སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་བཞི་པ། ངོས་འཛིན་རྟགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
རྩ་རྒྱུད། >> ལེའུ་བཞི་པ། ངོས་འཛིན་རྟགས།



ལེའུ་བཞི་པ། ངོས་འཛིན་རྟགས།

གནས་ལུགས་ནད་གཞིའི་རྩ་བ་ལས་འཕྲོས་པའི་དོན་ལྷག་མ་ལུས་པར་གསུངས་ཚར་བའི་རྗེས་ཐོག །དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་པའོ། །ངོས་འཛིན་རྟགས་ཀྱི་རྩ་བ་ལས་སྐྱེས་པའི་ནད་དེ་དག་ལ་བརྟག་ཐབས་ཀྱི་སྡོང་པོ་གསུམ་སྟེ་བལྟ་བའི་སྡོང་པོ། དེ་བཞིན་རེག་པ། དྲི་བའི་སྡོང་པོ་གསུམ་གྱིས་ནད་བྱེ་བྲག་སོ་སོར་ཡོངས་སུ་ཤེས་པར་བྱའོ།། 

སྡོང་པོ་དང་པོ་མིག་གིས་བལྟ་བའི་སྡོང་པོ་ལ་ལྕེའི་ཡལ་ག་དང༌། ཆུའི་ཡལ་ག་གཉིས་ལ་བརྟག་པར་བྱ་སྟེ། དེ་ལྟར་བརྟག་པའི་ཚུལ་འདི་ནི་མིག་གིས་མཐོང་བའི་ཡུལ་གཟུགས་ཀྱི་སྒོ་ནས་རིག་པ་ཡིན་ནོ། །རེག་པའི་སྡོང་པོ་ལ་ཡལ་ག་གསུམ་ནི་སོར་མོས་ནད་པའི་འཕར་རྩ་ལ་རེག་པ་ནི་ནད་དང་སྨན་པའི་བརྡ་སྦྱོར་བའི་ངག་འཕྲིན་པ་ལྟ་བུ་ནི་མཁྲིག་མ་དང་ཉེ་བའི་འཕར་རྩ་ལ་བརྟག་པ་ཡིན་ལ། བརྟག་པ་འདི་ནི་འཕར་ཚུལ་ལ་བརྟེན་ནས་རྣམ་པར་དག་པའི་རྣམ་དཔྱོད་དང་ལྡན་པས་དོན་མ་འཁྲུལ་བར་རིག་པ་ཡིན་ཏེ་དེ་ལ་རླུང་གི་ཡལ་ག མཁྲིས་པའི་ཡལ་ག བད་ཀན་གྱི་རྩའི་ཡལ་ག་གསུམ་མོ། །དྲི་བའི་སྡོང་པོ་ལས་ངག་གི་དྲི་བ་དང་པོ་སློང་རྐྱེན། བར་དུ་ན་ལུགས། ཐ་མར་གོམས་པའི་ཟས་སྤྱོད་འདྲི་བའི་སྒོ་ནས་བརྟག་པ་འདི་ནི་རྣ་བའི་དབང་པོར་ཐོས་པ་སྒྲའི་སྒོ་ནས་རིག་པ་ཡིན་པས་དྲི་བའི་སྡོང་པོ་ལས་སྐྱེས་པའི་ཡལ་ག རླུང་དྲི་བའི་ཡལ་ག མཁྲིས་པ་དྲི་བའི་ཡལ་ག བད་ཀན་དྲི་བའི་ཡལ་ག་གསུམ། 

ལྕེའི་ཡལ་ག་ལས་སྐྱེས་པ་རླུང་གི་ལྕེ་ནི་ཁ་དོག་དམར་ཞིང་རེག་བྱ་སྐམ་ལ་རྩུབ་པ་ཞིག་འབྱུང་བའི་ལོ་མ། མཁྲིས་པའི་ལྕེ་ནི་རེག་བྱ་འབྱར་བག་ཅན་བད་ཀན་དང་འདྲ་བ་ལ་ཁ་དོག་སྐྱ་སེར་མཐུག་པོས་ལྕེ་ཐམས་ཅད་ཁྱབ་པར་གཡོགས་པ་ཞིག་འབྱུང་བའི་ལོ་མ་དང༌། བད་ཀན་གྱི་ལྕེ་ནི་ཁ་དོག་སྐྱ་ལ་གླེག་ཅེས་པ་མཐུག་པའི་དོན་ཡིན་པས་མདོག་སྐྱ་ཞིང་མཐུག་པ། དམར་བ་ལ་སོགས་པའི་མདངས་མེད་ཀྱང་རེག་བྱ་འཇམ་ལ་རློན་པ་ཞིག་འབྱུང་བ་སྟེ་ལྕེའི་ལོ་མ་གསུམ་མོ། །ཆུའི་ཡལ་ག་ལས་སྐྱེས་པའི་ལོ་མ་རླུང་ནད་ཅན་གྱི་ཆུ་ནི་སྔོ་ལ་སླ་བ་ལུ་མའི་ཆུ་འདྲ་བ་ལ་དཀྲུགས་པའི་ཚེ་ན་ལྦུ་བ་ཆེ་བ་ཞིག་འབྱུང་བའི་ལོ་མ། མཁྲིས་ནད་ཅན་གྱི་ཆུ་ནི་ཁ་དོག་དམར་སེར་རླངས་པ་ཆེ་ཞིང་དྲི་མ་དུགས་ཏེ་དྲི་མ་ཤིན་ཏུ་ཆེ་བ་ཞིག་འབྱུང་བའི་ལོ་མ། བད་ཀན་གྱི་ཆུ་ནི་ཁ་དོག་དཀར་ལ་དྲི་དང་རླངས་པ་ཆུང་བའི་ལོ་མ་ཞིག་སྟེ་ཆུའི་ལོ་མ་གསུམ་མོ།། 

རེག་པའི་སྡོང་པོ་ལས་སྐྱེས་པའི་རླུང་གི་ཡལ་ག་ལ་བལྟ་གནས་ཀྱི་སོར་མོའི་འོག་ཏུ་འཕར་བའི་རྩ་ནི་སྟེང་དུ་ཀྱལ་བ་དང་མནན་ན་སྟོང་ཞིང་སྐབས་སྐབས་སུ་འཕར་མི་ནུས་པར་སྡོད་པ་དེ་ལོ་མ་གཅིག མཁྲིས་པའི་ཡལ་ག་ལས་སོར་མོའི་འོག་ཏུ་འཕར་རྩ་ནི་མགྱོགས་ཤིང་རྒྱས་པ་མནན་ཀྱང་མི་སྡོད་པ་རྟ་རྔ་དྲིལ་བ་བཞིན་དུ་གྲིམས་པ་ཕྲ་བར་འཕར་བའི་ལོ་མ་གཅིག བད་ཀན་གྱི་ཡལ་ག་ལས་འཕར་རྩ་ནི་གཏིང་དུ་བྱིང་ཞིང་གུད་པ་སྟེ་ཤེད་ཆུང་ལ་དལ་བར་འཕར་བའི་ལོ་མ་གཅིག་བཅས་རླུང་མཁྲིས་བད་ཀན་གྱི་ཡལ་ག་རེ་ལ་ལོ་མ་རེའོ།། 

དྲི་བའི་སྡོང་པོ་ལས་སྐྱེས་པའི་རླུང་གི་དྲི་བའི་ཡལ་ག་ནི་རླུང་ནད་དེ་སློང་རྐྱེན་གཉིས་ཏེ་ར་ཤ་དང་ཇ་ལ་སོགས་པ་ཡང་ལ་རྩུབ་པའི་ཟས་སྐོམ་དང༌། སྨྱུང་བར་གནས་པའི་བྱ་བ་དང་བསེར་བུའི་ངད་ལ་གནས་པ་སོགས་ཡང་ལ་རྩུབ་པའི་སྤྱོད་ལམ་གྱི་རྐྱེན་གཉིས་ཀྱི་ལོ་མ་གཅིག རྐྱེན་དེ་གཉིས་ཀྱིས་བསླང་བའི་ན་ལུགས་ནི་གཡལ་ཞིང་འདར་བའི་ལོ་མ། བྱ་རྨྱང་གི་ལོ་མ་དང་གྲང་ཤུམ་བྱེད་པའི་ལོ་མ་དང༌། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན་པའི་ལོ་མ། གཟེར་བ་ངེས་མེད་འཕོ་ཞིང་ན་བའི་ལོ་མ། སྟོང་སྐྱུགས་བྱེད་པའི་ལོ་མ་དང་མིག་ལ་སོགས་དབང་པོ་མི་གསལ་བའི་ལོ་མ། ཤེས་པ་འཚུབ་པའི་ལོ་མ་དང་བཀྲེས་པའི་དུས་ལ་ན་བའི་ལོ་མ་སྟེ་ན་ལུགས་ལོ་མ་དགུའོ།། སྣུམ་བཅུད་ཀྱི་ཟས་སྐོམ་ཕན་པར་ངེས་པའི་ལོ་མ་གཅིག །དེ་ལྟར་རླུང་གི་དྲི་བའི་ལོ་མ་སློང་རྐྱེན་གཉིས་ལ་གཅིག ན་ལུགས་དགུ། གོམས་པ་གཅིག་སྟེ་ལོ་མ་ཁྱོན་བཅུ་གཅིག་གོ །མཁྲིས་པ་དྲི་བའི་ཡལ་ག་ལས་འབྲུ་མར་ལོ་མར་གར་ཆང་སོགས་རྣོ་ཞིང་ཚ་བའི་ཟས་སྐོམ་གྱི་རྐྱེན་དང༌། མེ་དང་ཉི་མ་ཡུན་རིང་བསྲོ་བ་སོགས་རྣོ་ཞིང་ཚ་བའི་སྤྱོད་ལམ་གྱི་རྐྱེན་གཉིས་ཏེ་ལོ་མ་གཅིག ཁ་ལ་རོ་ཁ་བ་བྲོ་བའི་ལོ་མ། མགོ་ན་བའི་ལོ་མ་དང༌། ཤའི་དྲོད་སྔར་བས་ཚ་བའི་ལོ་མ་དང༌། ལུས་སྟོད་ལྷག་པར་གཟེར་བའི་ལོ་མ་དང༌། ཟས་གང་ཟོས་པ་དེ་ཞུ་རྗེས་དུས་སུ་ཁྱད་པར་ན་ཞིང་ཞེས་པའི་ལོ་མ་སྟེ་ན་ལུགས་ལྔ། བསིལ་བའི་ཟས་སྐོམ་གྱིས་ཕན་པར་ངེས་པའི་ལོ་མ་སྟེ་གོམས་པ་གཅིག མཁྲིས་པར་སློང་རྐྱེན་གཉིས་ལ་གཅིག ན་ལུགས་ལྔ་གོམས་པ་གཅིག་སྟེ་ལོ་མ་བདུན། བད་ཀན་གྱི་དྲི་བའི་ཡལ་ག་ལས་ལོ་མ་ནི། འཕྱི་ཤ་དང་ལོ་ཤུར་སོགས་ལྕི་ལ་སྣུམ་པའི་ཟས་སྐོམ་གྱི་རྐྱེན་དང༌། རླན་གྱི་སྟེང་དུ་ཉལ་བ་དང་བསྐུ་མཉེ་མང་དུ་བྱེད་པ་སོགས་ལྕི་ལ་སྣུམ་པའི་སྤྱོད་ལམ་གྱི་རྐྱེན་གཉིས་དྲིལ་ལོ་མ་གཅིག དང་ག་མི་བདེ་བའི་ལོ་མ་ཁ་ཟས་གང་ཟོས་ཀྱང་འཇུ་བ་དཀའ་བའི་ལོ་མ། ཡང་ཡང་སྐྱུག་ཅིང་ཟས་མི་གནས་པའི་ལོ་མ། ཁ་མངལ་བའི་ལོ་མ་སྟེ་རོ་མི་གསལ་བ་རླན་བག་ཅན་དང༌། ཕོ་བ་འཚིང་བ་སྟེ་བརྒྱངས་པ་ལྟར་གྱི་ལོ་མ། ཡང་ཡང་དུ་སྒྲེག་པ་འབྱུང་བའི་ལོ་མ་དང༌། ལུས་སེམས་ལྷན་ཅིག་ཏུ་ལྕི་ལ་ལོ་མ། ལུས་ཀྱི་ཕྱི་ནང་གཉིས་ཀ་གྲང་བར་སྣང་བའི་ལོ་མ་དང༌། ཟས་ཟོས་པའི་རྗེས་དེ་མི་བདེ་བ་འབྱུང་བའི་ལོ་མ་སྟེ་དགུའོ། །ཟས་སྤྱོད་དྲོ་ན་འཕྲོད་པར་ངེས་པའི་ལོ་མ་སྟེ་གོམས་པ་གཅིག་གོ །དེ་ལྟར་བད་ཀན་ལོ་མ་རྐྱེན་གཉིས་བསྒྲིལ་བར་གཅིག ན་ལུགས་དགུ་གོམས་པ་གཅིག་སྟེ་བཅུ་གཅིག འདི་ལ་བལྟ་བ་དང་ཆ་མཚུངས་པའི་ཡལ་ག སློང་རྐྱེན་ན་ལུགས་གོམས་པ་གསུམ་དང་ལོ་འདབ་སློང་རྐྱེན་ལ་གསུམ་ན་ལུགས་ལ་ཉེར་གསུམ་གོམས་པར་གསུམ་བཅས་དོན་འཐད་ནའང་འདིར་རྒྱུད་རང་ལ་ཞིབ་བཤད་དུས་ཉེས་གསུམ་སོ་སོའི་སློང་རྐྱེན་ནས་གོམས་པའི་བར་རྐྱང་དེད་དུ་བཤད་པས་འགྲེལ་ཚིག་ཉུང་བ་དང་རྩ་ལ་ཡང་ཉེས་གསུམ་ཡལ་འདབ་རེ་བཤད་པས་ཆེར་མི་འགལ་བའི་ཕྱིར་ཉེས་གསུམ་གྱི་ཡལ་ག་བགྱིས་ལ། 

དེ་ལྟར་བལྟ་བའི་སྒོ་ནས་བརྟག་པ་དྲུག རེག་པའི་སྒོ་ནས་བརྟག་པ་གསུམ། དྲི་བའི་སྒོ་ནས་བརྟག་པ་ཉེར་དགུ་སྟེ་དྲིལ་བས་བརྟག་ཐབས་སུམ་ཅུ་རྩ་བརྒྱད་ཡོད་པ་དེ་ཉིད་ཀྱིས་ནད་དང་ནད་མེད་ཀྱི་ཁྱད་པར་ཤེས་ཤིང༌། ནད་ཀྱི་བྱེ་བྲག་ཀུན་སོ་སོར་འཁྲུལ་མེད་དུ་ངེས་པར་གཏན་ལ་འབེབས་པ་ཡིན་ནོ་ཞེས་གསུངས་སོ།། 

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།