལྕགས་དྲེག་དང༌། ལྷེན་དང་ཕོ་བ་སྦོས་ཤིང་གཟེར་བྱེད་པ་འཇོམས་ལ་མཆོག་ཏུ་མེ་དྲོད་རྣམས་སྐྱེད་དོ། །ཤིང་ཀུན་དང༌། ཤུ་དག་ནག་པོ། སེ་འབྲུ། སྒ་པི་ཕོ་བ་རིས་དབྱི་མོང་ཙི་ཏྲ་ཀ་སྟེ་ཚ་བ་ལྔ། ཤུ་ཏི་ཞེས་པ་སེར་ལ་སྙེ་མ་ཅན་མ་ནུའི་རིགས་སུ་བཞེད་པ་དང་འུ་སུ་ནག་པོར་བཞེད་པ་སོགས་མཆིས་ཀྱང་སྤྲུ་མའི་འབྲུ་དང༌། སེ་ཡབ་སྨུག་པོ་དང༌། འུ་སུ། ཡ་བཀྵ་ར། མ་ནུ་པ་ཏྲ། ཟི་ར་ནག་པོ། རྒྱམ་ཚྭ་དང༌། ལ་ལ་ཕུད། ཨ་རུ་ར་དང༌། ལྕེ་མྱང་ཚྭ་དང༌། ཁ་རུ་ཚྭ་དང༌། ཏི་མུ་ས་སྟེ་བྱ་རྐང་དང་བཅས་བུར་དཀར་སྲང་བརྒྱད་སྦྱར་བའི་ཤིང་ཀུན་གྱི་ཅུར་ནིས་ཏེ། ཕྱེ་མས་ལྟོ་བ་སྦོས་པ་དང༌། ཡི་ག་འཆུས་པ་དང༌། ཁ་ཟས་མི་འཇུ་ཞིང་གདོང་སྐྲངས་པ། དབུགས་མི་བདེ་བ། སྟོད་རྒྱངས་པ་དང༌། ལུད་པ་མང་མཆིན་པ་དང་མཆེར་པ་སོགས་ལ་ནད་ཡོད་པའི་རྩིབ་ལོགས་གཟེར་བ་དང༌། མཁལ་རྐེད་དང་རྐང་ལག་སྐྲངས་པ་དང་དྲི་ཆུ་སྲི་བ། སྐྲན་དང་སྐྱ་རྦབ་དང་དམུ་རྫིང་དང་སྐྱུག་པ་རྣམས་སེལ་བར་བྱེད། བྱི་ཏང་ག་དང༌། ཤིང་ཀུན་དང༌། མ་རུ་ཙེ་ཞེས་སྲིན་བུ་དམར་ལེབ་དང༌། བཅའ་སྒ་དང༌། གླ་རྩི་དང༌། ཕུར་ནག་དུ་བ་མ་ཤོར་བ་ནུས་ལྡན་དུ་བསྲེགས་ཐལ་དང༌། པི་པི་ལིང་སོགས་བུར་དཀར་དང་སྦྱར་བའི་བྱི་ཏང་བདུན་པ་སྟེ་ཞེས་འོག་འདྲེན་གྱི་ཚིག་ཡིན་ལ། འདིས་ཕོ་ལོང་སྲིན་ནད་དང་གཞང་འབྲུམ་གྱི་ནད་མ་ལུས་པ་འཇོམས་པར་འགྱུར། དེ་ཡང་མགོ་སྲིན་ལ་ཤ་བའི་ཚིལ་དང་སྦྱར་བ་འཁར་གོང་མེ་ལ་བསྲེགས་པའི་སྟེང་དུ་བཞག་ལ་སྣར་བདུག་གོ། །ད་ཏྲིག་དང༌། སེ་འབྲུ། ཤིང་ཚ་དང༌། པི་པི་ལིང༌། བཅའ་སྒ། ཀ་པེད་དང༌། ཐ་རམས་ཞེས་ཏི་གུ་ལམ་སྐྱེས། མོན་ཆ་ར་དང༌། ན་རམས་ཞེས་ན་སྤང་ལ་སྐྱེ་བའི་རམ་བུ་འདྲ་བ་རྣམས་དང་བུར་དཀར་སྦྱར་བའི་ད་ཏྲིག་དགུ་པས་ཕོ་བ་འུར་ཞིང་འཁྲོག་ལ་སྒྲེག་པ་བྱེད་ཅིང་གྲང་བས་འཁྲུ་བ་རྣམས་གཅོད་པར་བྱེད། ད་ཏྲིག་དང་སྨག་སྟེ་མུ་ནི་དྲུང་ཤིང་དང་བཤད་མ་ཐག་པའི་ཐ་རམས་པ་དང་ལོ་བཙན་དང་སྤོད་དེ་པི་པི་ལིང་ངམ་ཕོ་བ་རིས་དང༌། རི་དྭགས་གཙོད་ཀྱི་ཁྲག་དང༌། ལུག་མུར་དང་བཅས་པའི་ད་ཏྲིག་བདུན་པ་ཞེས་བྱ་བ་འདི་ནི་ཚ་འཁྲུ་གྲང་འཁྲུ་གཉིས་ཀ་ལ་བསྔགས་ཏེ། ཚ་ན་ཀ་ར་གྲང་ན་བུ་རམ་གྱི་རྟས་བསྒྱུར་བས་འཁྲུ་བའི་རིགས་གཅོད་པའི་མཆོག་གོ། །ཡ་བཀྵར་དང༌། སེ་འབྲུ་དང༌། པི་པི་ལིང་དང༌། ཤིང་ཀུན་དང༌། བཅའ་སྒ་དང༌། སྟར་བུ། རྒྱམ་ཚྭ་རྣམས་ཀ་ར་དང་སྦྱར་བའི་ཡ་བཀྵ་ར་བདུན་པས་གཞང་གཟེར་ཞིང་ལྦུ་བ་དང་བེ་སྣབས་ཏེ་སྣབས་འདྲ་བ་སྒྲ་དང་བཅས་པའི་འཁྲུ་བ་གཅོད། ཤིང་མངར་གང་བྱུང་དང༌། འབྲས་དཀར་པོ་དང༌། སེ་ཡབ་སྨུག་པོ། བྱི་ཏང་གགོ་སྙོད་དང༌། འུ་སུ་སོགས་བཤད་མ་ཐག་པ་ལྟར་ཚ་གྲང་ལ་རྟ་ཡིས་བསྒྱུར་བའི་ཤིང་མངར་དྲུག་པ་འདིས་སྐྱུག་པ་རྣམས་གཅོད་པའི་མཆོགབྱི་ཏང་ག་དང༌། སྒོག་སྐྱ་དང༌། མ་རུ་ཙེ་དང༌། སོ་མ་ར་ཛ་དང༌། དྲེས་མའི་འབྲུ་དང༌། ཕུར་མོང་ནག་པོའི་ཐལ་བ་དང༌། གླ་རྩི་རྣམས་གོང་ལྟར་ཚ་གྲང་རྟས་བསྒྱུར་བ་སྲིན་སྨན་གྱི་མཆོག་ཡིན་ཏེ། དེ་ཡང་ཁོང་སྲིན་རྣམས་ལ་ལྟོར་བཏང་ཞིང༌། མགོ་སྲིན་ལ་སྣ་ནས་གོང་ལྟར་བདུག་པ་དང༌། གཞང་སྲིན་ལ་མས་ནས་རེང་བུའམ་ནི་རུ་ཧས་བཏང་ལ་པགས་སྲིན་ལ་ཕྱི་ནས་བྱུག་གོ། རྒྱམ་ཚྭ་དང༌། ལ་ལ་ཕུད་དང༌། ཨ་ཟ་མོ་ཞེས་དབྱི་མོང་དཀར་པོ་དང༌། པི་པི་ལིང་དང༌། བཅའ་སྒ་རྣམས་ཆ་རིམ་གྱིས་ཕྱི་མ་བསྐྱེད་ལ། དེ་དག་ཀུན་དང་ཆ་མཉམ་པའི་ཨ་རུ་ར་བསྲེགས་པའི་ཐལ་བ་དང་བཅས་པར་བུ་རམ་སྦྱར་བ་མངོན་སུམ་གྱི་མེ་དང་འདྲ་བ་ལ་ཤིན་ཏུ་ཚ་བས་གྲང་བའི་རིགས་ཀྱི་ནད་མཐའ་དག་སེལ་བར་བྱེད་པ་སོགས་སྣ་ཚོགས་ཁ་འཐོར་བཅོ་བརྒྱད་དེ་གྲང་སེལ་རེ་དགུ་དང༌། གོང་གི་ཚ་སེལ་གོ་དྲུག་བསྡོམས་པས་ཕྱེ་མའི་སྦྱོར་བ་བརྒྱ་དང་རེ་ལྔ།

དེ་རྣམས་ལ་སོགས་པའི་གོང་བཤད་ཀྱི་ཚ་སེལ་དང་གྲང་སེལ་གྱི་ཕྱེ་མ་གང་ཡང་སྦྱར་བའི་ཐབས་ནི་ཟླ་ཟེར་ལས། གང་དུ་ཚད་ནི་མ་བཤད་པར། །དེར་ནི་ཆ་མཉམ་སྦྱར་བར་བཤད། །ཅེས་པ་ལྟར་ཚད་མེད་ཅིང་མ་བཤད་པ་རྣམས་གཞན་ཆ་མཉམ་ཞིང་སྨན་ཐོག་མའམ་གང་གཙོ་བོར་སྨོས་པ་དེ་ཐུན་ཚད་ཆེ་བའམ་ཉིས་འགྱུར་དུ་བསྐྱེད་པའི་སྦྱོར་བར་སྤྱིར་བཏང་དུ་བཤད་པ་དང༌། ཚད་དངོས་སུ་བཤད་པ་རྣམས་ཚད་དེ་བཞིན་དུ་སྦྱར་བ་གཅེས་པ་ཡིན་ཞིང༌། ཁ་གསལ་བ་དང་ལག་ལེན་གཞན་ནས་ཁ་བསྐང་བ་སོགས་གོང་དུ་སྨྲས་པ་བཞིན་ཡིན་ཀྱང༌། ཞིབ་པ་ནི་གཏོང་བྱའི་གང་ཟག་ཕོ་མོ་རང་བཞིན་འདུ་བ་ཤས་ཆེ་ཆུང་སོགས་དེ་མཚུངས་གཏོང་རྒྱུའི་སྨན་ཀྱང་གང་འཕྲོད་དང༌། དེ་ལའང་མཆོག་དམན་ཕལ་པ་སོགས་བརྟགས་ཏེ་སྦྱར་དགོས་པ་ནི་ངག་ཏུ་ཉན་ཞིང་ཤེས་རབ་ཀྱིས་དཔྱོད་དགོས་པ། རྭ་ཅོའི་རིགས་རྣམས་གང་གཏོང་ཡང་ཐལ་ཚན་ནང་དུ་རྩི་ཧྲོག་ཙམ་བསྲེག་ཅིང༌། རྭ་དང་ཤིང་ལ་སོགས་པ་གང་སྲ་བའི་རིགས་རྣམས་སྣ་ལ་བརྡུང་བ་དང༌། རླན་ཅན་དང་སྣུམ་བག་ཡོད་པའི་རིགས་རྣམས་ཕྱི་ལ་བཞག་སྟེ་སྨན་ནུས་ཆེ་བ་དང་མྱུར་བ་སོགས་ཞིབ་པ་ལས་འབྱུང་བས་ན། གསེར་འགྱུར་གྱི་རྩི་བཞིན་དུ་ཞིབ་མོར་བཏགས་ཏེ། སྨན་རྟ་ཡང་གཉན་མེད་པའི་དབང་གིས་ཚ་སེལ་ཐམས་ཅད་ཤེལ་ཀ་ར་གཙོ་བོའི་སྨན་ལས་དྲུག་འགྱུར་གྱི་མང་བར་སྦྱར་བ་དང༌། དེ་བཞིན་དུ་གྲང་སེལ་ཐམས་ཅད་སྨན་ལས་བུ་རམ་བཞི་འགྱུར་གྱི་མང་བར་སྦྱར་བ་དང༌། སྨན་ནད་ལྡང་བ་ཡོད་པའི་སྦྱོར་སྡེ་གང་ཡང་རྣམ་གྲངས་ངེས་མེད་འདྲེས་པར་ཡོད་ན་རྟ་ཡང་དེ་བཞིན་དུ་འཆོལ་བར་སྦྱར་དུ་རུང་བ་སོགས་བཤད་ལ། འོན་ཀྱང་བྱང་ལུགས་ཀྱི་འགྲེལ་པ་ནད་གདོན་དཔུང་འཇོམས་ལས། ཚ་སེལ་ཐམས་ཅད་ཀ་ར་སྦྱར་ཞེས་བཤད་ཀྱང༌། སྤྱིར་སྨན་ཐམས་ཅད་སྨན་རྟ་མེད་པ་རྣོ་ལ། ཁྱད་པར་དུ་གཉན་ནད་གང་ནས་འབྱུང་མི་ཤེས་པས་མེད་པར་བྱའོ་ཞེས་པ་ལྟར་ལག་ཏུ་ལེན་པར་བྱ་ཞིང༌། འཕགས་ཡུལ་གྱི་ཕྱེ་མའི་སྐད་དོད་ཙཱུརྞི་ཟུར་ཆག་པས་ཅུར་ནིས་དང༌། ཏྲེས་སམ་ཞེས་ཞང་ཞུང་གི་སྐད་དང༌། སྤྱིར་བཏང་ཕྱེ་མའི་མིང་དུ་བཤད་པ་དེ་རྣམས་ཀྱི་ཚ་སེལ་ཐམས་ཅད་གངས་ཆུ་ཆུ་བསིལ་ལམ་བསྐོལ་གྲང་གིས་དབུལ་བ་དང༌། མེ་དྲོད་ཆུང་བས་སྨན་དེ་འཇུ་བ་དཀའ་ན་ཚ་སེལ་དེ་ཡང་ཆུ་བསྐོལ་ཤིས་པ་སྟེ་ལེགས་ལ། གྲང་སེལ་གྱི་རིགས་ཐམས་ཅད་ཆུ་བསྐོལ་ཚ་མོས་དབུལ་ཞེས་དང༌། གཞན་ཡང་རླུང་ནད་རྐྱང་པར་ཆང༌། གློ་ནད་ལ་འོ་མ་སོགས་སོ་སོར་བཤད་ནའང་གཞན་འདྲེས་མེད་ངོས་ཟིན་རྐྱང་པ་རུང་ན་མ་གཏོགས་ཕལ་ཆེར་ཆུ་བསྐོལ་ཚད་ལྡན་ཤིས་ཤིང་ཟས་སྨན་ཡང་བཤད་རྒྱུད་ནས་ནད་དམིགས་དང་སྦྱར་བའི་གཏོང་ཚུལ་རྒྱས་པ་བཅུར་བཤད་ཟིན་ཀྱང་རྒྱུད་འདིར་སྤྱིར་བཏང་ཙམ་དུ་དེ་ཡང་ཟས་ཞུ་ནས་སྨན་བཏང་ལ་སྨན་ཞུ་ནས་ཟས་བཏང་བར་གཅེས་ཏེ། ཐང་ཞུ་བ་མྱུར་བ་སྟེ། རིལ་བུ་བུལ་བ་དང༌། ཕྱེ་མ་འབྲིང་དུ་ཤེས་པར་བྱ་ཞིང༌། ཟས་རུལ་པོ་དང་སྐྱུར་པོ་དང་སྔོ་ངད་སོགས་འཇུ་དཀའ་བ་ཐམས་ཅད་སྨན་གཏོང་བའི་དུས་ཀུན་ལ་སྤང་ངོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ཀྱི་སྦྱོར་བ་གཉིས་པ་ཕྱེ་མའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།