སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
བཤད་རྒྱུད། >> ལེའུ་བཞི་པ། ལུས་ཀྱི་གནས་ལུགས་བསྟན་པ།

གསུམ་པ་ལུས་ཀྱི་གནས་ལུགས་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བསྟན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་འདྲ་དཔེ་གསུངས་པའི་རྗེས་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་དང་བཅས་པའི་འཁོར་རྣམས་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། གྲུབ་པ་ལུས་ཀྱི་གནས་ལ་མདོ་དོན་བདུན་ཡོད་པའི་ནང་ནས་ཆགས་ཚུལ་དང་འདྲ་དཔེ་གཉིས་བཤད་ཚར་ནས། ད་ནི་གསུམ་པ་ལུས་ཀྱི་གནས་ལུགས་ཞེས་བྱ་བའི་ལེའུ་འདི་ལྟར་བསྟན་པར་བྱའོ། །དེ་ལ་རྣམ་པ་བཞིས་སྟོན་ཏེ། ལྡང་ཚད་ལུས་ཟུངས་གནས་ལུགས་བསྟན་པ་དང༌། འབྲེལ་བ་རྩའི་གནས་ལུགས་བསྟན་པ་དང༌། གཉན་པ་གནད་ཀྱི་གནས་ལུགས་བསྟན་པ་དང༌། རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་རྣམས་ཤེས་པར་བྱའོ། །ཞེས་པའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ལྡང་ཚད། རྩ། གནད། རྒྱུ་ལམ་བཤད་པའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྤྱིར་ལྡང་ཚད་ཅེས་བྱ་བ་ནི། གཟུགས་ཆེ་ཆུང་དང༌། རྒན་གཞོན་སོགས་རང་རང་གི་ནད་ཟུངས་དྲི་མ་རྣམས་ཚད་དུ་ལོངས་པ་དེ་ལ་བྱ་ཞིང༌། ཁྱད་པར་དུ་ལོ་བཅུ་དྲུག་ལོན་ནས་ལྔ་བཅུའམ་བདུན་ཅུའི་བར་གྱི་ལུས་ཅན་ནད་མེད་ཐ་མལ་དུ་གནས་པ་ཞིག་ལ་བྱ་དགོས་ཏེ། ལོ་དེ་ལས་འདས་པའི་རྒན་པོ་ལ་རླུང་སོགས་ཚད་ལས་འཕེལ་ཞིང་ཟུངས་གཞན་རྣམས་ཕལ་ཆེར་ཟད་པར་གྱུར་པ་དང༌། བཅུ་དྲུག་ལས་གཞོན་པའི་བྱིས་པ་རྣམས་ལ་ནི་སོ་དང་ཁུ་བ་སོགས་འགའ་ཞིག་ཚད་བཞིན་མེད་པ་དང༌། ལུས་ན་བའི་ཚེ་ན་འཕེལ་ཟད་འཁྲུགས་པ་གང་རུང་དུ་གྱུར་པའི་དོན་གྱིས་སོ། །དེ་ལྟར་ཡང་སྔ་མ་སྤྱིར་བསྟན་པའི་དབང་དུ་བྱས་ན། ཟླ་ཟེར་ལས། འདིར་སྙིམ་པ་དང་ཁྱོར་བ་ཞེས་སྨོས་པ་ནི་རང་རང་གི་ལག་པའི་ཚད་ཀྱི་ཆེ་ཆུང་ལ་བྱ་ཞིང༌། སྲང་ཚད་ཀྱི་ཡི་གེ་ལས་སྨོས་པ་ལྟར་སྲང་བཞི་དང་སྲང་གཉིས་ལ་ནི་མི་བྱ་སྟེ། འདིར་རང་གི་ཞེས་སྨོས་པའི་ཕྱིར། དེ་ལ་སྙིམ་པ་ནི་ལག་པ་གཉིས་སྦྱར་བ་ལས་འབྱུང་བའོ། །ཁྱོར་བ་ནི་ལག་པ་གཅིག་བསྐྱོར་ཏེ་བཞག་པའོ། །ཞེས་བཤད་ལ། ཕྱི་མ་དམིགས་ཀྱིས་བསལ་བའི་དབང་དུ་བྱས་ནས། རང་འགྲེལ་ལས། སྙིམ་པའི་ཚད་ནི། སྲང་གཉིས་ལ་ཁྱོར་བ་གང༌། སྲང་བཞི་ལ་སྙིམ་པ་གང༌། གོང་དུ་སྨོས་པའི་ཚད་བསྟན་པ་དེ་དག་ནི་ནད་མེད་ཐ་མལ་པར་འདུག་པ་ལ་བཤད་ཀྱི། ཁམས་མ་སྙོམས་པ་ལ་ནི་མ་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སློབ་མས་བླ་མ་དགག་པར་འགྱུར་ཞིང༌། བླ་མས་དོན་ཇི་ལྟ་བ་མི་མཁྱེན་པ་སོགས་ཀྱི་སྐྱོན་ཡང་ཡོད། དེ་ལ་སློབ་དཔོན་གྱིས། རྐང་དང་ཚིལ་དང་ཞག་གཅིན་དང༌། །མཁྲིས་པ་བད་ཀན་ཕྱི་ས་ཁྲག །དྭངས་མ་ཆུ་རྣམས་ལུས་གནས་འདི། །སྙིམ་པ་རེ་རེས་བསྐྱེད་པར་བྱ། །མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །ཞེས་གསུངས་པ་ལས། རང་འགྲེལ་དང་མཐུན་པར་ཟླ་ཟེར་ལས་ཀྱང༌། ལུས་ལ་རྐང་ནས་ཆུ་ཡི་བར་དག་གང་ཡོད་པ་ནི་སྙིམ་པ་རེ་རེས་བསྐྱེད་པར་བྱ་སྟེ། དེ་ཡང་རྐང་ནི་སྙིམ་པ་ཕྱེད་དོ། །ཚིལ་ནི་སྙིམ་པ་གཉིས་སོ། །ཞག་ནི་སྙིམ་པ་གསུམ་མོ། །གཅིན་ནི་སྙིམ་པ་བཞིའོ། །མཁྲིས་པ་ནི་སྙིམ་པ་ལྔའོ། །བད་ཀན་ནི་དྲུག་གོ། །ཕྱི་ས་ནི་བདུན་ནོ། །ཁྲག་ནི་བརྒྱད་དོ། །དྭངས་མ་ནི་དགུའོ། །ཆུ་ནི་སྙིམ་པ་བཅུའོ། །ཞེས་དང༌། མདངས་ལ་སོགས་པ་གསུམ་པོ་རེ་རེ་བཞིན་ཡང་ཁྱོར་བ་རེ་རེ་ཡོད་པ་སློབ་དཔོན་དག་གིས་བཤད་དོ། །ཞེས་པ་དང༌། འདིའི་སྐབས་ཀྱི་ཆུ་ཞེས་པ་ནི་ཆུ་སེར་དང༌། ཀླད་རྒྱས་ཞེས་པ་ནི་ལྷ་བ་ཡིན་པར་རང་འགྲེལ་ལས་བཤད་དོ། །འོན་ཀྱང་གཞུང་འདི་ཉིད་དང་ཚུལ་ཕལ་ཆེར་མི་མཐུན་ལ། བྱེ་བྲག་ཏུ་མཁྲིས་པ་བད་ཀན་གྱི་ལྡང་ཚད་ཁྱད་པར་ཤིན་ཏུ་ཆེ་བ་བྱུང་བས་འགལ་བ་སྤང་མ་ནུས་སོ། །

གཉིས་པ་ཚིག་གི་དོན་ལ་ལྔ་སྟེ། ནད་ཀྱི་ལྡང་ཚད། ཁྲག་སོགས་ཀྱི་ལྡང་ཚད། རུས་པའི་ལྡང་ཚད། ཚིགས་སོགས་ཀྱི་ལྡང་ཚད། དོན་བསྡུས་པའོ། །དང་པོ་ནི། དང་པོ་ཞེས་པ་ནས་སྙིམ་པ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། ནད་ཟུངས་དྲི་མ་རྣམས་ཀྱི་དང་པོར་སྨོས་པའི་རླུང་གི་ལྡང་ཚད་ནི། རང་རང་གི་ལྒང་ཕུག་གང་ཙམ་གྱི་ཚད་དུ་ཡོད་ལ། དེ་བཞིན་དུ་མཁྲིས་པའི་ལྡང་ཚད་ནི། སྐྱེས་པ་རང་གི་གསང་གནས་ཀྱི་སྒྲོ་བ་གང་དང༌། བད་ཀན་གྱི་ལྡང་ཚད་ནི་རང་གི་སྙིམ་པ་གསུམ་གསུམ་དུ་ཡོད་པའི་དོན་ནོ། །གཉིས་པ་ཁྲག་སོགས་ཀྱི་ལྡང་ཚད་ནི། ཁྲག་དང་ཞེས་པ་ནས་ཉི་ཤུས་ལྷག་ཅེས་པའི་བར་གྱིས་བསྟན་ཏེ། ཁྲག་དང་ཕྱི་ས་གཉིས་ཀྱི་ལྡང་ཚད་ནི་སྙིམ་པ་བདུན་བདུན་དང༌། གཅིན་དང་ཆུ་སེར་གཉིས་ཀྱི་ལྡང་ཚད་ནི། སྙིམ་པ་བཞི་བཞི་དང༌། ཞག་དང་ཚིལ་བུའི་ལྡང་ཚད་ནི་སྙིམ་པ་དོ་དོ་དང༌། ཕོ་མོ་གཉིས་ཀའི་ལུས་ཀྱི་མདངས་དང༌། སྐྱེས་པའི་ཁུ་བ་དཀར་པོ་གཉིས་ཀྱི་ལྡང་ཚད་ནི་ཁྱོར་བ་རེ་རེ་དང༌། ཀླད་པའི་ལྡང་ཚད་ནི་རང་གི་སྙིམ་པ་གང་དང༌། ཤའི་ལྡང་ཚད་ནི་སྤར་ཚད་ལྔ་བརྒྱ་ནི་སྐྱེས་པ་ལ་ཡོད་དོ། །བུད་མེད་ལ་ནི་དེའི་སྟེང་དུ་བརླ་ལ་བཅུ་དང་ནུ་མ་ལ་བཅུ་སྟེ་སྤར་ཚད་ཉི་ཤུ་ལྷག་པ་ཡིན་ནོ། །འདིར་མ་སྨོས་ཀྱང་ཡན་ལག་བརྒྱད་པར། བུད་མེད་ནུ་ཞོ་སྙིམ་དོ་དང༌། །ཟླ་མཚན་སྙིམ་པ་བཞི་ཡིན་ནོ། །ཞེས་བུད་མེད་ལ་ཁམས་དཀར་དམར་གྱི་ཆ་དེ་ཙམ་གྱིས་ལྷག་པར་འགྱུར་རོ། །དེ་ལྟར་བཤད་པ་དེ་རྣམས་ན་ཚོད་རྒན་གཞོན་དང་གཟུགས་ཆེ་ཆུང་ཚོ་རིད་སོགས་སྤྱིར་བཏང་བའི་དབང་དུ་མཛད་པ་ཡིན་ལ། གཞན་དུ་ན་འདི་ལྟར་མ་ངེས་སོ། །གསུམ་པ་རུས་པའི་ལྡང་ཚད་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། འགྲེལ་པ་བྱེད་པ་ཕལ་ཆེར་གྱིས་ལོང་བུ་དང་རྗེ་ངར་སོ་སོར་འདྲེན་པར་མི་རིགས་ཀྱི། རྗེ་ངར་གྱི་སྣ་ལས་གཞན་པའི་ལོང་བུ་འཚོལ་དུ་མེད་པའི་ཕྱིར། ཡང་ཁ་ཅིག་རྗེ་ངར་ལ་ཆེ་ཆུང་གཉིས་སུ་བྱེད་པ་མི་འཐད་དེ། མེད་བཞིན་དུ་འདྲེན་པ་ནི་ཧ་ཅང་ཐལ་ཆེས་སོ། །

གཉིས་པ་རང་ལུགས་ནི། རུས་པ་ཞེས་སོགས་རྐང་པ་གཅིག་སྟེ། རུས་པའི་ལྡང་ཚད་གཙོ་ཆེ་བའི་དབང་དུ་བྱས་ནས་ཐོད་པ་དང༌། ལྟག་པ་དང༌། ཁྲང་ཁྲུང་དང༌། སོ་དང༌། མ་མགལ་ཏེ་མགོ་ལ་ལྔ། སྒལ་ཚིགས་དང༌། དེའི་བྱ་འདབས་དང༌། གཞུག་ཏོ་དང༌། དཔྱི་རུས་དང༌། སོག་པ་དང༌། སྒྲོག་རུས་དང༌། བྲང་རུས་དང༌། རྩིབ་མ་དང༌། ལྷ་རུ་རྩེ་སྟེ་ལུས་སྤྱི་ལ་དགུ། དཔུང་རྐང་དང་རྗེ་ངར་དང༌། ལག་མགོའི་རུས་པ་སྟེ་ལག་པ་ལ་གསུམ། བརླ་རྐང་དང༌། ལྷ་ང་དང༌། རྗེ་ངར་དང༌། སྲེ་ལོང་པ་དང༌། རྐང་མགོའི་རུས་པ་སྟེ་རྐང་པ་ལ་ལྔ། རྐང་ལག་གཉིས་ཀའི་སེན་མོ་དང་བཅས་པའི་ཡན་ལག་ལ་དགུ་སྟེ། རུས་པའི་རིགས་མི་འདྲ་བ་ཉི་ཤུ་རྩ་གསུམ་ཡོད་ཅེས་བྱ་བའི་དོན་ཏོ། །སྐབས་འདིར་སྔ་རབས་པ་རྣམས་ཀྱིས་སེན་མོ་མ་བགྲངས་ཀྱང༌། འདིར་འདྲེན་པའི་རྒྱུ་མཚན་ཟླ་ཟེར་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡོད་པ་ལ་ཡང་སོ་དང་སེན་མོ་དང་བཅས་པ་བགྲངས་པ་ཡིན་གྱི་ལུས་འབའ་ཞིག་གི་ནི་མ་ཡིན་ནོ། །ཞེས་བཤད་པས་རིགས་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཅུང་ཟད་རྒྱས་པ་དང་ཤིན་ཏུ་རྒྱས་པའོ། །དང་པོ་ནི། དེ་ལས་ཞེས་པ་ནས་རྩ་གཉིས་མཆིས་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་རུས་པའི་རིགས་ཉི་ཤུ་རྩ་གསུམ་པོ་དེ་ལས་ཆ་ཤས་མང་བ་རྣམས་ཅུང་ཟད་ཕྱེ་ན། སྒལ་ཚིགས་ཞེས་པ་ལ་འཕང་ལོའི་རྣམ་པ་དང་འདྲ་བའི་དུམ་བུ་ཉི་ཤུ་རྩ་བརྒྱད་ཡོད་ལ། རྩིབ་མའི་གྲངས་ལ་ནི་ཉི་ཤུ་རྩ་བཞི་ཡོད་དེ། སྒལ་ཚིགས་ཀྱི་གཡས་སུ་བཅུ་གཉིས་དང་གཡོན་དུ་བཅུ་གཉིས་ཡོད་པས་སོ། །སོའི་གྲངས་ནི། སོ་སོ་སྐྱེ་བོ་ཕལ་ཆེར་ལ་སུམ་ཅུ་རྩ་གཉིས་སུ་མཆིས་ལ། སངས་རྒྱས་རྣམས་ལ་ནི་ཚེམས་བཞི་བཅུར་མཉམ་པར་བཤད་དོ། །འདིར་རྟོག་དཔྱོད་དང་ལྡན་པ་འགའ་ཞིག་ན་རེ། རྒྱུད་ཕྱི་མར་སྒལ་ཚིགས་ཉི་ཤུ་ལས་མ་བཤད་པས་ཉི་ཤུ་རྩ་བརྒྱད་ཇི་ལྟར་འདྲེན་སྙམ་ན། བདེན་ཏེ། དེར་མེ་དམིགས་ཀྱི་གསང་ཉི་ཤུ་ཐམ་པའམ་ཨན་སྟོང་དང་བཅས་པས་ཉི་ཤུ་རྩ་གཅིག་གསུངས་མོད། དེའི་སྟེང་དུ་ཨན་སྟོང་དུ་ཨན་སྟོང་ཡན་ལ་བཞི་དང༌། ཐུར་སེལ་གྱི་གསང་མན་ལ་གསུམ་སྟེ་ཉེར་བརྒྱད་ཡོད་པ་ཡིན་ནོ། །གཉིས་པ་ཤིན་ཏུ་རྒྱས་པར་བཤད་པ་ནི། རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་རྐང་བ་གཅིག་གིས་བསྟན་ཏེ། འདི་ལ་སྔ་རབས་པ་ཕལ་ཆེར་གྱིས་སུམ་བརྒྱ་དྲུག་ཅུའི་གྲངས་བསྒྲིགས་མ་ཤེས་པར་བཏང་སྙོམས་སུ་བཞག་པ་ཡིན་ལ། གྲངས་བསྒྲིགས་པར་འདོད་པ་དག་གིས་ཀྱང་ཇི་ལྟ་བ་བཞིན་དུ་མ་བཤད་ཀྱང༌།

དགའ་བོ་མངལ་གནས་ལས། རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང༌། །མགོ་ཐོད་རུས་པ་དགུ་འདུས་ཤིང༌། །འགྲམ་པའི་རུས་པ་གཉིས་འདུས་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩེ་གཉའ་བའི་རུས་པ་དང༌། །རྐན་དང་སྣ་ཡི་རུས་པ་དང༌། །བྲང་དང་མིད་པའི་རུས་པ་དང༌། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་བཞི་ཆར་ཡོད། །རྩིབ་ལོགས་གཡས་པའི་རུས་པ་ནི། ཕན་ཚུན་འབྲེལ་བ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེས་པ་ཡི། །རུས་པ་དག་ནི་སུམ་ཅུ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡུས་ན་སུམ་བརྒྱ་དྲུག་ཅུ་ཡོད། །རུས་ཚིགས་ཕན་ཚུན་འབྲེལ་ནས་ནི། །སེམས་ཅན་ལུས་ནི་འགྲུབ་ཡིན་ཞེས། །ཡང་དག་སངས་རྒྱས་མཁྱེན་པ་ཡིས། །བདེན་པའི་ཚིག་ཏུ་གསུངས་པ་ཡིན། །ཞེས་བྱ་བས་གསལ་བར་བསྟན་ཏེ། དེ་ཡང་མགོ་ལ་དུམ་བུ་དགུ། འགྲམ་པ་གཉིས། སོ་སུམ་ཅུ་རྩ་གཉིས་དང༌། དེའི་རྩ་བ་སོ་གཉིས། རྣ་བའི་རུས་པ་ནས་མིད་པའི་རུས་པའི་བར་ལ་ཉི་ཤུ། མིག་རུས་གཉིས་གཉིས་ཏེ་བཞི། སོར་མོ་དང་བཅས་པའི་ལག་པ་ལ་ཉི་ཤུ་རྩ་ལྔ་ཕྲག་གཉིས་ཏེ་ལྔ་བཅུ། ཕྲག་པ་དང་བྱིན་པ་ལ་གཉིས་གཉིས་ཏེ་བཞི། ལྟག་རྒྱབ་ལ་བརྒྱད། སྒལ་ཚིགས་ལ་སོ་གཉིས། དེའི་གྲངས་བཞིས་བསྒྱུར་བས་སོ་གཉིས་ཚན་པ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་བརྒྱད། རྩིབ་ལོགས་གཉིས་ལ་བཅུ་གསུམ་བཅུ་གསུམ་སྟེ་ཉེར་དྲུག རྐང་པ་སོར་མོ་དང་བཅས་པ་ལ་ལྔ་བཅུ་སྟེ་ཐམས་ཅད་དྲིལ་བས་རུས་པའི་དུམ་བུ་སུམ་བརྒྱ་དང་དྲུག་ཅུ་རྩ་ལྔ་ཡོད་པར་གསུངས་ཤིང༌། ཡན་ལག་བརྒྱད་པར་ཡང༌། སོ་དང་སེན་མོ་བཅས་པ་ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། །ཞེས་གསུངས་པ་ལ་འགྲེལ་པ་གཉིས་ཀ་མཐུན་པར། ལུས་ལ་སོ་དང་སེན་མོ་དང་བཅས་པའི་རུས་པ་སུམ་བརྒྱ་དྲུག་ཅུ་ཡོད་དེ། དེ་ཡང་ཡན་ལག་བཞི་ལ་བརྒྱ་བཞི་བཅུ། ཁོག་པ་ལ་བརྒྱ་ཉི་ཤུ། མགོ་ལ་བརྒྱའོ། །ཞེས་པ་ཙམ་མ་གཏོགས་རེ་རེ་ནས་མ་བཤད་ལ། ཐང་ལ་འབར་ནི་སུམ་བརྒྱར་འདོད། །ཅེས་པ་ལ་སོགས་པའི་དོན་གྱིས་ན་གཅིག་ཏུ་ངེས་པར་མ་མཐོང་ཞིང་འདྲེན་པར་ཡང་མ་ནུས་སོ། །བཞི་པ་ཚིགས་སོགས་ཀྱི་ལྡང་ཚད་བཤད་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་གྱིས། ཚིགས་ཕྲན་ཉིས་བརྒྱ་དང་ནི་རྩ་བཅུའོ། །ཞེས་པའི་རྩ་བཅུ་མ་གོ་བར་ལྔ་བཅུར་བསྒྱུར་ནས་དེ་ལྟར་བཀྲལ་མོད་དུ་ཟིན་ཀྱང༌། དེ་ནི་མ་ཡིན་ཏེ། རྩ་བཅུ་ཞེས་པ་གྲངས་ཀྱི་རྩ་བའི་བཅུ་སྟེ་ཉིས་བརྒྱ་དང་བཅུ་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་སློབ་དཔོན་གྱིས་ཚིགས་ནི་ཉིས་བརྒྱ་རྩ་བཅུར་འདོད། །ཅེས་གསུངས་པ་ལ་འགྲེལ་པ་གཉིས་མཐུན་པར། ལུས་འདི་ལ་རུས་པའི་ཚིགས་ནི་ཉིས་བརྒྱ་དང་བཅུ་ཡོད་དོ། །དེ་ཡང་ཡན་ལག་ལ་རུས་པའི་ཚིགས་དྲུག་ཅུ་རྩ་བརྒྱད། ཁོག་པ་ལ་ལྔ་བཅུ་རྩ་དགུ། ནམ་ཚོང་ཡན་ལ་བརྒྱད་ཅུ་རྩ་གསུམ་མོ། །ཞེས་བཤད་པའི་ཕྱིར། ཡང༌། རྒྱུན་ཤེས་བུས་ནི་ཚིགས་ཀྱི་གྲངས། །ཉིས་སྟོང་དག་ནི་ཡོད་པར་འདོད། །ཅེས་པའི་དོན་གྱིས་མ་ངེས་པ་ཡང་བསྟན་ཏོ། །དེ་བཞིན་དུ་རྒྱུས་པ་ལའང༌། སློབ་དཔོན་གྱི་རང་འགྲེལ་ལས། ལུས་ལ་རྒྱུས་པ་དགུ་བརྒྱ་ཡོད་དོ། །ཡན་ལག་ལ་སུམ་བརྒྱ། ནམ་ཚོང་ཡན་ཆད་ལ་དྲུག་ཅུ། ཁོག་པ་ལ་ལྔ་བརྒྱ་བཞི་བཅུའོ། །ཞེས་གསུངས་ཤིང༌། ཟླ་ཟེར་ལས། རྒྱུས་པ་དགུ་བརྒྱ་ཞེས་པ་ལུས་འདི་ལ་རྒྱུས་པ་དགུ་བརྒྱ་ཡོད་དེ། དེ་ཡང་ཡན་ལག་རྣམས་ལ་སུམ་བརྒྱ། ཁོག་པ་ལ་སུམ་བརྒྱ། ནམ་ཚོང་ཡན་ཆད་སུམ་བརྒྱའོ། །ཞེས་བཤད་པ་དགུ་བརྒྱའི་གྲངས་ཙམ་མ་གཏོགས་གནས་ཚུལ་མི་མཐུན་ལ། འགྲེལ་པ་གཞན་རྣམས་ལས་ནི་འདི་ཙམ་ཞིག་ཀྱང་མི་འབྱུང་ངོ༌། །

གཉིས་པ་རང་ལུགས་ནི། ཡན་ལག་ཅེས་པ་ནས་སྒོ་དགུ་ཡོད་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་ཡན་ལག་བཞི་པོ་ལ་ཚིགས་ཆེན་རྣམ་པ་བཅུ་གཉིས་ཡོད་དེ། དེ་ཡང་ལག་པ་ལ་དཔུང་ཚིགས་དང་གྲུ་མོའི་ཚིགས་དང༌། མཁྲིག་མའི་ཚིགས་གཉིས་གཉིས་ཏེ་དྲུག རྐང་པ་ལ་དཔྱིའི་ཚིགས་དང༌། པུས་མོའི་ཚིགས་དང༌། སྲེ་ལོང་གི་ཚིགས་གཉིས་གཉིས་ཏེ་དྲུག་གོ་ དེ་ལས་གཞན་པའི་ཚིགས་ཕྲན་བུ་ནི། ཡན་ལག་བཞི་ལ་རེ་བརྒྱད། ལུས་སྤྱི་ལ་ང་དགུ། ནམ་ཚོང་ཡན་ལ་གྱ་གསུམ་སྟེ། དྲིལ་བས་ཉིས་བརྒྱ་དང་རྩ་བཅུ་ཐམ་པ་ཡོད་དོ། །ཆུ་བ་ནི་རྐང་པ་ལ་གཉིས་གཉིས་ཏེ་བཞི། ལག་པ་ལ་བཞི། སྒལ་པ་ལ་བཞི། མཇིང་པ་ཡན་ལ་བཞི་སྟེ་དྲིལ་བས་བཅུ་དྲུག་དང༌། རྒྱུས་པ་ཡང་ཡན་ལག་དང༌། ཁོག་པ་དང༌། ནམ་ཚོང་ཡན་ལ་སུམ་བརྒྱ་སྟེ་དགུ་བརྒྱ་ཡོད་དོ། །ལྔ་པ་དོན་བསྡུ་བ་ནི། འཛམ་གླིང་ཞེས་པ་ནས་ཕྱེད་དང་བཞི་ཞེས་པའི་བར་གྱིས་བསྟན་ཏེ། འཛམ་གླིང་ཆུང་ངུ་ལ་གནས་པའི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་རང་རང་གི་འདོམ་གང་གྲུ་བཞི་པའམ་ཡང་ན་གཟུགས་ངན་པ་རྣམས་ལ་རང་གི་ཁྲུ་ཕྱེད་དང་བཞི་ཞེས་སམ། སློབ་དཔོན་གྱིས། རང་རང་ཁྲུ་ནི་ཕྱེད་དང་བཞི། །ལུས་ནི་ཚེ་རིང་བདེ་བའི་སྣོད། །ཅེས་འགྲེལ་པ་དང་བཅས་ཏེ་གསུངས་པ་ཡིན་ནོ། །གཉིས་པ་འབྲེལ་བ་རྩ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། འབྲེལ་པ་རྩ་ཞེས་པ་ནས་རྩ་དང་བཞི་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས་བསྟན་ཟིན་ནས། དེའི་རྗེས་སུ་འབྲེལ་པ་རྩའི་གནས་ལུགས་བསྟན་པར་བྱ་བ་ལ་ནི། ཐོག་མར་ཆགས་པའི་རྩ་དང༌། སྲིད་པའི་རྩ་དང༌། འབྲེལ་པའི་རྩ་དང༌། ཚེ་གནས་པའི་རྩ་དང་རྣམ་པ་བཞིའི་སྒོ་ནས་བསྟན་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། རྩ་ཆགས་པའི་ཚུལ། གནས་པའི་ཚུལ། འབྲེལ་བའི་ཚུལ། ཚེའི་རྟེན་བཤད་པ། རྩའི་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་གྱིས་ཞིབ་མོར་བཤད་པའི་སྐབས་མ་ཕྱེ་ལ། དུས་ཕྱིས་ཀྱི་མཁས་པ་ཁ་ཅིག་ན་རེ། ཆག་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས་ཞེས་པ་རྩེ་མོ་གསུམ་གྱེས་པ་ནི་མ་ཡིན་ལ། ལྟེ་བ་ནས་སྲོག་རྩ་དཀར་པོ་སྙིང་གའི་བར་དུ་སོང་བའི་བར་དང༌། དེ་ནས་རིམ་གྱིས་སྤྱི་བོའི་བར་དུ་སོང་བའི་སྟེང་དང༌། ལྟེ་བ་ནས་གསང་བའི་བར་དུ་སོང་བས་འོག་ཏུ་སོང་བའི་དོན་ཏོ། །དེ་ཡང་དོན་ཐོབ་ཀྱིས་སྤྱི་བོར་ཀླད་པ་ལ་བརྟེན་ནས་གཏི་མུག་གནས་པ་ནི་དབུ་མའི་རྩེ་ན་རླུང་མུན་ཆེན་སྒྲ་གཅན་གྱི་ཁམས་རྒྱུ་བས་དེས་གཏི་མུག་འཕེལ་བར་བྱེད་པའི་དོན་ཡིན་ཞིང་གཏི་མུག་གིས་བད་ཀན་བསྐྱེད་པར་བྱེད་པའི་རྒྱུ་རྨོངས་པས་འབྲས་བུ་ལྕི་འཐིབས་ཀྱི་ནད་བསྐྱེད་པའི་དོན་ཏོ། །བར་དུ་སོང་བས་སྲོག་རྩ་ཆགས་པ་ནི། སྲོག་རྩ་དཀར་པོའི་བར་གྱི་ཆས་སྲོག་རྩ་ནག་པོ་བསྐྱེད་པ་དང༌། ཞེ་སྡང་སྲོག་རྩ་ལ་བརྟེན་པ་ནི་སྲོག་རྩ་ནག་པོའི་བར་གྱི་ཆ་ལ་བརྟེན་པ་སྟེ། སྲོག་རྩ་ནག་པོ་ཁྲག་རྒྱུ་བས་ཁྲག་མེའི་ཁམས་ཀྱིས་ཞེ་སྡང་མེ་ཁམས་ཅན་གྱི་རྟེན་བྱེད་པ་དང༌། ཞེ་སྡང་ལས་མཁྲིས་པ་སྐྱེ་བ་ནི་རྒྱུ་མེའི་ཁམས་ལས་འབྲས་བུ་ཆོས་མཐུན་བསྐྱེད་ཅིང༌། ཞེ་སྡང་གིས་མཁྲིས་པ་འཕེལ་བའི་དོན་ཏོ། །འདོད་ཆགས་གསང་བ་ལ་བརྟེན་པ་ནི། སྲོག་རྩ་དཀར་པོའི་མར་སྣས་ཁུ་བ་འཕེལ་འཛིན་བྱེད་པ་དང༌། ཐུར་སེལ་བདེ་བའི་ཁམས་འཕེལ་བས་འདོད་ཆགས་འཕེལ་བར་བྱེད་པའི་དོན་ཏོ། །ཞེས་དང༌།

རྒྱུད་སྡེ་རྣམས་ལས་སྲོག་རྩ་དཀར་ནག་གི་ཐ་སྙད་མ་གསུངས་ཀྱང༌། གཞུང་འདིར་སྲོག་རྩ་དཀར་པོ་ལས་རླུང་རྩ་དང༌། སྲོག་རྩ་ནག་པོ་ལས་ཁྲག་རྩ་འབྱུང་བར་བཤད་པས་འབྲེལ་བའི་རྩ་གྱེས་པའི་གཞི་ནི་སྲོག་རྩ་དཀར་ནག་གོ་ དེའང་སྲོག་རྩ་དཀར་པོ་ནི་སྨིན་མཚམས་ནས་ཀླད་པའི་དར་འོག་ཏུ་བརྒྱུད་དེ་སྒལ་ཚིགས་ལ་འབྱར་བའི་ཚུལ་གྱིས་རྡོ་རྗེ་ནོར་བུའི་རྩ་བར་མར་སྣ་ཟུག་པ་ཡིན་ནོ། །དེའི་ནང་དུ་ལྟེ་བ་ཡན་དུ་སྲོག་ཆེན་པོའི་རླུང་དང༌། མན་ཆད་དུ་ཐུར་སེལ་གྱི་རླུང་རྒྱུ་བ་ཡིན་ནོ། །ནག་པོ་ནི་སྲོག་རྩ་དཀར་པོའི་མདུན་ན་སྐེ་སྟོང་ཐད་ནས་གཞུག་ཆུང་ཐད་ཀྱི་བར་དུ་གནས་ཤིང་ཁྲག་རྒྱུའོ་ཞེས་ཟེར་རོ། །དེ་ལ་དབུ་མའི་རྩེ་མོ་ན་སྲོག་རླུང་མུན་ཆེན་སྒྲ་གཅན་གྱི་ཁམས་རྒྱུ་བ་དེས་གཏི་མུག་འཕེལ་བར་བྱེད་ཅེས་པ་མི་འཐད་དེ། སྲོག་རླུང་ནི་རླུང་ངམ་ནམ་མཁའི་ཁམས་ཡིན་ལ། དེས་གཏི་མུག་དང་བད་ཀན་བསྐྱེད་པ་ལུང་རིགས་དང་འགལ་བའི་ཕྱིར་རོ། །ཡང་སྲོག་རྩ་དཀར་པོའི་བར་གྱི་ཆས་སྲོག་རྩ་ནག་པོ་བསྐྱེད་པར་ཡང་མི་རིགས་ཏེ། དེ་ལྟར་ན་སྲོག་རྩ་ནག་པོའི་རྩ་བ་དེ་སྲོག་རྩ་དཀར་པོའི་བར་གྱི་ཆ་དེ་ཉིད་ཡིན་པར་འགྱུར་ཞིང༌། དེའི་རྩ་བ་ནི་གཞུག་ཆུང་དུ་ཟུག་པ་ཁྱོད་རང་གིས་ཁས་བླངས་པའི་ཕྱིར་འགལ་བ་ཡིན་ནོ། །སྲོག་རྩ་དཀར་པོ་ལས་རླུང་རྩ་དང༌། ནག་པོ་ལས་ཁྲག་རྩ་འབྱུང་བར་བཤད་ཅེས་པ་ཡང་བབ་ཅོལ་ཡིན་ཏེ། འདི་ཉིད་དུ། འབྲེལ་པ་རྩ་ལ་དཀར་ནག་གཉིས་ཡོད་དེ། ཞེས་མདོར་བསྟན་ནས། དཀར་པོ་དེ་རྒྱས་པར་འཆད་པ་ལས། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་ཡི། །དར་གྱི་དཔྱངས་ཐག་བཅུ་གསུམ་སྦས་པའི་རྩ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། །དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས། །ཞེས་དང༌། མན་ངག་རྒྱུད་དུ། འབྲེལ་བ་རྩ་ཡི་གནས་ལུགས་ཕྱི་ནང་གཉིས། །ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་སྟེ། །ཞེས་མདོར་བསྟན་ནས། དཀར་པོ་རྒྱས་པར་བཤད་པ་ལ། གཞན་དང་འབྲེལ་བའི་ཆུ་རྩ་ཕྱི་ནང་གཉིས། །ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་སྟེ། །རྗེ་ཞབས་ལས་བྱུང་སྐེ་ཡི་ནང་ནས་བརྒྱུད། །དོན་ལྔ་སྣོད་དྲུག་བསམ་སེར་འབྲེལ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་འདིས་ནི་སྲོག་དཀར་པོ་ཆུ་རྩ་ཡིན་པར་དངོས་སུ་གསུངས་པས། རླུང་རྩ་མ་ཡིན་ལ། གཞན་ནི་སྲོག་རྩ་དཀར་པོ་རླུང་རྩར་སྒྲུབ་བྱེད་ཀྱི་གཞུང་ཚིག་གཅིག་ཀྱང་རྙེད་པར་མི་འགྱུར་བའི་ཕྱིར་རོ། །སྲོག་རྩ་དཀར་པོ་ནི་སྨིན་མཚམས་ནས་ཀླད་པའི་དར་འོག་བརྒྱུད་དེ་ཞེས་སོགས་ཀྱི་ཚིག་འདིས་སྲོག་རྩ་དཀར་པོ་ཞེས་པ་འདི་དབུ་མ་ཡིན་པར་འདོད་པར་སྣང་ཡང༌། འདི་ལ་ནི་དབུ་མའི་ཁྱད་ཆོས་གང་ཡང་མི་ལྡན་ཞིང༌། ཆུ་རྩ་ཡིན་པ་སོགས་གནོད་བྱེད་ཤིན་ཏུ་མང་ལ། དེ་ལྟར་ན་རོ་རྐྱང་གི་ངོས་འཛིན་གང་ལ་བྱེད་ཅེས་དྲིས་པའི་ཚེ་ན་ཅང་མི་སྨྲ་བར་འགྱུར་བ་དང༌། མདོར་ན། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། །ཞེས་པ་ལ་སོགས་པའི་ཚིག་འབྲུ་ཟུར་ཙམ་ཡང་མ་ནོན་པས་ནོངས་སོ། །ཡང་ཁ་ཅིག་ན་རེ། ཆགས་པའི་ཐོག་མ་ལྟེ་བ་ཡིན། །དེ་ལ་ས་ཆུའི་རང་བཞིན་གྱིས། །རྩ་གཅིག་གྱེན་སོང་ཀླད་པ་ཆགས། །གཏི་མུག་རྒྱུ་འབྲས་རྟེན་རྩ་ཡིན། །རླུང་གི་རང་བཞིན་ཅན་གྱི་རྩ། །གཅིག་ནི་ཐུར་སོང་གསང་བ་ཆགས། །འདོད་ཆགས་རྒྱུ་འབྲས་རྟེན་རྩར་བཤད། །གཅིག་ནི་མེ་ཁམས་རང་བཞིན་ཅན། །བར་དུ་གནས་པའི་སྲོག་རྩ་ཆགས། །མཁྲིས་པ་རྒྱུ་འབྲས་རྟེན་རྩ་ཡིན། །དེ་ཕྱིར་ཉེས་གསུམ་གནས་རེ་རེ། །ཆགས་གཞི་རོ་རྐྱང་དབུ་མའོ། །ཞེས་ཆགས་པའི་རྩ་ལྟེ་བ་ནས་བར་དུ་ཟུག་པ་ལ་རོ་མ་དང༌། གསང་བར་ཟུག་པ་ལ་རྐྱང་མ་དང༌། ཀླད་པར་ཟུག་པ་ལ་དབུ་མར་འདོད་པར་སྣང་ངོ༌། །དེ་ལྟར་ན་དབུ་མ་ནི་ས་ཆུའི་རང་བཞིན་ཅན་དུ་མི་འཐད་དེ། དེ་ནི་ནམ་མཁའི་རླུང་གི་ཁམས་ཡིན་པའི་ཕྱིར། བད་ཀན་བསྐྱེད་པ་མི་རིགས་སོ། །དེ་བཞིན་དུ། རྐྱང་མ་ཡང་རླུང་གི་རང་བཞིན་མ་ཡིན་ཏེ། རྐྱང་མ་ནི་ཁམས་དཀར་ཆ་རྒྱུ་བའི་ས་ཆུའི་ཁམས་སུ་གསུངས་ཤིང༌། འདི་ཉིད་དུའང་ཆུ་རྩ་ཡིན་པར་བཤད་པའི་ཕྱིར་རོ། །རོ་མ་ཞེས་པ་ཡང་སྲོག་རྩ་ནག་པོ་ཉིད་རོ་མར་ཁས་ལེན་ནམ། དེ་ལས་གཞན་པའི་རོ་མ་ཞིག་ཡོད་དམ། དང་པོ་ལྟར་ན།

མན་ངག་རྒྱུད་ལས། སྒལ་པའི་ནང་གཞུང་ཐང་ཤིང་སླང་བ་འདྲ། །ཞེས་གསུངས་པ་ལྟར་སྒལ་པའི་ནང་དུ་འབྱར་བའི་ཚུལ་གྱིས་སྦོམ་ཕྲ་ཡང་མཐེའུ་ཆུང་ཙམ་འབྱུང་བ་དངོས་སུ་མཐོང་ཞིང༌། རོ་མ་ནི་ཤིན་ཏུ་ཕྲ་བ་ལ་ལུས་ཀྱི་གཡས་ཕྱོགས་སུ་གང་ལའང་མ་འབྱར་བའི་ཚུལ་གྱིས་གསུངས་པ་སོགས་གནོད་བྱེད་ཤིན་ཏུ་མང་བ་དག་ཡོད་དོ། །གཉིས་པ་ལྟར་ན། ཚུལ་འདི་ལྟ་བུ་ཞེས་སྨྲ་དགོས་པ་ལ། དེ་ལྟར་མ་ཤེས་པས་རྣམ་པར་འཁྱམས་སོ། །ཡང་ཁྱོད་རང་གི་སྲོག་པ་རྩ་ཞེས་བྱ་བ་ནི། ཁྲག་རྒྱུ་ཕྱིའི་རོ་མ་ཡིན་ཞེས་འབྲེལ་པ་རྩ་བཤད་པའི་སྐབས་སུ་སྨྲས་པས་སྲོག་པ་རྩ་ནག་པོ་ཉིད་རོ་མ་ཡིན་པར་ཁས་བླངས་ལ། དེ་ལྟར་ན་དབུ་རྐྱང་གཉིས་ཀྱང་ཆེ་ཆུང་སོགས་རོ་མ་བཞིན་དུ་མངོན་སུམ་དུ་མཐོང་རིགས་པ་ལ། དེ་ལྟར་མི་འབྱུང་བའི་ཕྱིར་འཐད་པ་མ་ཡིན། གཉིས་པ་རང་གི་ལུགས་ལ་ནི། འདི་ཉིད་ཙམ་མ་གཏོགས་སྨན་དཔྱད་ཀྱི་གཞུང་ལུགས་གཞན་རྣམས་ལས་དབུ་རྐྱང་རོ་གསུམ་དང་འཁོར་ལོ་བཞི་སོགས་ཀྱི་རྣམ་པ་གཞག་པ་མི་འབྱུང་ལ། འདིར་ཡང་མིང་རྣམས་མི་གསལ་བའི་ཚུལ་གྱིས་གསུངས་པས། སྔ་རབས་པ་ཕལ་ཆེར་གྱིས་ནི་དགོངས་གཞི་ཙམ་ཡང་མ་ཤེས་ལ། དུས་ཕྱིས་སྦྱོར་བར་འདོད་པ་དག་གིས་ཀྱང༌། གོང་དུ་བཀག་པ་ལྟར་ཇི་བཞིན་མ་ཤེས་པ་ཡིན་ཅིང༌། ཁོ་བོ་ཅག་ནི་དགོངས་གཞི་འདི་ལྟར་ཡིན་པར་འདོད་དེ། རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་དོན་གྱིས་ན། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། །ཞེས་པ་སྟེ། དེ་ཡང་ལྟེ་བ་ཡན་གྱི་དབུ་མ་ནི་གོང་དུ་ལུས་ཆགས་ཚུལ་གྱི་སྐབས་སུ་རྒྱས་པར་བཤད་པ་ལྟར་ཡིན་ལ། ཚིག་འདི་ནི་རིམ་པ་བཞིན་དུ་རྐྱང་མ་དང་རོ་མ་དང་ལྟེ་འོག་མན་ཆད་ཀྱི་དབུ་མ་རྣམས་སྟོན་པ་ཡིན་ཏེ། བད་ཀན་བསྐྱེད་པ་ལ་སོགས་པ་རྩ་དེ་ནི་ཆུའི་ཁམས་རྒྱུ་བའི་རྐྱང་མ་དང༌། མཁྲིས་པ་ལ་སོགས་པ་བསྐྱེད་པར་བྱེད་པའི་རྩ་དེ་དག་ནི་མེའི་ཁམས་རྒྱུ་བའི་རོ་མ་དང༌། རླུང་ལ་སོགས་པ་བསྐྱེད་པའི་རྩ་དེ་ནི་རླུང་གི་ཁམས་དང་ལྡན་པའི་རྩ་དེ་ལྟེ་འོག་མན་ཆད་ཀྱི་དབུ་མའི་ཆ་གང་ཡིན་པ་དེ་དག་རྣམས་སོ། །རོ་རྐྱང་གི་མར་སྣ་གཉིས་ཤུགས་ལ་བསྟན་པས། ལྟེ་བའི་གོང་འོག་གཉིས་ཀར་རྩའི་རྩེ་མོ་གསུམ་དུ་འབྱུང་བ་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་དང་སྦྱོར་བ་ཡིན་ཏེ། དང་པོའི་སངས་རྒྱས་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པ་སྟེ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རླུང༌། །གཡས་གཡོན་དབུ་མའི་མར་སྣ་ནས། །བཤང་བ་གཅི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲིད་དང་ཐུར་སེལ་ལམ་གསུམ་ཉིད། །ཅེས་དང༌།

འགྲེལ་ཆེན་ལས། བདུད་རྩི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ཞེས་པ་ལ་བདུད་རྩིའི་རྩ་ནི་དཔྲལ་བའོ། །དེར་སོན་པ་ནི་བདུད་རྩི་གནས་སུ་སོན་པ་སྟེ། ལ་ལ་ནཱ་དང༌། ར་ས་ནཱ། ཨ་ཝ་དྷཱུ་ཏཱིའོ། །དེ་རྣམས་ཀྱང་ལུ་གུ་རྒྱུད་དུ་བཅིངས་པས་ལྟེ་བ་དང་སྙིང་གའི་བར་དུ་ལམ་གསུམ་བྱས་ནས་སླར་ཡང་ཨ་ཝ་དྷཱུ་ཏཱིའི་དབུས་སུ་སྙིང་གའི་ལྟེ་བ་ཕུག་ནས་འགྲོའོ། །ལ་ལ་ནཱ་དང་ར་ས་ནཱ་ནི་གཡོན་དང་གཡས་ཀྱི་འདབ་མར་རབ་ཏུ་རྒྱུ་བས་སོ། །དེ་ནས་སྙིང་ག་དང་མགྲིན་པའི་བར་དུ་སླར་ཡང་ལམ་གསུམ་བྱས་ནས་འགྲོའོ། །དེ་བཞིན་དུ་མགྲིན་པ་དང་དཔྲལ་བའི་བར་དུ་ལམ་གསུམ་དང༌། དཔྲལ་བ་དང་གཙུག་ཏོར་གྱི་བར་ལམ་གསུམ་སྟེ་དེ་ལྟར་ལམ་གསུམ་བཞི་བྱས་ནས། ལ་ལ་ནཱ་ནི་སྣ་གཡོན་པའི་བུ་ག་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆའི་མཐར་འགྲོ་སྟེ་ནང་གི་ལེའུ་ལས་གསུངས་སོ། །ར་ས་ནཱ་ནི་གཡས་ནས་སོ། །ཨ་བ་དྷཱུ་ཏིའ་ནི་ཅིག་ཆར་སྣ་བུག་གཉིས་ནས་འགྲོའོ། །དེ་བཞིན་དུ་འོག་ཏུ་ལྟེ་བ་དང་གསང་བའི་འོག་ཏུ་ལམ་གསུམ་བྱས་ནས་བཤང་བ་དང་གཅི་བའི་བར་ནས་ནི་གཡོན་དང་གཡས་ནས་སོང་སྟེ་གསང་བའི་པདྨ་ལ་དབུས་སུ་དུང་ཅན་མའི་རྩའོ། །གསང་བའི་པདྨའི་འོག་ཏུ་དྲི་ཆེན་གྱི་རྩ་དབུས་ནས་འགྲོ་སྟེ་རྟགས་སམ་བྷ་ག་ལ་གཡོན་ནས་གཅི་བའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ། །ཞེས་གསུངས་སོ། །

གསུམ་པ་རྩོད་པ་སྤང་བ་ནི། རྟོགས་དཔྱོད་དང་ལྡན་པ་ཁ་ཅིག་ན་རེ། འདི་ལ་སོགས་པའི་དོན་འགའ་ཞིག་གསང་སྔགས་དང་སྦྱོར་བ་མི་རིགས་ཏེ། ཁྱོད་རང་གི་གཞུང་འདི་ཉིད་རྒྱུའི་ཐེག་པར་བཤད་པའི་ཕྱིར་རོ། །ཞེས་གླེང་བ་དག་འབྱུང་སྲིད་ན་དེའི་སླད་དུ་བརྗོད་པར་བྱའོ། །ཁོ་བོས་གཞུང་ལུགས་ཆེན་པོ་འདི་ཉིད་རྒྱུའི་ཐེག་པར་བཀྲལ་མོད་དུ་ཟིན་ཀྱང༌། དེ་ཙམ་གྱིས་དོན་མཐའ་དག་གསང་སྔགས་དང་སྦྱར་དུ་མི་རུང་བ་ནི་མ་ཡིན་ཏེ། དཔེར་ན་རིག་བྱེད་ཀྱི་གཞུང་དང༌། འདུལ་བ་ལུང་དང༌། མདོ་སྡེ་གསེར་འོད་དམ་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་ནས་འབྱུང་བའི་སྨན་གྱི་རིགས་རྣམས་ཕྱོགས་གཅིག་ཏུ་སྦྱོར་རུང་བ་ལྟར་འདིར་ཡང་གསུང་རབ་ཀུན་ལས་དགོངས་པ་གཅིག་ཏུ་འབབ་པ་ཐམས་ཅད་ལུང་སྦྱོར་གཅིག་ཏུ་འཐད་པ་ཁོ་ན་ཡིན་ནོ། །ཁྱད་པར་དུ་གཞུང་འདི་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་རྩ་རླུང་ཐིག་ལེའི་གནས་ཚུལ་རགས་པ་ཞིག་མཐུན་པར་འབྱུང་ནའང༌། གསང་སྔགས་པ་ལ་ཡོངས་སུ་གྲགས་པའི་མིང་ལ་སོགས་པ་རྣམས་གསལ་བར་བཤད་ན་འབྲས་བུའི་ཐེག་པ་ཉིད་དུ་འཁྲུལ་བར་དོགས་ཏེ་སྦས་པའི་ཚུལ་གྱིས་གསུངས་པ་ཡིན་ནོ། །ཡང་ཁ་ཅིག་ན་རེ། རྩ་གཅིག་བར་དུ་ཆགས་པས་སྲོག་རྩ་ཆགས། །ཞེས་གསུངས་པ་དང༌། བར་དུ་ཟུག་པའི་རྩ་དེ་ཉིད་སྲོག་རྩ་ཡིན་པས་རོ་མ་དང་ཐ་དད་དུ་བྱེད་པ་མི་རིགས་སོ་ཞེས་ན་བཤད་པར་བྱའོ། །བར་ཟུག་ཅེས་པ་ནི་རོ་མ་ཡིན་ཏེ། ལྟེ་བ་དང་མཆིན་པའི་བར་གྱི་མཆིན་པའི་ལུང་ཆེན་དུ་ཟུག་པའི་དོན་དང༌། དེ་ལ་གཙོ་བོར་བསྟན་ནས། སྲོག་རྩ་ནག་པོ་ཆགས་ཞེས་བྱ་བ་ཡིན་ལ། དེའི་རྒྱུ་མཚན་ཡང་རོ་དྲུག་གི་ཟས་སྐོམ་ཐམས་ཅད་ཀྱི་དྭངས་མ་མཆིན་པར་བསགས་ཤིང༌། དེ་ཡང་དྭངས་མ་རྣམས་མཆིན་པའི་ལུང་ཆེན་ནས་སྲོག་རྩ་ནག་པོ་བརྒྱུད་དེ་ཤ་ཁྲག་ལ་སོགས་པའི་དྭངས་མ་རྣམས་འཕེལ་བར་བྱེད་པའི་དོན་ཏོ། །མན་ངག་རྒྱུད་དུ་སྲོག་རྩ་ནག་པོ་འཆད་པའི་སྐབས་སུ། ཚིགས་པ་བརྒྱད་ནས་རྩ་གཅིག་མཆིན་པར་ཟུག །མཆིན་པའི་ལུང་ཆེན་མཆིན་དྲི་ནག་པོར་འབྲེལ། །ཅེས་ཀྱང་གསུངས་ལ། རྒྱས་པར་འོག་ནས་འཆད་དོ། །ཡང་ཁ་ཅིག་ན་རེ། སྲོག་རྩ་དཀར་པོ་ནི་ཀླད་པ་ནས་རྩ་བ་ཐུར་དུ་ཟུག་པར་གསུངས་པས་ཁྱོད་ཀྱི་འདོད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། རྩ་གཅིག་གྱེན་དུ་སོང་བ་ཀླད་པར་ཆགས། །ཞེས་པས་རྐྱང་མ་ཉིད་བསྟན་ནས་ཀྱང༌། སླར་དེའི་རྩེ་མོ་མང་པོ་གྱེས་པ་རྣམས་ཁ་ཐུར་དུ་བལྟས་ནས་ལུས་ཀྱི་ཕྱི་ནང་དུ་ཟུག་པ་དེ་དག་གི་ཆུ་རྩའི་གནས་རྣམས་སྟོན་པ་ཡིན། ཡོངས་བསྡོམས་ནི་རྩའི་རིགས་མཐའ་དག་བསྡུ་ན་རླུང་རྩ་ཁྲག་རྩ་ཆུ་རྩ་གསུམ་དུ་འདུས་ཤིང༌། དེ་ཡང་རླུང་རྩ་ཐམས་ཅད་དབུ་མ་དང༌། ཁྲག་རྩ་ཐམས་ཅད་རོ་མ་དང༌། ཆུ་རྩ་ཐམས་ཅད་རྐྱང་མ་ལས་གྱེས་པ་འབའ་ཞིག་ཡིན་པས་འཐད་པ་དང་བཅས་པའོ། །འོ་ན་རླུང་ཁྲག་འདྲེས་པའི་རྩ་རྣམས་གང་ལས་གྱེས་སྙམ་ན། དེ་ནི་འཕར་རྩ་དེ་རོ་རྐྱང་དབུ་གསུམ་ག་སྙིང་གི་རྩ་བར་འདུས་པ་ལས་ཉོན་མོངས་པའི་ཡིད་རྒྱུ་བའི་བུ་བའི་དབང་གིས་སྙིང་འཕར་བར་བྱེད་ལ། དེའི་དོན་གྱིས་སྙིང་དང་གཙོ་བོར་འབྲེལ་བའི་རྩ་ཐམས་ཅད་དུ་རླུང་ཁྲག་འདྲེས་པར་རྒྱུ་ཞིང༌། རྩ་ཡང་འཕར་བ་སྟེ། རྩ་དེ་རྣམས་གཉན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །རྒྱས་པར་ཕྱི་རྒྱུད་ཀྱི་རྩ་མདོའི་སྐབས་སུ་བཤད་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། ཆགས་པའི་ཞེས་པ་ནས་གནས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་སྐབས་སུ་རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་རྩ་ནི་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་ཡིན་ནོ། །དེ་ལྟར་གྱེས་པའི་རྩ་དེ་ལས་གཅིག་སྟེ་ཆུའམ་ཟླ་བའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་གཡོན་ཕྱོགས་ནས་བརྒྱུད་དེ་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་སྟེ་འཁོར་ལོའི་ལྟེ་བ་རྣམས་སུ་འདུས་ཤིང༌། གཞན་དག་ཏུ་གྱེས་པའི་ཚུལ་གྱིས་གྱེན་ལ་སོང་བའི་རྩ་དཀར་པོ་དེ་ཉིད་ལ་བརྟེན་ནས་ཀླད་པ་ཆགས་ཤིང༌། ཀླད་པ་ནི་གཏི་མུག་དང་བད་ཀན་གཉིས་ཀའི་ཉེར་ལེན་དང༌། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་གཏི་མུག་ཀྱང་ཀླད་པ་ལ་བརྟེན་ནས་གནས་པ་ལྟར་སྣང་བ་ཡིན་ཏེ། རྨོངས་ཤིང་ལྕི་འཐིབས་སོགས་མགོ་བོ་ལས་འབྱུང་བ་ཤས་ཆེར་མཐོང་བའི་ཕྱིར། གཏི་མུག་དེ་ལས་བད་ཀན་བསྐྱེད་པས་ན་རྒྱུ་རྐྱེན་འབྲས་བུ་གསུམ་ག་སྟོད་ན་གནས་པར་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རྩ་གསུམ་པོ་དེ་ལས་གཅིག་སྟེ་ཁྲག་གམ་མེའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་བར་མཆིན་པའི་ལུང་ཆེན་དུ་དྭངས་མ་ལེན་པའི་རྩ་ལ་ཟུག་སྟེ། དེའི་ཡལ་ག་གཉིས་ཚིགས་པ་བཅུ་གསུམ་པར་སོང་བ་དེ་ལ་བརྟེན་ནས་སྲོག་རྩ་ནག་པོ་ཡན་ལག་དང་བཅས་པ་ཆགས་ལ། ཁྲག་ནི་ཞེ་སྡང་དང་མཁྲིས་པ་གཉིས་ཀའི་ཉེར་ལེན་དང༌། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་ཞེ་སྡང་ཡང་སྲོག་རྩ་ནག་པོ་དང་ཁྲག་ལ་བརྟེན་པའི་ཚུལ་གྱིས་གནས་ཤིང༌། ཞེ་སྡང་དེ་ལས་མཁྲིས་པ་བསྐྱེད་པའི་ཕྱིར། རྒྱུ་རྐྱེན་འབྲས་བུ་གསུམ་ག་བར་ན་གནས་པ་ཡིན་ཏེ། ཞེ་སྡང་གློ་བུར་དུ་སྐྱེ་བའི་ཚེ་ལུས་ཀྱི་བར་ཉིད་ནས་འཁྲུག་ཅིང་སྐྱེ་བར་མཐོང་བས་སོ། །བར་དུ་ཟུག་པའི་རྩ་དམར་པོ་དེ་ཡི་རྩེ་མོ་དངོས་ནི་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ལྟེ་བར་འདུས་ཤིང་གཞན་དུ་གྱེས་པའི་ཚུལ་གྱིས་སོང་བ་ཡིན་ནོ། །ཡང་རྩ་གསུམ་པོ་དེ་ལས་གཅིག་སྟེ་རླུང་ངམ་ཡེ་ཤེས་ཀྱི་ཁམས་རྒྱུ་བ་ཞིག་ལུས་ཀྱི་དབུས་དྲང་ཐད་ནས་གྱེན་དུ་སོང་བའི་ཚུལ་གོང་དུ་བཤད་ཟིན་ལ། དེའི་རྩེ་མོ་གཅིག་སྟེ་འོག་ནས་ཐུར་དུ་ཟུག་པ་དེ་ལས་བདེ་བའི་ཁམས་རྒྱུ་བའི་དོན་གྱིས་གསང་བའི་གནས་ཆགས་ཏེ། ཁུ་བ་ནི་འདོད་ཆགས་དང་རླུང་གཉིས་ཀའི་ཉེར་ལེན་རྣམས་ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས། འདོད་ཆགས་ནི་ཕོ་མོ་གཉིས་ཀའི་གསང་བར་གནས་པའི་ཚུལ་དུ་མཐོང་སྟེ། དེ་ལས་རླུང་བསྐྱེད་པའི་ཕྱིར། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་གསུམ་ག་ལུས་ཀྱི་སྨད་ན་གནས་པ་ཡིན་ལ། དོན་འདི་གནས་དང་བྱེད་པའི་དབང་ཁོ་ན་བཙན་པ་ལས་བྱུང་བར་མངོན་ནོ། །འོ་ན་བརྟག་གཉིས་ལས། རྐྱང་མ་མི་བསྐྱོད་འབད་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང༌། །ཤེས་རབ་ཟླ་བ་འབབ་བཤད་པ། དེ་ནི་ཀུན་འདར་མར་རབ་གྲགས། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ལ་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པས་འཁོར་བའི་རྩ་བཞི་ཞེས་གདགས་པར་མཛད་དེ། ཇི་སྐད་དུ། རྩ་རོ་རྐྱང་གཉིས་ལྟེ་བ་མན་ཆད་བཞིར་གྱེས་ཏེ་གནས་པ་ལ་རྐྱང་མའི་ཕྱོགས་གཅིག་གི་གཡོ་བ་མེད་པའི་ཕྱིར་མི་བསྐྱོད་པ་རྡོ་རྗེ་འཆང་སྟེ། དེ་འཛིན་པའི་བྱང་སེམས་འཕེལ་འཛིན་བྱེད་ལ་ཕྱོགས་གཅིག་གིས་དྲི་ཆུ་དང༌། རོ་མའི་ཕྱོགས་གཅིག་གིས་ཀྱང་དེ་བཞིན་དུ་ཁྲག་འབབ་པ་དང༌། ཕྱོགས་གཅིག་གིས་དྲི་ཆེན་འཕེན་འཛིན་བྱེད་དོ། །དེས་ན་རྩ་གཉིས་པོ་དེ་དོན་དམ་ཀུན་རྫོབ་ཀྱི་བདག་ཉིད་དོ། །རྣམ་རྟོག་སྤངས་པ་ཨ་ཝ་དྷཱུ་ཏཱི་སྟེ། ཤེས་རབ་བདག་མེད་མ་དང་ཟླ་བ་བྱང་སེམས་གཉིས་ཀ་ལྷག་པར་གནས་ཤིང༌། བདེན་གཉིས་དབྱེར་མེད་པའི་ཟུང་འཇུག་ཆེན་པོ་དེ་ལ་ནི་ཀུན་འདར་མ་ཞེས་བྱ་བར་སངས་རྒྱས་ཀྱི་གསུང་རབ་ལ་གྲགས་སོ། །ཞེས་རོ་རྐྱང་གི་སྣ་གཉིས་གཉིས་ཏེ་བཞིར་བྱས་ནས་ཀུན་འདར་མས་ཁུ་བ་དཀར་དམར་གཉིས་ཀ་འཛིན་མོད་ཀྱང་མི་འབབ་པར་གསུངས་ལ། རྒྱལ་བ་ཡང་དགོན་པས་ནི། རྐྱང་མའི་རྩ་ཕོ་མོ་གཉིས་ཀ་ལ་སྣ་ནར་བར་ཡོད་པས་དྲི་ཆུ་འབབ། བུད་མེད་ལ་རོ་མའི་སྣ་ནར་བར་ཡོད་པས་ཁམས་རྫོགས་པ་ན་ཉི་མ་འབབ། སྐྱེས་པ་ལ་གུག་པ་ཡོད་པས་ཁམས་མ་སྙོམས་པ་ན་སྣ་གཡས་ནས་ཁྲག་འབབ། སྐྱེས་པ་ལ་དབུ་མའི་སྣ་ནར་བར་འཁྱིལ་བ་དང༌། རི་དྭགས་ཀྱི་རྩི་ལྟ་བུར་བཀག་པ་དང༌། གླང་ཆེན་གྱི་སྣ་ལྟར་བལྟབ་པ་དང༌། པདྨ་ལྟར་ཁ་འབྱེད་འཛུམ་བྱེད་པ་ལ་འབབ་པའང་ཡོད་དོ། །ཞེས་གསུངས་པའི་དཔེ་ཐ་མ་འདི་དང་མཐུན་པ་ཡིན་ཏེ། ཕོ་མོ་གཉིས་ཀའི་ལྟེ་འོག་ཏུ་རྩ་གསུམ་འདུས་མདོའི་རྩ་མདུད་ཤ་ཤ་རྨེན་བུ་ལྟར་ཆགས་པ་ལ་བསམ་སེའུ་ཞེས་པའི་མིང་གིས་བཏགས་པ་དེ་ནི་ཁམས་དཀར་དམར་གཉིས་ཀའི་སྣོད་ཡིན་པའི་ཕྱིར། སྐྱེས་པ་ལ་དྭངས་མ་བདུན་པའི་རྒྱུན་དཀར་པོར་སོང་ནས་སླར་རྐྱང་མར་བརྒྱུད་དེ་བསམ་སེའུ་གསོག་ཅིང༌། བུད་མེད་ལ་དེའི་རྒྱུན་དམར་པོར་སོང་ནས་ཡང་རོ་མར་བརྒྱུད་དེ་བསམ་སེར་བསགས་ནས། དོད་དབུ་མའི་མར་སྣར་དུས་དང་རྐྱེན་གྱི་དབང་གིས་འབབ་པ་ཡིན་ལ།

ཕོ་མོའི་དབང་པོ་ཕྲད་པའི་བདེ་བ་དེ་ཡང་ཁམས་དཀར་དམར་རྒྱུ་བའི། གཉིས་པ་གནས་པའི་ཚུལ་བཤད་པ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་ཡིན། །དེ་རྣམས་བསྐོར་ཏེ་ལྟེ་བ་ནི། །འཁོར་ལོ་ལྟེ་བའི་རྩིབས་བསྐོར་མཚུངས། །དེ་ནི་སྟེང་འོག་ཐད་ཀ་རུ། །ལུས་ནི་རྗེས་སུ་འཛིན་པ་ཡིན། །ཞེས་གསུངས་པ་ལས། འགྲེལ་བ་གཉིས་མཐུན་པར། ལུས་ལ་གནས་པའི་རྩ་བོ་ཆེ་ཉི་ཤུ་རྩ་བཞི་ཡོད་པ་གང་ཡིན་པ་དེ་ནི་ལྟེ་བ་ལ་བརྟེན་ཅིང་གནས་པ་ཡིན་ལ། དེ་ཡང་དེ་རྣམས་ཀྱིས་ལྟེ་བ་ཡོངས་སུ་བསྐོར་བར་གནས་ཏེ། ཇི་ལྟར་ཤིང་རྟའི་ལྟེ་བ་གང་ཡིན་པ་དེ་རྩིབས་ཀྱིས་ཀུན་ནས་བསྐོར་ཞིང་གནས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟ་བུའི་རྩ་བོ་ཆེ་དེ་ནི་ལུས་འདི་སྟེང་དང་འོག་དང་ཐད་ཀ་དག་ཏུ་གྱེས་པས་ཕུང་པོ་འདི་རྗེས་སུ་འཛིན་ཅིང་འཚོ་བར་བྱེད་པ་ཡིན་ཏེ། རྩ་བོ་ཆེ་དེ་ཀུན་དགའ་ར་བའི་ཆུ་འདྲེན་པའི་ཝ་ལྟ་བུའམ་ཞིང་གི་ཡུར་བ་ལྟ་བུ་ཡིན་ནོ། །རྩ་བོ་ཆེ་དེ་དག་ལས་བཅུ་ནི་སྟེང་དུ་འགྲོ་བ་ཡིན་ལ། བཅུ་ནི་འོག་ཏུ་འགྲོ་བ་ཡིན་ཞིང༌། བཞི་ནི་ཐད་ཀར་འགྲོ་བ་ཡོད་དོ། །ཞེས་བཤད་པའི་རིགས་པས། སྲིད་ཅེས་པ་དེ་ཉིད་དངོས་པོ་འགའ་ཞིག་ལ་བརྟེན་ནས་གནས་པའི་དོན་ཡིན་ཏེ། དཔེར་ན་རྒྱལ་པོ་རྟག་ཏུ་གནས་པའི་གཞི་དེ་ལ་རྒྱལ་སྲིད་ཅེས་ཟེར་བ་ལྟར། འདིར་ཡང་དབང་པོ་རྣམས་དང་རྣམ་པར་ཤེས་པའི་ཚོགས་དྲུག་དང༌། ལུས་ཀྱི་ཕུང་པོ་དང༌། ཕོ་མོའི་དབང་པོ་རྣམས་བསྐྱེད་པའི་རྩ་མཐའ་དག་བརྟེན་པའི་གནས་བཤད་པའི་སྐབས་ཡིན་པའི་ཕྱིར། སྡེ་ཚན་བཞིར་བཅད་པའི་རྩ་བོ་ཆེ་རྣམས་ཀླད་པ་ལ་སོགས་པ་བཞི་ལ་བརྟེན་ཅིང་གནས་ཞེས་བྱ་བའི་དོན་ཏོ། །དེས་ན་འཁོར་ཐམས་ཅད་དབུ་རྐྱང་རོ་གསུམ་དུ་འདུས་པའི་གནས་དེས་ལྟེ་བ་བྱས་ནས་འཁོར་ལོའི་རྩིབས་དང་མཚུངས་པར་ཕྱོགས་བཞིར་དབུ་མ་ལས་གྱེས་པའི་རྩ་འདབ་བཞི་དང་སྟེང་འོག་ཏུ་རོ་རྐྱང་ལས་གྱེས་པའི་རྩ་འདབ་བཅུ་བཅུ་སྟེ། འཁོར་ལོ་རེ་རེ་ལ་རྩ་འདབ་ཆེ་བ་ཉི་ཤུ་རྩ་བཞི་བཞིར་གནས་ཤིང༌། སླར་ཡང་རོ་རྐྱང་གཉིས་ལས་གྱེས་པའི་ཉི་ཤུ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུ་དང་དབུ་མ་ལས་གྱེས་པའི་བཞི་པོ་ལ་ཉི་ཤུ་རྩ་ལྔ་ལྔར་གྱེས་པས་དྲིལ་བས་འཁོར་ལོ་རེ་རེ་ལ་རྩ་ཕྲན་ལྔ་བརྒྱ་ལྔ་བརྒྱ་དང་བཅས་ཏེ་རང་རང་གི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ལུས་པོ་གསོ་སྐྱེད་ཀྱི་བྱ་བ་བྱེད་པས་ན་རྗེས་སུ་འཛིན་པ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ལས། དྲུག་ཅུ་རྩ་བཞིར་བརྒྱད་འདབ་བྱ། །སྟེང་དང་འོག་ཏུ་ཁ་བལྟས་ནས། །སླར་ཡང་ཁ་སྦྱོར་ཚུལ་དུ་གནས། །ཞེས་དངོས་བསྟན་སྙིང་ག་དང༌། ཤུགས་ལ་འཁོར་ལོ་གཞན་དག་ཀྱང་བསྟན་པས། འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་འབྱུང་བའི་འཁོར་ལོ་བཞིའམ་དྲུག་གི་རྣམ་པར་གཞག་པ་དང་དོན་གཅིག་པ་ཡིན་ཀྱང་སྦས་པའི་ཚུལ་གྱིས་གསུངས་པའོ། །

འོ་ན་མགྲིན་པ་དང་གཙུག་ཏོར་གྱི་འཁོར་ལོ་ཇི་ལྟར་འཆད་སྙམ་ན། གཙུག་ཏོར་གྱི་འཁོར་ལོ་ནི་སངས་རྒྱས་ཀྱི་གཙུག་ཏོར་གྱི་རྒྱུ་ལ་དགོངས་ནས་གསུངས་པ་ཙམ་མ་གཏོགས་དོན་སྨིན་མཚམས་སུ་ཡོད་པར་བཤད་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཁོངས་སུ་གཏོགས་ལ། མགྲིན་པའི་འཁོར་ལོས་རོ་དྲུག་པོ་ལ་ལོངས་སྤྱོད་པ་ཙམ་མ་གཏོགས་ལུས་ཀྱི་ཟུངས་བསྐྱེད་པའི་ལས་བྱེད་པ་ཉུང་བའི་དོན་གྱིས་དངོས་སུ་མ་སྨོས་པ་ཡིན་ཀྱང༌། ཤུགས་བསྟན་དུ། བཟའ་བཏུང་རོ་ལ་ལོངས་སྤྱོད་བྱེད་པའི་རྩ། །མགྲིན་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དོན་གྱིས་ཐོབ་ཅིང་གོ་ནུས་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་རགས་པའི་དབང་དུ་བྱས་མོད། ཞིབ་ཏུ་རྩ་འདབ་ཀྱི་གྲངས་དང་མིང་རྣམས་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་རྣམས་དང་མཐུན་པར་འཆད་དུ་ཡོད་དོ། །

གཉིས་པ་ཚིག་གི་དོན་ནི། སྲིད་པའི་ཞེས་པ་ནས་རྗེས་སུ་འཛིན་ཞེས་པའི་བར་གྱིས་བསྟན་ཏེ། ལུས་འདི་ལ་སྲིད་པའི་རྩ་བོ་ཆེ་ཞེས་པ་མིང་གིས་བཏགས་པ་ནི་རྣམ་པ་བཞི་ཡོད་དེ། གང་ཞེ་ན་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ཡན་ལག་གི་རླུང་ལྔའི་རྟེན་དུ་ཀླད་པར་འཁྱིལ་བ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་བཞིན་དུ་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་བསྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟར་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ཡང་ཡིད་བཟང་མ་ཞེས་པ་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་ཁུ་ཞིག་རྒྱབ་ཕྱོགས་སུ་ཟུག་པ་ཡོད་པར་གསུངས་པ་ཡོད་དོ། །ཁ་སྦྱོར་ཐིག་ལེ་ལས། ཕྱོགས་བཞི་འདབ་མའི་རྩ་གནས་པ། །འབྱུང་བ་ཆེ་རྣམས་མེ་ཡི་དངོས། །མཚམས་ལྔར་བདུད་རྩི་ལྔ་འབབ་པར། །དེ་བསྟེན་མཆོད་པ་བཞི་ཞེས་བཤད། །འདི་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་དང༌། མན་ངག་རྒྱུད་ལས། སུལ་གསུམ་ནང་ན་རྩ་ལྔ་རླུང་རྩ་དབུས། །རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས། །ཞེས་བཤད་དོ། །རང་རང་གི་ལུས་ཀྱི་ཕུང་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆགས་ཤིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ས་བོན་འཕེལ་འཛིན་བྱེད་པའི་རྟེན་དུ་ལྟེ་བའི་དབུས་ཀྱི་བསྟེན་པ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །བུ་ཚ་རིགས་རྒྱུད་མི་ཉམས་པར་བསྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་བདེ་བའི་ཁམས་ཀྱི་རྟེན་དུ་མཚན་མར་མཚན་ཉིད་ཅན་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ལྟར་བཤད་པའི་འཁོར་ལོ་མགྲིན་པ་དང་བཅས་པ་ལྔའི་རྩ་ཕྲ་རགས་པ་རྣམས་ཀྱིས་རང་རང་གི་ལྟེ་བའི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ཁམས་ཐམས་ཅད་ཀྱི་བྱ་བ་ཚུལ་བཞིན་དུ་བྱེད་ཅིང་ཡོངས་སུ་འབྲེལ་བའི་དོན་གྱིས་ན། ལུས་ཀྱི་ཆ་ཤས་ནད་ཟུངས་དྲི་མ་སོགས་ཇི་སྙེད་པ་ཀུན་ཀྱང་དུས་མ་ཡིན་པར་མི་གཏོང་བར་རྗེས་སུ་འཛིན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །

གསུམ་པ་འབྲེལ་བའི་རྩ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི་ཁ་ཅིག་ན་རེ། སྲོག་པ་རྩ་དཀར་པོ་དང་ནག་པོ་གཉིས་ཡོད་དེ་སྲོག་རྩ་དཀར་པོ་དེ་སྒལ་པའི་དཀྱིལ་ན་ཡར་འབྱར་བས་རྒྱུངས་པའི་རྩ་སྟོད་ལ་སྙིང་གི་འབྲས་བུར་སྨིན་ནོ། རྩ་སྨད་ཕྲ་མོར་གྱེས་ཏེ་རྒྱུས་པ་ལྟར་སོང་ནས་གཞུག་གུ་ཆུང་གི་རྩ་མིག་ཏུ་ཐིམ་མོ། །སྲོག་པ་རྩ་ནག་པོ་དེ་ཁོག་པའི་དཀྱིལ་ན། ཡར་གང་ལའང་མ་འབྱར་བར་མཆིན་དྲི་ཕུག་ནས་དྲང་པོར་བརྒྱུས་ཏེ་ཞེས་ཟེར་རོ། །ཚིག་འདི་ལ་དཔགས་ན་སྲོག་རྩ་དཀར་པོ་ནི་རྒྱུངས་པ་ལ་འདོད་པར་སྣང་ཡང༌། རྒྱུངས་པའི་སྟོད་དུ་སྙིང་ནི་འབྲས་བུའི་ཚུལ་དུ་སྨིན་པར་མི་འཐད་དེ། སྲོག་རྩ་ནག་པོའི་ཡལ་ག་ཚིགས་པ་གསུམ་པའི་ཐད་ནས་གྱེས་པ་ལ་སྙིང་འབྲས་བུའི་ཚུལ་དུ་ཆགས་པར་བཤད་པ་མ་གཏོགས་གཞན་ཁུངས་མེད་པའི་ཕྱིར་རོ། །སྲོག་རྩ་ནག་པོའི་གནས་ཚུལ་དེ་ཡང་མི་རིགས་ཏེ། མན་ངག་རྒྱུད་ལས། སྒལ་པའི་ནང་གཞུང་ཐང་ཤིང་བསླང་བ་འདྲ། །ཞེས་གསུངས་པ་ལྟར་སྒལ་པའི་ནང་ལོགས་ཀྱི་སྒང་དེ་ཉིད་ལ་འབྱར་བར་མངོན་སུམ་དུ་མཐོང་བའི་ཕྱིར། གཞན་ཡང་སྲོག་རྩ་དཀར་པོ་ལ་རླུང་རྒྱུའོ། །ནག་པོ་ལ་རླུང་ཁྲག་གཉིས་ཀ་རྒྱུ་ཞིང་སྙིང་དང་འབྲེལ་བ་རྣམས་འཕར་རྩའོ། །ཞེས་ཟེར་བ་ཡང་མི་འཐད་དེ། སྲོག་རྩ་དཀར་པོ་ནི་ཁྱོད་རང་གི་རྒྱུངས་པ་ལ་ངོས་བཟུང་ཞིང་སྲོག་རྩ་དཀར་པོ་ཡན་ལག་དང་བཅས་པ་ཀུན་ཀྱང་ཆུ་རྩར་བཤད་པ་དང་འགལ་ལ། ནག་པོ་སྙིང་དང་འབྲེལ་བ་རྣམས་སུ་རླུང་ཁྲག་གཉིས་ཀ་རྒྱུ་བ་བདེན་མོད་ཀྱང༌། ནག་པོའི་ཆ་ཤས་ཀུན་ལ་རླུང་ཁྲག་གཉིས་ཀ་མི་རྒྱུ་སྟེ་དཔེར་ན་རུ་ཐུང་ལ་སོགས་པའི་གཏར་རྩ་འགའ་ཞིག་བཞིན་ནོ། །ཡང་ཁ་ཅིག་ན་རེ། འབྲེལ་བ་རྩ་ལ་དཀར་ནག་གཉིས། །སྲོག་པ་རྩ་ཞེས་བྱ་བ་ནི། །ཁྲག་རྒྱུ་ཕྱི་ཡི་རོ་མ་ཡིན། །དེ་ལས་གྱེས་ཀུན་རྩ་ནག་སྟེ། །མེ་ཁམས་རང་བཞིན་སྟོད་དུ་འབར། །ཞེས་དང༌། ཀླད་པ་ཆུ་ཡི་རྒྱ་མཚོ་ལས། །ཐུར་དུ་རྒྱུ་བ་རྒྱུངས་པ་སྟེ། །དེ་ལ་ཕྱི་ཡི་རྐྱང་མ་ཟེར། །སྲོག་རྩ་དཀར་པོ་ཞེས་བྱ་སྟེ། །ས་ཆུ་ལྕི་བས་ཐུར་དུ་ཟུག །དེ་ལས་གྱེས་ཀུན་རྩ་དཀར་ཡིན། །ཞེས་ཟེར་བ་ཡང་མི་འཐད་དེ། རོ་རྐྱང་གཉིས་ལ་ཕྱི་ནང་གི་དབྱེ་བ་དེ་ལྟར་ན་དབུ་མ་ལའང་ཕྱི་ནང་གཉིས་སུ་འབྱེད་དགོས་པ་ལས། དེ་ལྟར་བཤད་པར་བྱ་བའི་སྐབས་མི་རྙེད་པའི་ཕྱིར་གྱི་ན་བ་ཙམ་ཡིན་ནོ། །

ཡང་ཁ་ཅིག་ན་རེ། སྲོག་རྩ་དཀར་པོ་དང་དབུ་མ་གཅིག་པར་འདོད་པའང་ཡོད་དེ། དེ་ལྟར་ནའང་ཁྱོད་རང་གི་འོག་ཏུ་སྲོག་རྩ་ནག་པོ་ནི་རོ་མ་དང་མཐུན་པ་འདྲ། ཞེས་དང༌། སྲོག་རྩ་དཀར་པོ་ལས་གྱེས་པ་ནི་དར་གྱི་དཔྱངས་ཐག་བཅུ་གསུམ། ཕྱིར་མངོན་གྱི་རྩ་དྲུག་སྟེ་བཅུ་དགུ། ཞེས་བཤད་པ་དང་ནང་འགལ་ཏེ། སྟོང་ཕྲག་ཉི་ཤུ་རྩ་བཞི་སྟེ། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་སྟེ། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །ཅེས་རྡོ་རྗེ་འཕྲེང་བ་ལས་གསུངས་པ་ལྟར། དབུ་མ་ལས་རླུང་རྩ་གྱེས་དགོས་རྒྱུ་ཡིན་པ་ལ། ཟླ་བ་འབབ་པའི་ཆུ་རྩ་གྱེས་པར་བཤད་པའི་ཕྱིར་རོ། །ཡང་སྲོག་རྩ་ནག་པོ་ནི་སྲོག་རྩ་དཀར་པོའི་མདུན་སྐེ་སྟོང་ཐད་ནས་གཞུག་ཆུང་ཐད་ཀྱི་བར་དུ་གནས་ཤིང་འདིར་ཁྲག་རྒྱུའོ་ཞེས་ཀྱང་སྨྲས་པས་ལུང་རིགས་དང་འགལ་ཞིང༌། རྣམ་པ་གཅིག་ཏུ་ན་ཁྱོད་ཀྱི་ལུགས་ལ་སྲོག་རྩ་དཀར་པོ་རང་དེ་གང་ལ་བྱ། སྲོག་རྩ་ནག་པོའི་རྒྱབ་ན་རྩ་གཞན་ནི་ཡོད་པར་མ་བཤད་ལ། གལ་ཏེ་རྒྱུངས་པ་ལ་འདོད་ན། དབུ་མ་ནི་རླུང་རྩར་བཤད་ཅིང༌། རྒྱུངས་པ་ནི་ཆུ་རྩ་ཡིན་པར་ལུང་རིགས་མངོན་སུམ་གྱི་སྒོ་ནས་གྲུབ་པས་རིགས་པ་མ་ཡིན་ནོ། །གཞན་ཡང་དབུ་མ་ནི་རོ་མའི་རྒྱབ་ཏུ་འབྱུང་བར་རིགས་སམ་ཞེས་སོམས་ཤིག འདི་ལྟ་བུའི་དོན་ལ་མཁས་པར་གྲགས་པ་དང༌། གྲུབ་པར་བཞེད་པ་དག་གིས་ཀྱང་ཇི་བཞིན་མ་ཡིན་པའི་ཚུལ་སྟོན་པར་མཛད་དེ། ཇི་སྐད་དུ། གཡོན་རྐྱང་མ་ཁ་དོག་དཀར་པོ་ཁ་ཐུར་དུ་བལྟས་ནས་གནས། རོ་མ་ཁ་དོག་དམར་པོ་ཁ་གྱེན་ལ་བསྟན་ནས་གནས། ཞེས་པ་ལ་སོགས་ཏེ་ཤིན་ཏུ་མངས་ཆེས་པ་དག་མཐོང་བའི་ཕྱིར་ཡང་དཔྱད་པ་མ་རྫོགས་པས་བརྟག་དགོས་ཡོད་ཅིང༌། ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི། །ཞེས་པའི་སྐབས་སུ་ཁ་ཅིག་ན་རེ། ཤ་ཁྲག་འབྲེལ་བར་བྱེད་པ་ཡི། །རྩ་ཆེན་ཉི་ཤུ་རྩ་བཞི་ནི། །ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད། །ཕྱིར་འབྲེལ་ལྟར་མངོན་རྩ་བཅུ་དྲུག །དྲིལ་བས་ཉི་ཤུ་རྩ་བཞིའོ། །བཤད་བྱ་སྦས་པའི་རྩ་བརྒྱད་ནི། །ཚིགས་པ་གསུམ་ནས་བདུན་དག་ཏུ། །རྩ་གསུམ་འབྱུང་བའི་སྙིང་དང་ནི། །གློ་བུ་གཉིས་ལ་ཟུག་དང་གསུམ། །དེ་ནས་སྙིང་གི་ཕྱོགས་བཞི་ན། བད་རླུང་འདྲེས་རྒྱུ་རྩ་རེ་དང༌། །དབུས་ན་རླུང་རྒྱུའི་རྩ་གཅིག་གནས། །དེ་དག་སྦས་པའི་རྩ་བརྒྱད་ཡིན། །ཞེས་ཟེར་འགའ་ཟིག་རྩ་གསུམ་དང༌། བཅུ་གསུམ་པ་ནས་རྩ་གཅིག་བྱུང༌། །དེ་ནི་མཆིན་ཟུག་དེ་ལས་ཀྱང༌། །མཆིན་ལུང་ནག་པོ་མཆིན་དྲིར་འབྲེལ། །དེ་ལས་མཆེར་མཁལ་བསམ་སེའུ། །འབྲེལ་བ་གསུམ་སྟེ་བརྒྱད་ཡིན་ནོ། །ཕྱིར་འབྲེལ་ལྟར་མངོན་བཅུ་དྲུག་ནི། །ཡན་ལག་བཞི་ལ་གཉིས་གཉིས་བརྒྱད། །སྐེ་ལ་བརྒྱད་དེ་བཅུ་དྲུག་ཡོད། །དེ་ལ་རྒྱས་པར་བཤད་ན་ནི། །ལག་པར་འཕར་རྩ་དངུལ་མདུང་གཉིས། །ཁྲག་རྩ་རྩ་ཆེན་གཉིས་གཉིས་བཞི། །རྐང་པར་འཕར་རྩ་མིག་དམར་གཉིས། །བརླ་ནང་རྩ་ཆེན་གཉིས་གཉིས་བཞི། །སྐེ་ལ་གཉིད་ལོག་རྩེ་འདྲ་གཉིས། །རྩེ་ནག་ཆེ་ཆུང་གཉིས་གཉིས་བརྒྱད། །ཕྱིར་འབྲེལ་ལྟར་མངོན་བཅུ་དྲུག་གོ།  །ཞེས་ཟེར་རོ། །དེ་ལ་སྦས་པའི་རྩ་བརྒྱད་ཀྱི་འདོད་པ་སྔ་མ་ཤིན་ཏུ་འཁྲུལ་ཏེ། ཤ་ཁྲག་འཕེལ་བར་བྱེད་པའི་རྩ་འཆད་པའི་སྐབས་སུ་བད་རླུང་འདྲེས་པར་རྒྱུ་བའི་རྩ་བཞི་དང༌། རླུང་རྩ་བཤད་པའི་ཕྱིར་དང༌། སྙིང་ཁོ་ན་ལ་སྦས་པའི་རྩ་བརྒྱད་འདུས་པར་བཤད་པའི་ཕྱིར་དང༌། མན་ངག་རྒྱུད་དུ། ལུས་གསུམ་ནང་ན་རྩ་ལྔ་རླུང་རྩ་དབུས། །རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས། །ཞེས་ཕྱོགས་བཞི་པོའི་རྩར་རླུང་ཁྲག་མཉམ་དུ་རྒྱུ་བའང་གསུངས་པ་མ་གོ་བ་སོགས་ཉེས་པ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །འདོད་པ་ཕྱི་མས་ཀྱང་ལེགས་པར་མ་བཤད་དོ། སྲོག་རྩ་དང་དངོས་སུ་འབྲེལ་བའི་རྩ་འཆད་དགོས་རྒྱུ་ཡིན་པ་ལ། མཆིན་པ་ལ་སླར་མཆིན་དྲིར་འབྲེལ་བའི་རྩ་ཡང་བགྲངས་པའི་ཕྱིར་འཐད་པ་མ་ཡིན་ནོ། །ཕྱིར་མངོན་བཅུ་དྲུག་གི་ངོས་འཛིན་ནོར་ཏེ། སྐེ་ལ་རྩེ་འདྲ་ཡང་བགྲངས་ཤིང་མཚན་མའི་འཕར་རྩ་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར་རོ། །

ཡང་ཕལ་ཆེར་གྱིས་མན་ངག་རྒྱུད་མ་དག་པ་འགའ་རེར། བཅུ་གསུམ་པ་ནས་རྩ་གཉིས་མཆིན་པར་ཟུག །མཆིན་པའི་ལུང་ཆེན་མཆིན་དྲི་ནག་པོར་འབྲེལ། །ཞེས་བྱུང་བའི་རྗེས་སུ་འབྲངས་ནས་མཆིན་པ་དང་འབྲེལ་བའི་རྩ་གཉིས་སུ་འདྲེན་པ་དང༌། མཁལ་མ་དང་འབྲེལ་བའི་རྩ་གཉིས་གཅིག་ཏུ་བསྡོམས་པ་སོགས་ཉེས་པ་མང་དུ་བཀོད་པ་སོགས་མཐོང་ངོ༌། །དེ་ནི་རྣམ་དཔྱོད་ཀྱི་སྐྱོན་ཡིན་ཏེ། མན་ངག་རྒྱུད་ཀྱི་ཚིག་དེ་མ་ཐག་ཏུ་ནི། དེ་བཞིན་མཆེར་པ་མཁལ་མ་བསམ་སེའུར་འབྲེལ། །ཞེས་གསུངས་པས། མཆིན་པ་ལ་རྩ་གཉིས་ཟུག་པའི་དབང་དུ་བྱས་ན། དེ་བཞིན་ཞེས་པའི་ཚིག་གི་ནུས་པས། མཆེར་བ་དང་མཁལ་མ་དང་བསམ་སེའུ་རྣམས་ལའང་གཉིས་གཉིས་ཟུག་པར་ཁས་ལེན་དགོས་ལ། དེ་ལྟར་ན་གློ་སྙིང་གི་རྩ་གསུམ་དང་བཅས་པས་སྦས་པའི་རྩ་བཅུ་གཅིག་ཏུ་ཐལ་ཞིང༌། ཡང་གཏར་རྩའི་སྐབས་སུ་ཁ་ཅིག་ན་རེ། མགོ་ལ་ལྟག་རྩ་གཉིས་དང༌། མཚོག་གསང་དང༌། གསེར་མདུང་གཉིས་དང༌། མིག་རྩ་གཉིས་དང༌། སྣ་རྩེ་དང༌། ལྟག་རལ་གཉིས་དང༌། ལྗོན་ཤིང་གཉིས་དང༌། ལྕེ་རྩ་གཉིས་དང༌། སོ་རྩ་གཉིས་དང༌། བད་ཀན་གཤའ་རིང་གཉིས་དང༌། མཁྲིས་རྩ་ཕྲན་བུ་གཉིས་དང༌། གློ་སྙིང་འདོམས་རྩ་གཉིས་དང༌། མཆིན་མཁྲིས་འདོམས་རྩ་གཉིས་དང༌། རྒྱབ་རྩ་དྲུག་འདུས་གཉིས་དང༌། སོར་མོའི་བར་རྩ་བཅུ་སྟེ་སོ་བཞིའོ། །རྐང་པ་ལ་རྩ་བོ་ཆེ་གཉིས་དང༌། སྒབ་རྩ་གཉིས་དང༌། རྟ་འཐུར་གཉིས་དང༌། བྱིན་གཞུག་གཉིས་དང༌། གདོང་རྩ་གཉིས་དང༌། ལོང་རྩ་གཉིས་དང༌། བྱིན་སྐྱོགས་གཉིས་དང༌། ཡོབ་གོང་གཉིས་དང༌། རྒྱུ་རྩ་གཉིས་ཏ་བཅོ་བརྒྱད་དོ། །སྦུབས་ལ་ཕོ་བའི་ར་རྩ་གཉིས་དང༌། ཕོ་མཚན་གྱི་འགྲམ་རྩ་གཉིས་དང༌། གཞུག་གུ་ཆུང་རྩེ་མོ་དང་ལྔ་སྟེ། དེ་ལྟར་གཏར་རྩ་བདུན་ཅུ་རྩ་བདུན་ནོ། །ཞེས་ཟེར་རོ། །འདི་ལ་མི་འཐད་པའི་ཆ་དུ་མ་ཞིག་མཐོང་སྟེ། ཐོང་རྩ་གཅིག་ལས་མེད་བཞིན་དུ་གཉིས་སུ་བགྲངས་པ་དང༌། ལག་གཉིས་སྐབས་སུ་མཁྲིས་པ་གཤའ་རིང་དང་ཆུ་སེར་གཤའ་རིང་བཞི། སྲིན་ལག་གི་རྒྱབ་རྩ་གཉིས་ཏེ་དྲུག་མ་ཚང་བ་དང༌། སྲིན་རྩའི་བར་རྩ་བཅུར་བགྲངས་པ་དང༌། སྦུབས་ལ་གཞུག་ཆུང་གི་རྩ་གཏར་རྩར་མ་བཤད་ཀྱང་བགྲངས་པ་སོགས་སྣང་བའི་ཕྱིར་རོ། །གཞན་ཡང་གཏར་རྩ་དང་གཉན་པའི་གནད་ལ་སོགས་པའི་གྲངས་ངོས་འཛིན་རྣམས་ལ་མ་རྟོགས་པ་དང༌། ལོག་པར་རྟོག་པ་མང་དུ་སྣང་ཡང་མང་དོགས་པས་ཕྱིར་དགག་པའི་སྤྲོས་པ་བཞག་པ་ཡིན་ནོ། །གཉིས་པ་རང་ལུགས་ལ་དྲུག་སྟེ། སྲོག་རྩ་དཀར་ནག་ངོས་བཟུང་བ། སྦས་པའི་རྩ་ཆེན་བརྒྱད་བཤད་པ། ཕྱིར་མངོན་གྱི་རྩ་བཅུ་དྲུག་བསྟན་པ། དེ་གཉིས་ལས་གྱེས་པའི་གཏར་རྩ་འདྲེན་པ། དེ་གཉིས་ལས་གྱེས་པའི་རྩ་གནད་འདྲེན་པ། སྲོག་རྩ་དཀར་པོར་འབྲེལ་པའི་ཆུ་རྩ་རྣམས་བཤད་པའོ། །དང་པོ་ནི། སྲོག་རྩ་ནག་པོ་ཞེས་བྱ་བ་མཆིན་པའི་རྩ་ནས་རོ་མས་བསྐྱེད་ཅིང་ཤ་ཁྲག་འཕེལ་བར་བྱེད་པའི་ཉེར་ལེན་གྱི་རྩ་ཡིན་པའི་དོན་གྱིས་སྲོག་པ་རྩ་ཞེས་བྱ་ལ། ངོ་བོ་ནི་ཁྲག་འབའ་ཞིག་གིས་གང་བའི་ཁ་དོག་ནག་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་སྟེ། ཚིགས་པ་བཅུ་བཞི་པ་ཡན་དང་སྐེ་སྟོང་མན་གྱི་སྒལ་པའི་ནང་གཞུང་དུ་འབྱར་བའི་ཚུལ་གྱིས་གནས་ཤིང༌། དེ་ནས་རྐང་ལག་དང་མགྲིན་པར་གྱེས་པ་ཡིན་ནོ། །སྲོག་རྩ་དཀར་པོ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ་ལ་ཆུའི་རང་བཞིན་གྱིས་གང་བས་མདོག་དཀར་པོ་སྟེ་ཀླད་པ་ནས་རྩ་བ་ལྟ་བུར་སྒལ་ཚིགས་ཐམས་ཅད་ཀྱི་ནང་དུ་ཞུགས་ནས་ཇེ་ཕྲར་སོང་བས་གཞུག་གུ་ཆུང་དུ་ཟད་ལ། ཤིན་ཏུ་གཉན་ཞིང་རྩ་དཀར་པོ་ཐམས་ཅད་བསྐྱེད་པའི་གཙོ་བོ་ཡིན་པའི་དོན་གྱིས་ན་སྲོག་པ་རྩ་ཞེས་བྱ་བའོ།།

གཉིས་པ་སྦས་པའི་རྩ་བརྒྱད་བཤད་པ་ནི། མན་ངག་རྒྱུད་ལས། ཚིགས་པ་གསུམ་ནས་རྩ་གསུམ་མདུན་དུ་བྱུང༌། །དབུས་ཀྱི་རྩ་ལ་སྙིང་ནི་འབྲས་བུའི་ཚུལ། །ཞེས་དང༌། གཡས་གཡོན་རྩ་ནི་གློ་བུ་གཉིས་ལ་ཟུག །ཅེས་དང༌། ཚིགས་པ་བརྒྱད་ནས་རྩ་གཅིག་མཆིན་པར་ཟུག །མཆིན་པའི་ལུང་ཆེན་མཆིན་དྲི་ནག་པོར་འབྲེལ། །དེ་བཞིན་མཆེར་པ་མཁལ་མ་བསམ་སེར་འབྲེལ། ཞེས་པས་བསྟན་པ་ཡིན་ཏེ། ཚིགས་པ་གསུམ་པའི་ཐད་ཀྱི་སྲོག་རྩ་ནག་པོ་ནས་སྙིང་དུ་འབྲེལ་པའི་རྩ་གཅིག་དང༌། གློ་བུ་གཉིས་སུ་འབྲེལ་པ་གཉིས་དང༌། ཚིགས་པ་བརྒྱད་པའི་ཐད་ནས་མཆིན་པར་འབྲེལ་བ་གཅིག་དང༌། དེ་བཞིན་དུ་བཅུ་གཅིག་པ་ནས་མཆེར་པར་འབྲེལ་བ་གཅིག་དང༌། བཅུ་གསུམ་པ་ནས་བསམ་སེར་འབྲེལ་བ་གཅིག་དང༌། བཅུ་བཞི་པ་ནས་མཁལ་མ་གཡས་གཡོན་དུ་འབྲེལ་པ་གཉིས་ཏེ། བརྒྱད་པོ་ནི་ལུས་ཀྱི་ཕྱི་རོལ་ཏུ་བལྟ་བ་མི་མངོན་པའི་ཕྱིར་སྦས་པ་ལྟ་བུའི་རྩ་ཞེས་གདགས་པ་ཡིན་ནོ། །

གསུམ་པ་ཕྱིར་མངོན་གྱི་རྩ་བ་དྲུག་བཤད་པ་ནི། སྲོག་རྩའི་རྩེ་མོ་རྩ་ནག་གཉིས། །སྙིང་ནས་བརྒྱུད་པའི་གཉིད་ལོག་གཉིས། །མཆིན་པ་དང་འབྲེལ་རྩེ་འདྲ་གཉིས། །རྐང་ལག་བཞི་ལ་སྲོག་པ་རྩའི། །ཡལ་ག་རྩ་ཆེན་རེ་རེ་དང༌། །སྙིང་ནས་འབྲེལ་བའི་འཕར་རྩ་རེ། །དེ་བཞིན་མཚན་མར་འཕར་རྩ་གཉིས། །དེ་ལྟར་རགས་པའི་རྩ་བ་བཅུ་དྲུག །ཡན་ལག་དྲུག་ཏུ་མཐོང་བའི་ཕྱིར། །ཕྱིར་མངོན་རྩ་ཞེས་གསུངས་པ་ཡིན། །བཞི་པ་ཕྱི་ནང་གི་རྩ་དེ་རྣམས་ལས་གྱེས་པའི་གཏར་རྩ་བཤད་པ་ནི། གཏར་རྩའི་གྲངས་ངེས་ཕྱི་རྒྱུད་དུ། །གསུངས་པའི་བསྡུས་དོན་འདི་ལྟ་སྟེ། །མཚོག་གསང་སྣ་རྩེ་ཐོང་རྩ་གསུམ། །རྣ་བའི་ཕྱི་ནང་ལྗོན་ཤིང་བཞི། །ལྟག་རྩ་ལྟག་རལ་གསེར་མདུང་དྲུག །ལྕེ་མིག་སོ་རྩ་ལྕེ་ཆུང་བརྒྱད། །དེ་ལྟར་ཉེར་གཅིག་མགོ་སྐེའོ། །དཔུང་རྩ་ལྒང་རྩ་དྲུག་མགོ་དང༌། །སྣོད་ཀ་རུ་ཐུང་གློ་སྙིང་འདོམས། །གློ་མཆིན་མཆིན་མཁྲིས་འདོམས་རྩ་དང༌། །བད་མཁྲིས་ཆུ་སེར་གཤའ་རིང་དང༌། །དྲུག་འདུས་ཁྱོར་གོང་སྲིན་ལག་གི་ །རྒྱབ་རྩ་གཉིས་གཉིས་ཕྲན་བུ་དྲུག །སུམ་ཅུ་རྩ་བཞི་ལག་པར་རོ། །རྐང་པར་རྩ་ཆེན་སྒབ་རྩ་དང༌། །རྟ་འཐུར་བྱིན་གཞུག་བྱིན་སྐྱོགས་དང༌། །གདོང་རྩ་ལོང་རྩ་ཡོབ་གོང་དང༌། རྒྱུ་རྩ་གཉིས་གཉིས་བཅོ་བརྒྱད་དོ། །སྦུབས་ལ་ཕོ་བའི་ར་གཉིས་དང༌། །ཕོ་མཚན་འགྲམ་རྩ་གཉིས་ཏེ་བཞི། །དེ་ལྟར་དྲིལ་བས་བདུན་ཅུ་བདུན། །འཁྲུལ་མེད་ཡི་གེའི་ལམ་གནས་སོ། །ལྔ་པ་ཕྱི་ནང་གི་རྩ་དེ་རྣམས་ལས་གྱེས་པའི་རྩ་གནད་བཤད་པ་ནི། ཁྲག་རྩ་ཉེར་བཞི་ལས་གྱེས་པའི་རྩ་གནད། མན་ངག་རྒྱུད་ཆེན་ལས་གསུངས་པ་དང་སྦྱར་ཏེ། རྩེ་ནག་གཉིད་ལོག་ལས་གྱེས་པའི། །སྤྱི་བོའི་ཕྱོགས་བཞིར་རེ་ཐག་བཞི། །ལྟག་རུས་མཁུར་ཚོས་ཀླད་པ་དང༌། །འདུས་སོ་གསུམ་འབྲེལ་ཕྱི་རུ་གཉིས། །གཙུག་ན་ཚངས་པའི་སྐུད་པ་སྟེ། །དེ་བདུན་ཀླད་པའི་རྩ་ཡིན་ནོ། །སྡུད་མགོ་གསུམ་དང་མཚོག་མའི་མགོ། སྨིན་དཀྱིལ་གཉིས་དང་མཁུར་ཚོས་གཉིས། །གཙུག་སྟེ་གཟེར་རྩ་མདུང་ཚུགས་དགུ་ །རྣ་ལྷན་སོར་བཞིར་འཕྲེད་ཉལ་གཉིས། །དེ་ལྟར་བཅུ་གཅིག་རུས་པའི་རྩ། །དོན་སྣོད་འདོམས་པའི་རྩ་དྲུག་དང༌། དབང་པོ་སྒོ་བཞིའི་རྩ་རེ་སྟེ། །བཅུ་པོ་མ་ངེས་ཤ་རྩ་ཡིན། །དེ་ལྟར་ཤ་རུས་ཀླད་པའི་རྩ། །བསྡོམས་ན་མགོ་ལ་ཉེར་བརྒྱད་ཡོད། །ནུ་མ་གཉིས་ནས་མདུན་དག་ཏུ། །མཚོན་རེ་ཕྲ་ཁབ་ཁབ་འདྲ་གཉིས། །སྒྲོག་རུས་དབུས་འོག་མཚོན་རེ་ན། །དངུལ་གྱི་འབུ་རུ་གཟེར་འདྲ་གཉིས། །ནུ་མའི་མཐའ་སྐོར་མཚོན་རེ་ན། །ནུ་རྩ་ཨ་ལོང་བསྐོར་འདྲ་གཉིས། །དེ་ལྟར་སྙིང་གི་རྩ་གནད་དྲུག །ཚིགས་འགྲམ་ཚིགས་པ་བཞི་པ་ཡི། །གཡས་གཡོན་མཚོན་རེ་ཕུན་རེའི་ས། །ནང་རྒྱུག་དྲུག་པའི་སོར་ལྔ་ན། །བརྒྱད་པའི་སོར་བདུན་གྲོག་སྐེད་དོ། །བཅུ་བའི་ཆག་གང་དགེ་དོར་ཏེ། །འགྲེང་བུ་ནུ་སྟེང་སྒྲོག་རུས་འོག །རིམ་བཞིན་རྩིབས་སྒང་སྟག་མགོ་དང༌། །ཟགས་སྣ་ཤམ་སྣ་གཉིས་གཉིས་བཅུ། །གློ་བ་མ་ལྔའི་རྩ་རུ་འདོད། །དེ་བཞིན་ཐུགས་ཁབ་མཛོ་སྣ་དང༌། །བྱ་སྒབ་དགྲ་ལྕེ་རྟེ་མིག་སྟེ། །བུ་ལྔའི་རྩ་རྣམས་རིམ་བཞིན་དུ། །ནུ་མདུན་མཚོན་རེར་ཕྱི་རྒྱུག་གཉིས། །སྣོལ་མ་སྒྲོག་ཆར་ཕན་ཚུན་བསྡོམས། །གཟེར་མགོ་མཆན་འོག་ཆག་གང་སར། །ཟངས་མ་མཆན་འོག་གྱེན་དུ་འདྲིལ། །སྔོན་བུ་སོག་དཀྱིལ་འོག་ན་འོ། །དེ་དག་གཉིས་གཉིས་བཅུ་ཡིན་ནོ། །མ་བུ་ལུང་འཛིན་ཁུག་པ་གཉིས། །དཔུང་སོག་ཆག་གང་ཕྲག་ལ་བསྐལ། །ཚང་ཚིང་ལས་བྱུང་དུང་བུད་གཉིས། །དཔུང་གང་ཆག་གང་ས་ན་གནས། །དེ་ལྟར་གློ་རྩ་ཉི་ཤུ་བཞི། །མཆིན་རྩ་ཤ་རུ་མོན་རུ་གཉིས། །ནུ་མདུན་མཚོན་དོར་ལྷེན་ལས་བྱུང༌། མཆེར་རྩ་བྱ་རྐང་ཞེས་བྱ་གཉིས། །སོག་གཞུག་རྟ་ཤའི་གསེབ་ན་གནས། །མཁྲིས་རྩ་གསེར་གྱི་ཀ་བ་གཉིས། །དཔུང་སོག་གཉིས་ཀྱི་བར་ན་འོ། །ལྷེན་སྣའི་གཡས་གཡོན་མཚོན་རེ་དང༌། །ཕོ་དབུས་གཡས་གཡོན་སོར་གསུམ་དང༌། །ལྟེ་བའི་གྱེན་མཚོན་གང་རྣམས་སུ། །སྦྲུལ་མིག་ཀ་བ་བོང་རྨེད་གསུམ། །རིམ་བཞིན་གནས་པ་ཕོ་བའི་རྩ། །ལྟེ་བའི་ཟུར་ནས་གཡས་གཡོན་དུ། །མཚོན་རེའི་ས་ན་ལོང་རྩ་གཉིས། །དེ་འོག་མཚོན་རེར་རྒྱུ་རྩ་གཉིས། །བསམ་སེའི་རྩ་གཉིས་དཔྱི་ཡི་ནང༌། །བརྒྱུད་ནས་སྣེ་སར་དོན་པ་ཡིན། །མཚན་མ་གཡས་གཡོན་དབུས་རྣམས་སུ། །སྲོག་རྩ་སྲིད་རྩ་ཆུ་རྩ་གསུམ། །ལྒང་པའི་རྩ་ཡིན་བཞི་བཅུ་བརྒྱད། །བྱང་ཁོག་སྟོད་སྨད་རྩ་ཡིན་ནོ། །ཀྱོག་རའི་གསེར་གྱི་ཀ་བ་འདྲ། །སྣག་ཆེན་གཉེར་མར་སྐྱ་རིངས་གཉིས། །དཔྱི་ཡི་ཁ་གཟར་ན་གུ་གཉིས། །བརླ་སྒང་སྟེང་གི་རུས་ཞེན་གཉིས། །བརླ་ཤའི་ཕྱི་ཟུར་རྐང་འདེགས་གཉིས། །བརླ་ཡི་ཕྱི་སུལ་རྩ་ནག་གཉིས། །བོལ་གོང་འཕར་རྩ་ནག་པོ་གཉིས། །ནང་ལོང་ལྕགས་ཀྱི་སྲན་མ་གཉིས། །ངར་གདོང་རུས་པར་ཀ་གདུང་གཉིས། །སྒྱིད་ཁུར་སྒབ་རྩ་ནག་པོ་གཉིས། །བརླ་ཁུང་སྙིང་རྩ་མིག་དམར་གཉིས། །ལག་པའི་མཐིལ་ན་མྱུར་བ་གཉིས། །མཁྲིག་མའི་ཁུད་ན་འཕར་རྩ་གཉིས། །བལྟ་རྩ་བླ་རྩ་གཉིས་གཉིས་བཞི། །གྲུ་མོའི་ནང་ཁུགས་ཨ་སོ་གཉིས། མཆན་ཁུང་ནང་ན་རྔུལ་འདུ་གཉིས། དེ་ལྟར་སུམ་ཅུ་རྩ་དྲུག་གོ། །ཡན་ལག་བཞི་ལ་བརྟེན་པ་སྟེ། །དྲིལ་བས་བརྒྱ་དང་བཅུ་གཉིས་སོ། །ཀུན་ཀྱང་ཁྲག་རྩའི་དབྱེ་བ་ཡིན། །དེ་ལྟར་གཏར་རྩ་དང་བསྡོམས་པས། །རྩ་ཕྲན་བརྒྱ་དང་བརྒྱད་ཅུ་རྩ་དགུའོ། །ཞར་ལ་དེ་ལས་འཕྲོས་པའི་དོན། །

ཁ་ཅིག་ན་རེ། འདྲེས་པའི་རྩ་བརྒྱ་དང་བརྒྱད་ཅུ་དགུ་པོ་དེ་ལས་ལུས་ཀྱི་ཕྱི་ནང་དང་བར་གསུམ་དུ་གནས་པའི་རྩ་རགས་པ་བཞི་བཅུ་སྟེ་བརྒྱ་དང་ཉི་ཤུའོ། །དེ་རེ་རེ་ལས་ཀྱང་རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་རྩ་གསུམ་གསུམ་དུ་གྱེས་པའི་བརྒྱ་ཉི་ཤུ་པོ་ལས། རྩ་ཕྲན་སུམ་བརྒྱ་དང་དྲུག་ཅུར་གྱེས་པ་ཡིན་ལ། དེ་ལས་ཀྱང་རླུང་དང་མཁྲིས་པ་དང་བད་ཀན་རྣམས་འདྲེས་པའི་ཁྲག་གི་རྩ་དང་ནད་མེད་པའི་ཁྲག་གི་རྩ་སྟེ། དེ་ལྟར་ན་རྩ་ཕྲན་གྱི་གྲངས་བདུན་ཅུ་དག་ཏུ་གྱེས་ཤིང༌། དེ་ལས་ཡང་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྱེས་ནས་ལུས་ལ་དྲ་བ་ལྟ་བུར་འབྲེལ་ནས་གནས་པའོ། །ཞེས་ཟེར་བ་མི་འཐད་དེ། རྩ་བརྒྱ་དང་བརྒྱད་ཅུ་རྩ་དགུ་པོ་དེ་ལས་རྩ་ཕྲན་མང་དུ་འཕེལ་དགོས་རྒྱུ་ལ་ཉུང་དུ་བསྡུས་པའི་ཕྱིར་དང༌། ཁྲག་རྩ་འབའ་ཞིག་གི་དབྱེ་བ་བྱེད་པའི་སྐབས་སུ་རླུང་མཁྲིས་བད་ཀན་གྱི་རྩའི་དབྱེ་ཚུལ་བྱས་པའི་ཕྱིར། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་ཁྲག་རྩ་རླུང་རྩ་ཆུ་རྩ་གསུམ་གའི་དབང་དུ་བྱས་ནས་གསུངས་པ་ལས། འདིར་ཁྲག་རྩ་ཁོ་ན་ལ་སྦྱར་བའི་ཕྱིར་ཏེ། ཉེས་པ་ཤིན་ཏུ་འཕེལ་ལོ། །དྲུག་པ་སྲོག་རྩ་དཀར་པོ་དང་འབྲེལ་བའི་རྩ་དཀར་ནི་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་ཚིག་གི་དོན་ལ་གཉིས། རོ་མ་དང་འབྲེལ་བའི་སྲོག་རྩ་ནག་པོ་བཤད་པ་དང༌། རྐྱང་མ་དང་འབྲེལ་བའི་སྲོག་རྩ་དཀར་པོ་བཤད་པའོ། །དང་པོ་ནི། འབྲེལ་བའི་རྩ་ལ་ཞེས་པ་ནས་དྲ་བར་འབྲེལ་ཞེས་པའི་བར་གྱིས་བསྟན་ཏེ། རོ་རྐྱང་དང་འབྲེལ་བའི་རྩ་ནི་གཙོ་བོ་ལ་ནང་དུ་རྒྱུ་བའི་ཁམས་དཀར་དམར་གྱི་དབང་གིས་དཀར་པོ་དང་ནག་པོ་གཉིས་སུ་ཡོད་པ་དེ་ལས། ཕྱི་མ་སྲོག་རྩ་ནག་པོ་ནི་ཁྲག་རྩའི་ཡལ་ག་ཐམས་ཅད་བསྐྱེད་པའི་གཞི་སྡོང་པོ་ལྟ་བུ་ཡིན་པ་དེ་ལས་ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི་ཤ་ཁྲག་འཕེལ་བར་བྱེད་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ཡོད་པ་ཡིན་ནོ། །དེ་ཡང་དོན་སྣོད་དང་ནང་དུ་འབྲེལ་བས་སྦས་པ་ལྟ་བུའི་རྩ་ཆེན་བརྒྱད་དང༌། ཡན་ལག་ཕྱི་རོལ་ཏུ་འབྲེལ་བའི་མངོན་པར་གསལ་བའི་རྩ་བཅུ་དྲུག་སྟེ་ཉེར་བཞིའོ། །དེ་དག་ལས་གྱེས་པའི་སྨན་པས་གཏར་བར་རུང་བའི་རྩ་བདུན་ཅུ་རྩ་བདུན་དང༌། གཏར་བར་མི་རུང་བར་གཉན་པའི་རྩ་གནད་བརྒྱད་དང་བཅུ་གཉིས་ཏེ་གཉིས་ཀ་འདྲེས་པ་ཞེས་སམ་བསྡོམས་པའི་རྩ་ཕྲན་གྱི་གྲངས་ནི་བརྒྱ་དང་བརྒྱད་ཅུ་རྩ་དགུ་ཡོད་དོ། །དེ་རྣམས་ལས་ཕྱི་ཤ་པགས་དང་འབྲེལ་བ་བརྒྱ་ཉི་ཤུ། ནང་དོན་སྣོད་དང་འབྲེལ་བ་བརྒྱ་ཉི་ཤུ། པར་རུས་རྐང་དང་འབྲེལ་བ་བརྒྱ་ཉི་ཤུ་སྟེ། དྲིལ་བས་རྩ་ཕྲན་སུམ་བརྒྱ་དང་དྲུག་ཅུར་གྱེས་པ་ཡིན་ནོ། །དེ་ལས་ཀྱང་ཕྱི་ནང་བར་གསུམ་དུ་ཉིས་བརྒྱ་དང་སུམ་ཅུ་རྩ་གསུམ་སྟེ་རྩ་ཕྲན་བདུན་བརྒྱ་དག་ཏུ་གྱེས་ཤིང༌། དེ་དག་ལས་ཀྱང་ཡང་ཕྲན་དུ་གྱེས་པའི་རྩ་ནི་ལུས་འདི་ལ་དྲ་བ་ལྟ་བུར་འབྲེལ་བ་ཡིན་པས་གྲངས་ཀྱིས་མཚོན་པར་མ་བྱས་སོ། །ཞེས་བྱ་བའི་དོན་ཏོ། །

གཉིས་པ་རྐྱང་མ་དང་འབྲེལ་བའི་སྲོག་རྩ་དཀར་པོ་བཤད་པ་ནི། ཀླད་པ་ཞེས་པ་ནས་བཅུ་དྲུག་གྱེས་ཞེས་པའི་བར་གྱིས་བསྟན་ཏེ། རྐྱང་མའི་ཡར་སྣས་བསྐྱེད་པའི་ཀླད་པ་ནི་རྩ་དཀར་ཐམས་ཅད་བསྐྱེད་པའི་གཞི་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེ་ལས་རྩ་བ་ལྟ་བུར་ཁ་ཐུར་བལྟས་སུ་ཟུག་པའི་རྩ་རྒྱུངས་པ་ནི་སྲོག་རྩ་དཀར་པོ་སྟེ་གཙོ་བོ་ཡིན་ལ། དེ་ལ་ཆུའི་ཁམས་གསོ་བསྐྱེད་ཀྱི་བྱ་བ་བྱེད་པའི་ཆུ་རྩ་རགས་པའི་དབང་དུ་བྱས་པ་བཅུ་དགུ་ཡོད་དོ། །དེ་ཡང་གནད་ཀྱི་དབང་གིས་རླུང་བསྐྱེད་པའི་རྩ་བཞི་སྙིང་དང་རྒྱུ་མ་དང༌། མཁྲིས་པ་བསྐྱེད་པའི་རྩ་བཞི་གློ་ལོང་མཆིན་མཁྲིས། བད་ཀན་བསྐྱེད་པའི་རྩ་བཞི་ཕོ་མཆེར་མཁལ་ལྒང༌། འདུས་པ་བསྐྱེད་པའི་རྩ་གཅིག་བསམ་སེའུ། ཀླད་པའི་རྗེ་ཞབས་ནས་མགྲིན་པའི་ནང་རྒྱུད་དེ་འབྲེལ་བ་ཡིན་པས་དོན་སྣོད་དང་ནང་དུ་འབྲེལ་བའི་དར་གྱི་དཔྱངས་ཐག་བཅུ་གསུམ་ཞེས་བྱ་བ་སྟེ་སྦས་པ་ལྟ་བུའི་རྩའོ། །མཇིང་པའི་ཆུ་ལེབ་གཉིས་དང༌། སྣ་རྩེའི་ཆུ་བ་གཉིས། ཕྲག་པའི་ཆུ་ལེབ་གཉིས་ནི་ཡན་ལག་རྣམས་དང་ཕྱི་རོལ་ཏུ་འབྲེལ་བའི་རི་མོ་མངོན་པའི་རྩ་དྲུག་ཅེས་བྱ་སྟེ་དྲིལ་བས་བཅུ་དགུའོ། །བཅུ་དགུ་པོ་དེ་ལས་ཆུ་རྩ་ཕྲན་བུ་མགོ་ལ་རཏྣ་གཉིས། འཇའ་བྱེད་གཉིས། སྦུ་གུ་ཅན་གཉིས། རྐང་ལག་ལ་སྒྱིད་ཆུ་གཉིས། རྟིང་ཆུ་གཉིས། སྦལ་མགོ་གཉིས། གྲུ་མོ་གཉིས། མཁྲིག་མའི་རྩ་གཉིས་ཏེ་བཅུ་དྲུག་ཏུ་གྱེས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །བཞི་པ་ཚེའི་རྟེན་གྱི་རྩ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཕལ་ཆེར་གྱིས། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། གཅིག་ནི་དབུགས་དང་འགྲོགས་ཏེ་རྒྱུ་བ་ཡིན། ཞེས་པ་སྲོག་པ་རྩ་དང་བལྟ་རྩ་གཉིས་ལ་མཐུན་པར་བཤད་དོ། །དེ་ལ་དང་པོ་མི་འཐད་པའི་ཚུལ་ནི། ཁྱོད་རང་རྣམས་ཀྱི་ལུགས་ལ་སྲོག་རྩ་དཀར་ནག་གཉིས་སུ་ཡོད་པའི་ནང་ནས་གང་ལ་བྱེད། དཀར་པོ་ལ་བྱེད་ན་གཙོ་བོ་རྒྱུངས་པ་དང་ཕྲན་བུ་རྣམས་གང་ཡིན། རྒྱུངས་པ་ནི་མགོ་ལུས་ཐམས་ཅད་ལ་མ་ཁྱབ་ལ་ཕྲན་བུ་རྣམས་ལ་ཚེའི་རྩ་ཞེས་པའི་ཐ་སྙད་ཇི་ལྟར་འདུག གལ་ཏེ་སྲོག་རྩ་ནག་པོ་ཡིན་ནོ་ཞེ་ན་མི་འཐད་དེ། སྲོག་རྩའི་སྡོང་པོ་དེ་ཉིད་ལ་བྱེད་དམ་དེའི་ཡལ་ག་ལ་བྱེད། དང་པོ་ནི། མན་ངག་རྒྱུད་ལས། ཚིགས་པ་བཅུ་གཉིས་པ་ནས་སྐེ་སྟོང་གི་བར་ལས་མེད་པར་གསུངས་པས་མགོ་ལུས་ཐམས་ཅད་ལ་ཁྱབ་པར་མི་རུང་ལ། གཉིས་པ་ལྟར་ན། ཁྲག་རྩ་ཐམས་ཅད་ཡིན་པས་མགོ་ལུས་ཀུན་ལ་ཁྱབ་མོད་དུ་ཟིན་ཀྱང༌། ཚེའི་རྩར་མི་འཐད་དེ། འཕར་རྩ་ཆད་པ་ལ་སོགས་པའི་སྐྱོན་གྱིས་ཉེས་པ་ཆེན་པོ་བསྐྱེད་པ་ཡང་ཤིན་ཏུ་མང་བའི་ཕྱིར་རོ། །

གཉིས་པ་བལྟ་རྩར་ངོས་འཛིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། དེ་དག་ཏུ་རླུང་ཁྲག་རྒྱུ་བ་ཙམ་ཞིག་མོད་ཀྱང༌། དེ་ཙམ་གྱིས་དབུགས་རྒྱུ་བར་བཞག་མི་ནུས་ཏེ། དབུགས་ཞེས་བྱ་བ་ཁ་སྣའི་སྒོ་ནས་འབྱུང་བ་འདི་ཉིད་ཙམ་མ་གཏོགས་གཞན་ལ་འཇུག་པའི་ཐ་སྣད་ཉུང་བའི་ཕྱིར། ཡང་ཁྱོད་རང་གིས་དབུགས་དང་འགྲོགས་པ་ནི་དབུགས་དང་བསྟུན་ནས་འཕར་བའོ། །ཞེས་བཤད་པ་ལྟར་ཡང་མི་འཐད་དེ། རྩའི་འཕར་ཚུལ་ནི་དབུགས་དང་རྒྱུ་ཚུལ་མི་མཐུན་པའི་ཕྱིར་ཏེ། རེ་ཞིག་དབུགས་བསྡམས་པའི་ཚེ་ན་ཡང་རྩ་ནི་འཕར་བར་བྱེད་པའི་ཕྱིར། ཁྱོད་ལྟར་ན་བལྟ་རྩ་ལས་གཞན་པའི་འཕར་རྩ་རྣམས་ཀྱང་ཚེའི་རྩར་འགྱུར་ཏེ། དབུགས་དང་འགྲོགས་ནས་རྒྱུ་བའི་རྩ་ཡིན་པའི་ཕྱིར་ཏེ། གལ་ཏེ་རུས་པ་འབུར་པོའི་ལྡེབས་ཀྱི་བལྟ་རྩ་མ་ཡིན་ཏེ། མར་ཟུར་ཆུ་རྒྱུས་གསེབ་ཀྱི་བལྟ་རྩ་དེའི་ཞེ་ན་མི་རིགས་ཏེ། དབུགས་དང་འགྲོགས་པ་ཞེས་བྱ་བའི་དོན་མ་གྲུབ་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཚེ་ཡི་རྩ་ནི་གསུམ་དུ་བཞག །གཅིག་ནི་བླ་གནས་ཞེས་གྲགས་པ། །ནང་གི་སྒྲ་གཅན་དག་ལ་བྱ། །འདིར་གནས་ངེས་པ་མ་ཡིན་ཀྱང༌། །ཕོ་ཡི་ཡར་ངོའི་ཚེས་གཅིག་ཡོན། །མོ་ཡི་གཡས་ཀྱི་རྐང་མཐེབ་གཡས། ཞེས་དང༌། འདི་ནི་ནང་གི་སྒྲ་གཅན་ཏེ། །དཀར་དམར་དངས་མ་ལྷན་ཅིག་ཏུ། །འཛོམས་པ་ཡིན་པས་གཉན་པ་ཡིན། །རྣལ་འབྱོར་སྒོམ་པའང་དེ་བོགས་ཆེ། དངས་མ་རབ་ཏུ་འཕེལ་བར་འགྱུར། །ཞེས་སྨྲ་བར་བྱེད་དོ། །དེ་ལ་དང་པོ་མགོ་ལུས་ཐམས་ཅད་ལ་ཁྱབ་པའི་རྩ་དམིགས་ཀྱིས་ཕུད་པའི་ངོས་འཛིན་མ་བྱུང་བས་ཤིན་ཏུ་ནོངས་ཤིང༌། ཕྱིའི་དབུ་མ་ཞེས་པ་ཡང་གསུང་རབ་ཚད་ལྡན་གང་ལས་འབྱུང་བ་སྨྲོས་ཤིག གཉིས་པ་ནི་གོང་དུ་བཀག་ཟིན་ལ། གསུམ་པ་ནང་གི་སྒྲ་གཅན་དག་ལ་བྱ། །ཞེས་པ་ནི། གསང་སྔགས་ཀྱི་ཆོས་ཐོས་མ་མྱོང་བའི་གཏམ་སྟེ། ཅི་ལྟར་ཞེ་ན། ནང་གི་སྒྲ་གཅན་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གི་མིང་ཡིན་ལ། དེ་ལྟེ་བ་ཡན་གྱི་དབུ་མའི་ནང་དུ་གནས་པས། བརྟེན་པ་རླུང་གི་མིང་དེ་ཉིད་རྟེན་རྩ་ལ་ཡང་བཏགས་ཏེ་ལྟེ་བ་ཡན་གྱི་དབུ་མ་ལ་སྒྲ་གཅན་དང༌། ལྟེ་འོག་ན་གཏུམ་མོའི་མེ་ཡོད་པའི་དབང་གིས་ལྟེ་བ་མན་གྱི་དབུ་མ་ལ་དུས་མེ་ཞེས་དང༌། དེ་བཞིན་དུ་ནང་དུ་ཆུའི་ཁམས་རྒྱུ་བ་ལ་ཟླ་བ་དང༌། མེའི་ཁམས་རྒྱུ་བ་ལ་ཉི་མ་ཞེས་སོགས་དཔལ་དུས་ཀྱི་འཁོར་ལོ་ལས་གསལ་བར་གསུངས་ཤིང༌། དེ་ཡང་ཕྱི་ནང་གཞན་གསུམ་གྱི་དག་པ་དང་བསྟུན་ན། སྲོག་རླུང་རོ་མའི་ནང་དུ་ཚུད་ན་ཉི་མ་གཟའ་འཛིན་དང་རྐྱང་པའི་ནང་དུ་ཚད་ན་ཟླ་བ་གཟས་འཛིན་པ་སོགས་ཞིབ་པར་གསུངས་པའི་དོན་གྱིས། དེ་ལྟར་ཡང༌། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང༌། །ཞེས་དང༌། སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པ་སྟེ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །ཞེས་གསུངས་པ་ཡིན་ནོ། །དེས་ན། ནང་གི་སྒྲ་གཅན་དག་ལ་བྱ། །ཞེས་དང༌། དཀར་དམར་དྭངས་མ་ལྷན་ཅིག་ཏུ། །འཛོམས་པ་ཡིན་པས་གཉན་པ་ཡིན། །ཞེས་པ་ཡང་གོང་འོག་ནང་འགལ་ལ། བླ་གནས་དང་དྭངས་མ་དཀར་དམར་གཉིས་ཀ་འཛོམས་ཞེས་པ་ཡང་གཏན་མི་རུང་སྟེ། སྤྱིར་སྐྱེས་པ་ལ་ཁམས་དམར་པོ་དང༌། བུད་མེད་ལ་དཀར་པོ་འཕོ་བ་མེད་ཅིང༌། གལ་ཏེ་ཡོད་སྲིད་དུ་ཆུག་ཀྱང་དེ་གཉིས་ལྷན་ཅིག་ཏུ་མི་འབྱུང་སྟེ། དཔེར་ན་ཚེས་བཅོ་ལྔ་ལྟ་བུའི་ཉིན་སྐྱེས་པ་ལ་ཁམས་དཀར་པོ་དཔྲལ་བ་དང་དམར་པོ་རྐང་པའི་མཐིལ་དུ་གནས་དགོས་པའི་ཕྱིར། དེ་བཞིན་དུ་གཞན་རྣམས་ལའང་མཚུངས་སོ། །ཁྱོད་རང་ལྟར་ན་རྣལ་འབྱོར་པའི་སྒོམ་དུས་རྟག་ཏུ་བོགས་ཆེ་ཆུང་ཁྱད་པར་མེད་པར་འགྱུར་ཏེ། དཀར་དམར་གྱི་དྭངས་མ་དུས་རྟག་ཏུ་ལྷན་ཅིག་པར་གནས་བཞིན་པའི་ངང་ནས་འཕོ་བར་ཁས་བླངས་པའི་ཕྱིར་རོ། །

ཡང་ཁ་ཅིག་ན་རེ་མགོ་ལུས་ཐམས་ཅད་ལ་ཁྱབ་པའི་རྩ་དེ་ནི་གཉན་པའི་གནད་རྣམས་ཡིན་ནོ། །ཞེས་ཟེར་བ་ཡང་འཐད་པ་མ་ཡིན་ཏེ། གཉན་པའི་གནད་རྣམས་ཚེའི་རྩ་ལ་མི་ཐེ་བར་ལོགས་སུ་བགྲངས་པའི་ཕྱིར་རོ། །གཞན་དུ་གཞུང་ཟློས་པའི་སྐྱོན་ཡང་ཡོད་པས་སོ། །དུས་ཕྱིས་ཀྱི་མཁས་པ་དག་གིས་ཀྱང་སྔ་རབས་པ་རྣམས་ཀྱི་རྗེས་སུ་འབྲང་བ་ཙམ་ལས་ལེགས་པར་མ་བཤད་པས་གོང་དུ་བཀག་པ་ཉིད་ཀྱིས་ཆོག་ལ། འདི་ལ་ཀུན་མཐུན་པར། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། །ཞེས་པ་འདི་ཁོ་ན་ལ་བླ་གནས་ཀྱི་བརྩི་ལུགས་མཛད་ཅིང༌། དེ་འདྲ་བའི་ཚིག་ལ་མ་བརྟགས་པར་ཐམས་ཅད་མཁྱེན་པ་རང་བྱུང་བ་ལྟ་བུས་ཀྱང་སྨན་གྱི་བསྟན་བཅོས་ལས། ཀུན་ཏུ་འཁྱམས་པའི་བླ་གནས་ཀྱི་རྩ་ཞེས་བྱ་བ་འདི་གནས་པའི་སར་གཏར་བསྲེག་ལ་སོགས་པ་མི་བྱེད་པར་བཤད་དོ་ཞེས་གསུངས་ཀྱང༌། དེ་དག་ནི་རི་བོང་གི་ཅལ་སྒྲོག་ལ་སེང་གེ་ཡང་རེ་ཞིག་བྲོས་པ་དང་མཚུངས་ལ། གཞན་རྣམས་ནི་མ་རིག་པ་ཚན་ཆེན་པོས་རྣམ་པར་བསླད་པ་ཡིན་ནོ། །དེ་ལྟར་མ་ཤེས་པས་མགོ་ལུས་ཐམས་ཅད་དུ་ཁྱབ་པའི་རྩ་ཞེས་པ་ཡང་ངོས་མ་ཟིན་ལ། བླ་གནས་བརྩི་ཚུལ་ལ་ཡང་མི་འཐད་པའི་ཆ་སྣ་ཚོགས་སུ་སྣང་ཡང་ཡི་གེས་འཇིགས་སོ། །གཉིས་པ་འཐད་པའི་ཆ་རྣམས་རང་ལུགས་ཀྱི་སྒོ་ནས་རྣམ་པར་གཞག་པ་ལ་གསུམ་ལས། དང་པོ་ནི། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། །ཞེས་པ་ནི་ཚེས་རེ་བཞིན་དུ་ལུས་ཀྱི་གནས་རེར་ཡི་གེའི་གཟུགས་ཀྱིས་ཁམས་རེ་ལོངས་སྤྱོད་པ་ལ་བླ་གནས་ཞེས་པའི་མིང་གིས་བཏགས་པ་དེ་ཉིད་ལ་བྱ་སྟེ། མགོ་ལུས་ཡན་ལག་དང་བཅས་པའི་ཆ་ཤས་ཐམས་ཅད་དུ་འཕོ་ཞིང༌། ཉ་སྟོང་གི་ཚེ་ལུས་ཐམས་ཅད་ལ་ཅིག་ཅར་དུ་ཁྱབ་པར་གནས་པའི་ཕྱིར། སྐབས་འདིར་འཕོ་ཚུལ་ཞིབ་ཏུ་བཤད་ན། འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པར། གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་གསང་བ་ལ་སོགས་པའི་པདྨ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་དང༌། སྟེང་དུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་དེ་ནི་འདོད་པའི་དངོས་གྲུབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་དེ་རབ་ཏུ་སྟེར་བའོ། །ཞེས་དང༌།

དཔལ་བརྟག་པ་གཉིས་པར། བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་པ་རྣམས་དེ་ཡི་ཆ། །ཞེས་དང༌། སྒྱུ་འཕྲུལ་དྲ་བ་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་དང༌། ནང་དོན་ལས། ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་ཆ། །ཁམས་བཞི་ལྡན་པར་མགྲིན་པར་འབབ། །ཅེས་གསུངས་པ་རྣམས་ཀྱི་དོན། རྣལ་འབྱོར་པ་རྣམས་ཀྱིས་དབབ་བཟློག་དགྲམ་པ་ལ་སོགས་པའི་སྒོ་ནས་བཅིངས་པ་ན་མཆོག་གི་དངོས་གྲུབ་མྱུར་དུ་སྟེར་ལ། ཐ་མལ་བ་རྣམས་ལ་རྐྱེན་གྱིས་མ་ཟགས་ཀྱང་ཟླ་བའི་མར་ངོ་ལ་སྤྱི་བོ་ནས་འབྱུང་བ་ཐམས་ཅད་ཀྱི་དངས་མ་ཁམས་བྱང་ཆུབ་ཀྱི་སེམས་འབྱུང་ལྡོག་གི་དབྱེ་བས་བཅུ་དྲུག་གི་རང་བཞིན་མགྲིན་པའི་རྩ་འདབ་རྣམས་སུ་འབབ། དེ་ལས་ཕྱེད་ཟད་ནས་ཆ་བརྒྱད་སྙིང་གི་རྩ་འདབ་རྣམས་སུ་འབབ། དེ་ལས་ཆ་བཞི་ཟད་ནས་བཞི་ལྟེ་བའི་རྩ་འདབ་རྣམས་སུ་འབབ། དེ་ལས་ཀྱང་ཆ་གཉིས་ཟད་ནས་གཉིས་ནི་ཐིག་ལེ་ཅན་ཨ་ཐུང་གི་མེ་དང་འཕྲད་པ་ལས་རྩ་གསུམ་འདུས་མདོ་ནས་གཅིག་ཏུ་དུང་ཆེན་མ་བརྒྱུད་དེ་གསང་བའི་གནས་སུ་འགྲོ་བ་ཡིན་ལ། དེ་ལས་ཀྱང་ཕྱེད་ནི་ཉམས་ཤིང་ཆ་གཅིག་རྩ་གསུམ་འདུས་མདོར་སོན་པ་ནི་ཐིག་ལེ་ཅན་ཏེ། དེ་ཉིད་སླར་ཡང་ཟླ་བའི་ཡར་ངོ་ལ་གནས་དེ་རྣམས་སུ་ཕྱེད་ཕྱེད་འཕེལ་བའི་ཚུལ་གྱིས་འགྲོ་བའི་གཙོ་བོ་ལྟ་བུ་ཡིན་ནོ། །འདི་ལ་བརྟེན་ནས་ཕྲ་མོའི་འཕོ་ཚུལ་ལ་བཞི་སྟེ། ངོ་བོ་གང་འཕོ་ན་འབྱུང་བ་ཐམས་ཅད་ཀྱི་དངས་མ་ཁམས་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་དོ། །རྣམ་པ་གང་གི་སྒོ་ནས་འཕོ་ན། རྩ་བའི་དབྱངས་ལྔ་དང༌། ཡོན་ཏན་ལྔ་དང༌། ཡ་ཎ་ལྔ་དང༌། རྩ་བའི་དབྱངས་རིང་པོ་ལྔ་དང༌། འཕེལ་བ་ལྔ་དང༌། ཡ་ཎ་རིང་པོ་ལྔ་དང༌། ཨཾ་ཨཿའི་ཚུལ་དུའོ། །གནས་གང་དུ་འཕོ་ན། རྐང་པའི་ཚིགས་དང་པོ་ལ་སོགས་པ་རྣམས་སུའོ། །ཚུལ་ཇི་ལྟར་འཕོ་ན། བདེ་མཆོག་སྡོམ་འབྱུང་དང༌། མཁའ་འགྲོ་རྒྱ་མཚོ་དག་ལས་དབྱངས་བཅུ་དྲུག་དང་སྦྱར་ནས། ཡར་ངོའི་ཚེས་གཅིག་ལ། རྐང་པའི་སོ་མོ་ཡི་གེ་ཨཿ ཞེས་བྱ་བ་ལ་སོགས་པའི་སྒོ་ནས་གསུངས་པ་ཡང་འདིར་ཆ་མཐུན་ཙམ་དུ་རུང་མོད་ཀྱང༌། སྨན་དཔྱད་ལུགས་ཀྱི་བླ་གནས་དང་ངེས་པར་མཐུན་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས་འདི་ལྟར་བཤད་དེ། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉ་ཡི་མཐར་ཡང་རང་གི་སེམས། སླར་ཡང་གཙུག་ཏོར་ནས་ནི་ནག་པོའི་ཕྱོགས་སུ་འདི་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། །ཞེས་པ་དང༌། འགྲེལ་ཆེན་དུ། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཞེས་པ་ནི་འདིར་འདོད་པའི་བསྟན་བཅོས་ལས་ཐོས་ཏེ། དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོང་ནས་ཚཻས་གཅིག་ལ་སོགས་པ་འཕེལ་བ་དང༌། ཟླ་བའི་ཆ་འཕེལ་བའི་ཉའི་མཐར་གཙུག་ཏོར་དུ་རང་གི་སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །སླར་ཡང་གཙུག་ཏོར་ནས་ནི་རྐང་པ་གཡས་པའི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་ཇི་སྲིད་ནག་པོའི་ཕྱོགས་ཀྱི་མཐའ་རུ་ཞེས་པ་ནི་གནམ་སྟོང་གི་མཐར་རོ། །དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ནི་བྱང་ཆུབ་ཀྱི་སེམས་རྐང་པའི་མཐེ་བོང་ལ་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་འཕོ་བ་ཡིན་ནོ། །དེ་ཡང་རྟོགས་སླ་བའི་ཕྱིར་གཅིག་ཏུ་སྦྱར་ནས།

སྨྲས་པ། ཐབས་ཤེས་རོ་རྐྱང་དབང་གིས་ནི། །བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་གཡས། །དེ་ཡང་ཚེས་གཅིག་རྐང་བ་ཡི། །སོར་ཚིགས་དང་པོར་ཡི་གེ་ཨཿ། །གཉིས་པར་ཨི་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡི་གཟུགས། །ལྔ་པར་པུས་མོར་ལྀ་ཡིག་གནས། །དྲུག་པར་དཔྱི་ཡི་མཚམས་སུ་ཨ། །བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དེ་བཞིན་དགུ་ལ་གསུམ་བར་ཨོ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ། །བཅུ་གཅིག་པ་ལ་གྲུ་མོར་ཧ། །བཅུ་གཉིས་དཔུང་མགོར་ཡ་ཞེས་བརྗོད། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །བཅོ་ལྔ་བཅུ་དྲུག་མཚམས་སུ་ནི། །སྤྱི་བོར་ཨཾ་གི་གཟུགས་ཀྱིས་སོ། །སླར་ཡང་བཅུ་དྲུག་ལྟར་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས། །བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་ཚིགས་པ་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོ་ཨེ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱྀ། །ཉེར་བདུན་ལོང་བུར་ཨཱུ་ཞེས་བྱ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨིའ། །གནམ་གང་སོར་ཚིགས་དང་པོར་ཨཱ། །གནམ་སྟོང་དང་ནི་ཚེས་གཅིག་མཚམས། །རྐང་པའི་མཐིལ་དུ་ཨཿ ཡི་གཟུགས། །འདི་དང་ཨཾ་གི་དུས་ཀྱི་ཚེ། །བྱང་ཆུབ་སེམས་ཀྱིས་མགོ་ལུས་ཀུན། །ཁྱབ་ཕྱིར་ཤིན་ཏུ་གཉན་པ་སྟེ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །དེ་ཡང་ཞིབ་ཏུ་ན་ཕྱག་ན་རྡོ་རྗེའི་འགྲེལ་པར། ཐིམ་པ་དང༌། ལོངས་སྤྱོད་པ་དང༌། བདག་པོ་ཞེས་གསུངས་པའི་རིམ་པས། འདིར་ཁམས་བྱང་ཆུབ་ཀྱི་སེམས་ཡི་གེའི་གཟུགས་ཅན་དེ་རྣམས་རང་རང་གི་གནས་དེ་དང་དེའི་སྔ་མར་ནུས་པ་ཐིམ་པ་དང༌། དེ་ཉིད་དུ་ལོངས་སྤྱོད་པ་དང༌། ཕྱི་མ་དེ་འགོ་རྩོམ་པའི་ཚུལ་གྱིས་ནུས་པ་གསལ་བར་བྱེད་པ་ཡིན་ཏེ། དཔེར་ན་ཚེས་ལྔ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་ལོང་བུའི་ཚིགས་མཚམས་ཀྱི་ཁམས་ཨིའི་རྣམ་པ་ཅན་དེ་དག་ལ་ཐིམ་ནས་པུས་མོའི་ལྀའི་གཟུགས་ཅན་ལ་ལོངས་སྤྱོད་ཅིང་དཔྱི་རུས་ཀྱི་ཨའི་གཟུགས་ཅན་ལ་འགོ་རྩོམ་པ་འདི་ཁོ་ན་ལྟར་གཞན་རྣམས་ལའང་མཚུངས་པའི་དོན་གྱིས་སོ། །དེས་ན་ནུས་པ་འཕོ་བ་ཙམ་མ་གཏོགས་ཁམས་ཡི་གེའི་གཟུགས་ཅན་དེ་རྣམས་གནས་གཅིག་ནས་གཅིག་ཏུ་འཕོ་བ་ནི་མ་ཡིན་ཏེ། སོར་མོའི་ཚིགས་ལ་སོགས་པའི་གནས་སུམ་ཅུ་རྩ་གཉིས་པོ་དེ་རྣམས་སུ་རང་རང་གི་ཡི་གེའི་གཟུགས་ཅན་གྱི་ཁམས་རྣམས་རྟག་པར་གནས་བཞིན་པ་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་ཁམས་བྱང་ཆུབ་ཀྱི་སེམས་སྲན་མ་ཙམ་ཞིག་ལས་མེད་པར་ཐལ་བ་སོགས་སྐྱོན་དུ་མ་ཞིག་འཇུག་པར་འགྱུར་རོ། །འོ་ན་སྐྱེས་པ་ལ་གཡོན་དང་བུད་མེད་ལ་གཡས་ནས་ཐོག་མར་འགོ་རྩོམ་པའི་རྒྱུ་མཚན་ཅི་ཞེ་ན། སྐྱེས་པའི་ཁམས་བྱང་ཆུབ་ཀྱི་སེམས་ནི་རྐྱང་མའི་དབང་ལས་འབྱུང་བའི་ཕྱིར་གཡོན་དང༌། བུད་མེད་ཀྱི་བྱང་སེམས་ནི་རོ་མའི་དབང་གིས་འབྱུང་བའི་ཕྱིར་ན་གཡས་ཕྱོགས་ནས་ཐོག་མར་རྩོམ་པ་ཡིན་གྱི། སྐྱེས་པ་ལ་དམར་ཆདང་བུད་མེད་ལ་དཀར་ཆའི་གནས་ཚུལ་དེ་ལྟ་བུ་ནི་མེད་དོ། །འདི་ལ་ཤིན་ཏུ་མཁས་པ་དག་གིས་ཀྱང་འཕོ་བའི་དུས་ནི་ཡར་ངོའི་ཚེས་གཅིག་ལ་སྐྱེས་པའི་རྐང་པ་གཡས་པའི་མཐེ་བོང་མི་ཕྱེད་མ་ནས་འགོ་འཛིན་ཅིང༌། མར་ངོའི་ཚེས་གཅིག་ལ་སྐྱེས་པའི་གཡོན་མི་ཕྱེད་མ་དང༌། བུད་མེད་ཀྱི་གཡས་གཏུམ་མོ་ནས་འགོ་འཛིན་ནོ། །ཞེས་གསུངས་མོད་ཀྱང༌། འདི་ནི་རི་དྭགས་དབང་པོའི་ཁ་ནས་བྱི་ལའི་སྐད་འབྱིན་པ་དང་མཚུངས་པ་ཡིན་ནོ།།

འདི་ལ་ཁ་ཅིག་ན་རེ། གནས་ཚུལ་འདི་དག་ཕལ་ཆེར་ནི་གཏར་བསྲེག་བྱེད་པའི་གནས་སུ་མ་བྱུང་བས་བླ་གནས་སུ་ཇི་ལྟར་རུང་ཞེ་ན། ཁམས་བྱང་ཆུབ་ཀྱི་སེམས་ལ་བླའི་མིང་གིས་བཏགས་པ་དེ་ཉིད་གང་དུ་གནས་པ་ན་ནི་འོས་མེད་ལ། དེ་དག་གི་སྔ་མ་དང་ཕྱི་མ་སྟེ། ཐིམ་ལོང་བདག་པོ་གསུམ་གས་བསྡུས་པའི་ཁྱོན་དེ་དག་ཀུན་ལ་བླ་གནས་ཞེས་ཤེས་དགོས་པ་ཡིན་པས། དེ་གསུམ་གྱི་ཁོངས་སུ་གཏོགས་པའི་གནས་མཐའ་དག་ཀྱང་ཉེ་བར་བསྡུས་པ་ཡིན་ནོ། །དེ་ལྟར་མགོ་ལུས་ཐམས་ཅད་དུ་ཁྱབ་པའི་ཚེ་རྩ་བཤད་ཚར་ནས། གཉིས་པ། གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ། །ཞེས་པའི་དོན་ནི། དཔལ་དུས་ཀྱི་འཁོར་ལོ་ལས། ཉི་མ་ཟླ་བ་མཉམ་དང་མི་མཉམ་འགྱུར་བ་དགག་ཅིང་དབུ་མར་མེ་ནི་ཞུགས་པར་གྱུར་པ་དང༌། །སྲོག་དང་ཐུར་དུ་སེལ་བ་གཉིས་ཀྱིས་ཀྱང་ནི་ཉི་མ་དང་པོར་སོན་པའི་དུས་མེས་འཆི་བ་བླུ། །ཞེས་གསུངས་པའི་དོན་ཏེ། དེ་ཡང་ལས་ཀྱི་རླུང་ནི་རོ་རྐྱང་གི་ལམ་ནས་སྣའི་སྒོར་རྟག་ཏུ་རྒྱུ་བའི་དབུགས་འདི་ཉིད་ལ་བཤད་ཅིང༌། ཡེ་ཤེས་ཀྱི་རླུང་ནི་དབུ་མའི་ལམ་ནས་བརྒྱུད་དེ། འདི་ལ་ཆ་གཉིས་སུ་ཕྱེ་བའི་གཅིག་གིས་ནང་དུ་སྲོག་རླུང་གི་ནུས་པ་བསྐྱེད་ཅིང༌། གཅིག་ནི་ལས་ཀྱི་རླུང་དང་འདྲེས་པའི་ཚུལ་གྱིས་རྒྱུ་བ་ཡིན་ལ། དེ་དག་ཀྱང་ཞིབ་ཏུ་ན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ལས། ཁྲི་དང་བཞི་བརྒྱ་དྲུག་ཅུ་སྟེ། །ཕྱེད་དང་གསུམ་ནི་ལས་ཀྱི་རླུང་དང༌། དེ་ལྷག་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི་ཡེ་ཤེས་ཀྱི་རླུང་སྲོག་གི་རང་བཞིན་ཕྱིར་རྒྱུ་བ་ཡིན་ནོ། །དེ་ཡང་ཟབ་མོ་ནང་གི་དོན་ལས། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །རྩ་ཆེན་གཉིས་བརྒྱུད་སྣ་བུབ་ཏུ། །གཡས་པ་ཉི་མ་དུག་གི་རླུང༌། །ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས། །ཕྱེད་བཅས་ཉི་ཟླའི་རླུང་དུ་བརྗོད། །དེ་གཉིས་དབུས་ན་རྒྱུ་བའི་རླུང༌། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི། སྒྲ་གཅན་མཁའ་དང་ཡེ་ཤེས་ཀྱི། །རླུང་སྟེ་གཉིས་སུ་མེད་པའི་ཐུགས། །ཞེས་གསུངས་པ་ཡིན་ནོ། །དེའི་ནང་ནས་སྲོག་གི་རང་བཞིན་ཅན་ཡེ་ཤེས་ཀྱི་རླུང་དེ་ཉིད་ཕྱི་རོལ་ཏུ་ཚད་ལས་མང་བར་བརྒྱུས་པ་ན་ཚེ་ཐུང་ངུར་འགྱུར་ཞིང༌། གལ་ཏེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་གི་ཁོངས་སུ་རྒྱུ་ན་དེའི་མཐར་འཆི་བ་དང༌། བུམ་པ་ཅན་གྱི་རིམ་པས་ནང་དུ་འཛིན་ནུས་པ་ན་འཆི་མེད་འགྲུབ་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ཏེ། ལས་ཀྱི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ཞེས་དང༌། རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །ཞེས་དང༌། སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཅེས་དང༌། རྟེན་ལུས་དང་བརྟེན་པ་སེམས། ཡང་ན་རྟེན་འོད་གསལ་པ་ལ་བརྟེན་པ་ཀུན་གཞིའི་རྣམ་པར་ཤེས་པ་བཟུང་བ་ནི་ལུས་ཡིན་ལ། དེ་ནི་མུན་པ་ཆེན་པོའི་རླུང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། འཆི་བའི་མཐར་འབྱུང་བར་འགྱུར་བས་གསུང་གི་དཀྱིལ་འཁོར་བཞི་བོ་འདི་དག་ནི་རྣལ་འབྱོར་པའི་བཟླས་པས་འཆི་བ་མེད་པའི་རྡོ་རྗེའི་ལུས་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཤིང་རྣལ་འབྱོར་བ་རྣམས་ཀྱིས་རླུང་གི་སྒོ་ནས་ཚེ་རིང་ཐུང་ལ་སོགས་པའི་ལྟས་ཤེས་པ་རྣམས་ཀྱང་འདི་ཉིད་ལ་བརྟེན་ནས་བརྟག་པ་ཡིན་ནོ། །དེས་ན་སྲོག་གི་ཆ་ཤས་ལས་ཚེའི་རྩ་ཞེས་པ་མིང་གིས་བཏུགས་པ་དེ་ནི་སྣ་སྒོའི་དབུགས་དང་འགྲོགས་ནས་རྒྱུ་བ་ཞེས་པའི་ཚུལ་གྱིས་གསུངས་པའོ། །གསུམ་པ་གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། །ཞེས་པའི་དོན་ནི་མར་ཟུར་ཆུ་རྒྱུས་གསེབ་ཀྱི་རྩ་འདི་ཉིད་དེ། རྒྱུད་ཕྱི་མ་ལས།

ཚེ་རྟགས་བླ་ཡི་རྩ་ལ་བརྟག་པ་ནི། །སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་འབྱུང༌། །ཞེས་འཁྱམས་པའི་བླ་རྩ་ཡིན་པར་ཤིན་ཏུ་གསལ་བའི་སྒོ་ནས་གསུངས་པའི་ཕྱིར། འཁྱམས་པའི་ཤེས་བྱེད་ཀྱང་དེ་ཉིད་ལས། བླ་ཚེ་གནས་ན་བླ་རྩ་མལ་ན་གནས། །བླ་རྩ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟན། །བླ་རྩ་སྙོམས་པར་ལན་བརྒྱ་འཕར་བ་ནི། །ལོ་བརྒྱ་ཐུབ་སྟེ་ལྔ་བཅུས་ལྔ་བཅུ་ཐུབ། །དེ་བཞིན་འཕར་རེས་ལོ་རེ་ཐུབ་པར་བཤད། །ཅེས་གསུངས་པའི་དོན་གྱིས་ལེགས་པར་གྲུབ་པ་ཡིན་ནོ། །འདིར་ཁ་ཅིག་ན་རེ། ཁྱོད་ཀྱིས་བཤད་པ་དེ་ལྟར་ན་རྩའི་དབྱེ་བར་མི་འགྱུར་ཏེ། སྲོག་གི་ཆ་ཤས་ཁོ་ནར་བཤད་པའི་ཕྱིར་ཞེ་ན་བདེན་མོད། འོན་ཀྱང་དེ་རྣམས་ལ་རྩའི་མིང་གིས་བཏགས་པ་ཙམ་མ་གཏོགས་རྩ་དངོས་ནི་མ་ཡིན་ཀྱང༌། དེ་རྣམས་ཀྱི་རྟེན་རྩ་ཁོ་ན་ཡིན་པའི་དབང་གིས་འདིར་བཤད་པ་ཡིན་ལ། གཞན་དུ་མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །ཞེས་ཚེ་ཡང་ཡིན་པ་ལ་རྩ་ཡང་ཡིན་པ་ཞིག་མི་སྲིད་པའི་ཕྱིར། འོ་ན་ཁྱོད་རང་གི་ལུགས་ལ་ཡང་འཁྱམས་པའི་རྩ་བླ་གནས་ལ་ངོས་བཟུང་ཞིང༌། བླ་གནས་ཀྱི་ངོ་བོ་དེར་གནས་པའི་དྭངས་མ་ལ་བཤད་པས་རྩ་ཡིན་པའང་ག་ལ་འགྱུར་ཏེ། རྩ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། མི་ལ་ཞེས་པ་ནས་འཁྱམས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། མིའི་ལུས་ཀྱི་ཆ་ཤས་འགའ་ཞིག་ལ་འཕོ་ཞིང་རྒྱུ་བའི་ཚེའམ་སྲོག་ལ་རྩའི་མིང་གིས་བཏགས་པ་ནི་རྣམ་པ་གསུམ་དུ་ཡོད་དེ། གང་ཞེ་ན། གཅིག་ནི་ཡི་གེའི་རྣམ་པ་ཅན་གྱི་ཁམས་རྣམས་ལ་རེས་མོས་ཀྱིས་འཕོ་ཞིང༌། ཉ་སྟོང་གི་ཚེ་མགོ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་ཞིག་དང༌། གཅིག་ནི་སྣའི་སྒོ་ནས་འབྱུང་བའི་དབུགས་དང་མཉམ་དུ་འགྲོགས་པའི་ཚུལ་གྱིས་རྒྱུ་བ་དེ་ཕྱིར་སོར་མོ་བཅུ་དྲུག་ཙམ་དུ་ཕྱིན་ནས་སླར་ནང་དུ་འཇུག་པ་ཞིག་དང༌། གཅིག་ནི་བླ་འཁྱམས་པ་ཞེས་འཇིག་རྟེན་ན་གྲགས་པ་དེ་དང་འདྲ་སྟེ། རྟག་ཏུ་ལག་པའི་ཆུ་རྒྱུས་ཀྱི་གསེབ་ནས་བརྒྱུད་དེ་ཕྱི་རོལ་ཏུ་འཁྱམས་པའམ་རྒྱུ་བ་ཞིག་དང་གསུམ་མོ། །འདི་དག་ཀུན་ཀྱང་སྲོག་གི་ཆ་ཤས་སུ་གྱུར་པ་ཡིན་པས་ན་ཚེ་ཞེས་པའི་བརྡ་སྦྱར་བ་ཡིན་ནོ། །ཞེས་པའི་དོན་ཏོ། །

ལྔ་པ་རྩའི་མཇུག་བསྡུ་བ་ནི། རླུང་ཁྲག་ཅེས་པ་ནས་རྩ་ཞེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། རྩ་མེད་ན་རླུང་ལ་སོགས་པ་རྣམས་མི་རྒྱུ་ཞིང༌། དེ་མ་རྒྱུས་ན་ལུས་དང་སྲོག་ཏུ་མི་འགྲུབ་པ་ལ་དགོངས་ནས་འདི་ལྟར་སྨོས་པ་ཡིན་ཏེ། རླུང་རྣམས་དང་ཁྲག་དང་དྭངས་མ་རྣམས་དང་སྙིགས་མ་ཐམས་ཅད་རྒྱུ་བའི་བུ་ག་ཕྲ་རགས་རྣམས་ཀྱིས་ལུས་ཕྱི་ནང་ཀུན་ཏུ་འབྲེལ་བར་བྱས་པས་ལུས་འདི་ལེགས་པར་བསྐྱེད་ཅིང་ཡུན་རིང་དུ་གནས་པར་བྱེད་པའི་དོན་གྱིས་ན་ལུས་ཀྱི་རྩ་བ་ལྟ་བུ་དང༌། ལྷག་པར་སྲོག་གནས་པའི་རྩ་བ་ལྟ་བུ་ཡིན་པའི་ཕྱིར། རྩ་ཞེས་བྱ་བའི་མིང་གིས་བཏགས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང༌། བདུད་རྩི་ལྷུང་བཟེད་ལས། རྩ་ནི་རྩ་བ་འབྲེལ་བས་རྩ། །བསྐྱེད་པའི་རྩ་ཡང་རྩ་ཡིན་ཏེ། །གནས་པའི་རྩ་ཡང་རྩ་ཉིད་ཡིན། །འཆི་བའི་རྩ་ཡང་ཕལ་ཆེར་རྩ། །ཞེས་གསུངས་པ་ལས་ཤེས་སོ། །དེ་ལྟར་བཤད་པ་རྩ་དེ་དག་ཐམས་ཅད་ཀྱང་ཁམས་ཀྱི་དབང་གིས་རྣམ་པ་གསུམ་དུ་འགྱུར་བ་དང༌། གྲངས་ཀྱི་སྒོ་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་བདུན་ཁྲི་ཉིས་སྟོང་དང༌། དེ་ལས་ཀྱང་ཕལ་ཆེར་བྱེ་བ་ཕྲག་ཕྱེད་དང་བཞིར་གྱེས་ཤིང༌། མདོར་ན་ལུས་འདི་ཉིད་གོང་བུ་གཅིག་མ་ཡིན་པར་རྩའི་རང་བཞིན་ཅན་དྲ་བའམ་དྲ་བུ་འཛིངས་པ་ལྟར་གནས་པ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །ཅེས་དང༌། རྗེ་རང་བྱུང་པས། དགའ་བོ་མངལ་གནས་ཀྱི་དོན་བསྡུས་པར། དེར་གནས་ལུས་ཀྱི་ཕྱོགས་བཞི་ལས། །རྩ་ལྔ་ཡལ་ག་བཅུ་བཅུ་སྟེ། རེ་རེ་འང་ཡལ་ག་བརྒྱ་བརྒྱའོ། །ཀུན་ལ་རྩ་ནི་བརྒྱད་ཁྲི་ནས། །དེ་ནི་སྲིན་བུ་བརྒྱད་ཁྲི་དང༌། མི་གཙང་རྫས་ནི་དུ་མས་གང༌། །ཞེས་དང༌། དུས་ཀྱི་འཁོར་ལོའི་དོན་བསྡུས་པ། །དེ་ལས་ཕྲ་བའི་རྩ་རྣམས་ནི། །བྱེ་བ་ཕྲག་ནི་ཕྱེད་དང་བཞི། །བ་སྤུ་བསྐྱེད་པར་བྱེད་པ་ཡིན། །ཞེས་དང༌། དེ་ལྟར་རྩ་ཡི་མཚན་ཉིད་ཤེས། །ལུས་ཀྱི་མཚན་ཉིད་ཤེས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་གིས་དོན་འདི་རྣམས་སྲོག་རྩ་ནག་པོའི་རྒྱས་བཤད་ཀྱི་སྐབས་སུ་འཆད་པར་སྣང་ཡང༌། ལུང་འདི་ཉིད་ཀྱིས་གནོད་པའི་ཕྱིར་འཐད་པ་མ་ཡིན་ནོ། །གསུམ་པ་གཉན་པའི་གནད་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། གཉན་པ་ཞེས་པ་ནས་གནད་ཅེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་འདིའི་གཉན་པའི་གནད་ལ་ཤ་དང་ཚིལ་དང་རུས་པ་དང་ཆུ་བ་དང་རྒྱུས་པ་དང་དོན་སྣོད་དང་རྩའི་གནད་དེ་རྣམ་པ་བདུན་དུ་ཡོད་པ་ལས། མདའ་ལ་སོགས་པའི་མཚོན་འོག་ནས་འཆད་པར་འགྱུར་བའི་ཤ་གནད་རྣམས་སུ་ཕོག་ན་ལྷོག་ཐབས་སུ་སྐྲངས་པར་བྱེད་ཅིང༌། རུས་པའི་གནད་རྣམས་སུ་ཕོག་ན་ལྷག་པར་ཡང་ཟུག་ཆེ་བར་བྱེད་པ་དང༌། ཆུ་བ་དང་རྒྱུས་པའི་གནད་རྣམས་སུ་ཕོག་ན་ཡན་ལག་ལ་སོགས་པ་འཇའ་བར་བྱེད་པ་དང༌། རྩ་དང་ཚིལ་དང་དོན་སྣོད་ཀྱི་གནད་རྣམས་སུ་ཕོག་ན་དེ་ཉིད་ཀྱི་རྐྱེན་གྱིས་སྲོག་འདོར་བར་བྱེད་པ་ཡིན་ལ། མདོར་ན་བཤད་མ་ཐག་པའི་སྡེ་ཚན་རྩ་ཚིལ་ལ་སོགས་པ་དང༌། ཆུ་རྒྱུས་དང༌། ཤ་རུས་ཀྱི་གནད་གསུམ་པོ་ལས་རིམ་བཞིན་དུ་ཤིན་ཏུ་གཉན་པ་དང༌། འབྲིང་དང༌། ཐ་མ་གསུམ་དུ་ངེས་པ་ཡིན་ནོ། །ཕྱི་མས་ནི་འཆི་བར་བྱེད་པ་དང༌། བར་མས་ནི་སྦྱོང་བར་བྱེད་པ་ཙམ་དང༌། སྔ་མ་ནི་གསོ་བར་དཀའ་བའི་ཕྱིར་རོ། །དེས་ན་ལུས་ཀྱི་བྱེ་བྲག་ལས་དེ་རྣམས་ལ་གཉན་པའི་གནད་ཅེས་བྱ་བའི་མིང་གིས་བཏགས་པ་ཡིན་ནོ། །

གཉིས་པ་རྒྱས་པར་བཤད་པ་ལ་ཡང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཤ་གནད་བཞི་བཅུ་རྩ་ལྔ་ཞེས་པ་ལ་ཁ་ཅིག་ན་རེ། མགོ་བོ་ལ་ལྔ། སྡུད་ཤ་གཉིས། རྒྱང་ཤ་གཉིས། ཨོལ་མིད་པ་གཉིས་ཏེ་བཅུ་གཅིག བྱང་ཁོག་ལ་བཤུལ་ཤ་གཉིས། གཉའ་ཤ་གཉིས། འདར་ཤ་གཉིས། མཆིན་དྲི་གཉིས། རླིག་འབྲས་གཉིས་ཏེ་བཅུ་ཡོད་དོ། །ཡན་ལག་ལ་ལུག་གཞུག་གཉིས། ལག་ངར་གཉིས། མཆིན་དྲི་གཉིས། རླིག་འབྲས་གཉིས་ཏེ་བཅུ་ཡོད་དོ། །ཡན་ལག་ལ་ལུག་གཞུག་གཉིས། ལག་ངར་གཉིས། ཤ་རྒོད་གཉིས། ཤར་ཤ་གཉིས། རྐང་པར་བྱིན་གཞུག་སྦལ་ནག་བཞི་སྟེ་བཅུ་དྲུག་དང༌། སྤྱིར་ཞེ་ལྔའོ་ཞེས་པ་དང༌། ཡང་ཁ་ཅིག་ན་རེ། དང་པོ་ཤ་གནད་ལ་དབྱེ་ན། །སྤྱི་བོའི་བཞག་སྒོར་འཁྱིལ་འདྲ་དང༌། །མཚོག་མའི་གཞུ་ཤུལ་བཏང་འདྲ་དང༌། །ལྟག་པའི་ཉ་ལྡང་གཤིབས་འདྲ་དང༌། །མུར་གོང་ལུག་མཁལ་བརྩེགས་འདྲ་གཉན་ཏེ། མགོ་བོ་ལ་ལྔ། སྐེ་ལ་མདུན་གྱི་རྒྱང་ཤ་ལས་བྱེད་གཉིས་དང༌། ཨོལ་གོང་མིད་པ་གཉིས་བསྣན་ཏེ་སྐེ་ལ་བཞི་དང༌། བྱང་ཁོག་ལ་སྒལ་པའི་འདབས་ཀྱི་བཤུལ་ཤ་ནག་པོ་གཉིས་དང༌། བྲང་གི་ནུ་ཤ་གཉིས། སྟག་ཟུར་གྱི་སྟག་ཤ་གཉིས་དང༌། མཆན་ཁུང་གི་བཞག་ཤ་དཀར་ནག་གཉིས་དང༌། ཕྲག་པའི་སྟེང་ན་ཐལ་གོང་གི་གཉའ་ཤ་གཉིས་དང༌། སོག་པའི་ཁ་འཁོར་ན་འདར་ཤ་ཁུག་པ་གཉིས་དང༌། སོག་མཐིལ་མེ་ལོང་གི་སྟེང་ན་འབྲོས་ཤ་གཉིས་ཏེ་འབྱེར་ཞིང་སྐྲངས་པའི་ཤ་གནད་བཅུ་གཉིས་དང༌། ཡན་ལག་ལ་དཔུང་ཚིགས་མཚམས་ནས་སོར་བཞི་ལུག་གཞུག་གཉིས་དང༌། ལག་ངར་གྱི་ཉ་ཆེན་གཉིས་སུ་བྱས་པ་དག་མཐོང་མོད། ཁོ་བོས་གཞུང་དང་སྦྱར་བརྟགས་ཤིང་དཔྱད་པའི་ཚེ་འགའ་ཞིག་གིས་མ་རྟོགས་པ་དང༌། ཁ་ཅིག་གིས་ལོག་པར་རྟོག་པ་དང༌། ལ་ལ་ཐེ་ཚོམ་པ་དང༌། ཕལ་ཆེར་གྱིས་གྲངས་གང་འགྲིག་གཙོ་བོར་བྱེད་པ་དང༌། མཁས་པར་བཞེད་པ་དག་གིས་ཕྱོགས་གཅིག་ཙམ་ལས་མ་རྟོགས་པ་ལ་སོགས་པས་ལེགས་པའི་ཆ་ཤས་ཙམ་ཡང་མི་སྣང་སྟེ། རྒྱུ་མཚན་ཇི་ལྟ་བུ་ཞེ་ན། དེ་དག་རེ་རེ་མི་འཐད་པའི་ཚུལ་ལུང་རིགས་རྣམ་པར་དག་པ་དང་བཅས་འཆད་རྒྱུ་ཡོད་མོད་དུ་ཟིན་ཀྱང༌། ཧ་ཅང་མང་བར་དོགས་ནས་གནད་དུ་དྲིལ་ན།

སྤྱིར་ཡང་འདིའི་སྐབས་ཀྱི་རྒྱས་བཤད་མན་ངག་རྒྱུད་ཀྱི་རྨ་བཅོས་སུ་གསུངས་པས་དེ་ཁོ་ན་བསྟུན་དགོས་པ་དང༌། ཁྱད་པར་དུ་གཞུང་འདིར། ཤ་གནད་བཞི་བཅུ་རྩ་ལྔ་ཚིལ་གནད་བརྒྱད། །རུས་པའི་གནད་ནི་སུམ་ཅུ་རྩ་གཉིས་ཏེ། །རྒྱུས་གནད་བཅུ་གཉིས་དོན་སྣོད་གནད་བཅུ་གསུམ། །རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་ཡོད། །ཅེས་རིགས་ཀྱི་སྒོ་ནས་བགྲངས་པ་འདི་དང༌། མགོ་ལ་རེ་གཉིས་སྐེ་ལ་སོ་གསུམ་དང༌། །དགུ་བཅུ་གོ་ལྔ་བྱང་ཁོག་སྟོད་སྨད་གནས། །བརྒྱ་དང་བཅུ་གཉིས་ཡན་ལག་བཞི་ལ་གནས། །ཞེས་གནས་ཀྱི་སྒོ་ནས་བགྲངས་པ་འདི་རྣམས་ཕན་ཚུན་སྒོ་བསྟུན་ནས། མདོར་ན། གནད་ཀྱི་རྣམ་གྲངས་སུམ་བརྒྱ་རྩ་གཉིས་བཤད། ཅེས་པ་དང་ཁུངས་བསྒྲིགས་ནས་དགོས་རྒྱུ་ཡིན་པ་ལ། རིགས་ཀྱི་སྒོ་ནས་བཤད་པ་ལ་གྲངས་གང་འགྲིག་བྱས་པས་ནོངས་པ་དང༌། ཇི་ལྟར་གནས་ཀྱི་སྒོ་ནས་བཤད་པ་འདི་ལ་དགོས་པ་མེད་པར་ཐལ་བ་དང༌། གཞན་གཞུང་ཆུད་གཟན་པའི་ཉེས་པ་དང༌། འདི་ལྟ་བུའི་མ་དག་པ་ཆེར་འཕེལ་བས་བསྟན་པ་ཉམས་པར་བྱས་པའི་སྐྱོན་སོགས་ཉེས་པའི་རང་བཞིན་འགའ་ཞིག་ཏུ་སྣང་བའི་ཕྱིར། ཚུལ་འདི་ལ་བློ་དང་ལྡན་པ་རྣམས་ཀྱིས་ལེགས་པར་རྟོགས་ལ་སྤང་བླང་ཤེས་པར་གྱིས་ཤིག ཡང་མན་ངག་རྒྱུད་དང་བསྟུན་ཅིང་རིགས་ཀྱི་སྒོ་ནས་བཤད་པ་དང་གནས་ཀྱི་སྒོ་ནས་བགྲངས་པ་ཕན་ཚུན་གུང་བསྒྲིག་པར་འདོད་པ་དག་གིས་ཀྱང་ཚུལ་བཞིན་འགྲིག་པའི་སྐབས་མ་རྙེད་པར་གཞུང་ལ་རས་བཅོས་བྱས་པ་ཡིན་ནོ། །ཅེའི་ཕྱིར་ཞེ་ན། མགོ་ལ་ཤ་གནད་ལྔ། རུས་གནད་བཅུ་གཅིག་རྩ་གནད་སུམ་ཅུ་སོ་དྲུག་སྟེ་ང་གཉིས། སྐེ་ལ་ཤ་གནད་བཞི། རྒྱུས་གནད་གཅིག ཆུ་རྒྱུས་གནད་གཅིག རྩ་གནད་ཉེར་དྲུག་སྟེ་སོ་གསུམ། བྱང་ཁོག་ལ་ཤ་གནད་བཅུ་བཞི། རུས་གནད་བཅུ། དོན་སྣོད་ཀྱི་གནད་བཅུ་གསུམ། རྩ་གནད་ལྔ་བཅུ་ང་བརྒྱད་དེ་གོ་ལྔ། ཡན་ལག་ལ་ཤ་གནད་ཉེར་གཉིས། ཚིལ་གནད་བརྒྱད། རུས་གནད་བཅུ། ཆུ་རྒྱུས་ཀྱི་གནད་བཅུ་གཉིས། རྩ་གནད་བདུན་ཅུ་སྟེ་བརྒྱ་དང་ཉི་ཤུ་རྩ་གཉིས། དྲིལ་བས་གནད་ཀྱི་རྣམ་གྲངས་སུམ་བརྒྱ་དང་རྩ་གཉིས་སུ་བཤད་པའོ། །དེ་རྣམས་ཐ་དད་དུ་རྩིས་པས་མགོ་ལ་ང་ལྔ། སྐེ་ལ་སོ་གསུམ། བྱང་ཁོག་ལ་གོ་ལྔ། ཡན་ལག་ལ་བརྒྱ་དང་རྩ་གཉིས་རྣམས་གཞུང་བཞིན་འགྲིག་ཅིང༌། ཡན་ལག་གི་སྐབས་སུ་རྩ་གཉིས་ཞེས་པ་ཉི་ཤུ་རྩ་གཉིས་ཡིན་ཞིང༌། དེ་རྣམས་བསྡོམས་པས་སུམ་བརྒྱ་རྩ་གཉིས་ཡོད་པ་འདིའི་རྩ་གཉིས་ཞེས་པ་གཉིས་ཡིན་པ་ཡང་འགྲིག་གོ། ཞེས་བདུད་རྩི་ཆུ་རྒྱུན་ལས་བཤད་མོད། དེ་ལ་གཞུང་དུ་རེ་གཉིས་ཞེས་ཡོད་པ་ང་གཉིས་སུ་བསྒྱུར་བ་དང༌། བརྒྱ་དང་བཅུ་གཉིས་ཡན་ལག་བཞི་ལ་གནས། །ཞེས་རྩ་གཉིས་སུ་བསྒྱུར་བ་དང༌། དེའི་དོན་སོ་སོར་འགྲེལ་བའི་ཚེ་ནའང་མི་དགོས་བཞིན་དུ་བགྲངས་པ་དང༌། དགོས་ངེས་ཤེས་པ་མ་བགྲངས་པ་དང༌། འདྲེན་ལུགས་ནོར་བ་སོགས་མི་འཐད་པ་མང་དུ་སྣང་བའི་ཕྱིར་རོ། །ཡང༌། དེ་ལ་རབ་ཏུ་གཉན་པ་དགུ་བཅུ་དྲུག །ཅེས་པའི་སྐབས་སུ་ཁ་ཅིག་ན་རེ། ཤའི་གནད་ལ་བྱིན་སྙིང་མཆིན་དྲི་རླིག་འབྲས་རྣམས་ཏེ་དྲུག ཚིལ་གནད་བརྒྱད། དོན་གནད་བཅུ་གསུམ། རུས་པ་མཁར་མཚམས། ལྟག་པ། སྲེ་ལོང་གཉིས། །ལོང་བུ་ལ་གཉིས་ཏེ་དྲུག རྩ་གནད་ལ་སྲོག་རྩ་སྦས་པའི་རྩ་བརྒྱད། ཚངས་པའི་སྐུད་པ། གཉན་གྱི་ཕྱི་ནང་རེ་ཐག་རྒྱུག་པ། རྩེ་འདྲ། རྩེ་ནག དར་དཔྱངས་བཅུ་གསུམ། ཕྲ་བ་ཕོ་རྩ་ལྔ། ཡན་ལག་གི་སྙིང་རྩ་ཉེར་བཞི་སྟེ་དྲུག་ཅུ་རྩ་གསུམ། སྤྱིར་བསྡོམས་པས་དགུ་བཅུ་གོ་དྲུག་རབ་ཏུ་གཉན་པས་སྲོག་འཕྲོག་པའི་གནད་ཡིན་ཏེ། ཞེས་དང༌། འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུ་བཤད། །ཅེས་པའང༌། ཤ་གནད་ལ་བཤུལ་ཤ་གཉིས། སྦལ་ནག་གཉིས། བྱིན་སྙིང་གཉིས། ཨོལ་གོང་མིད་པ་གཉིས་ཏེ་བརྒྱད། ཆུ་རྒྱུས་ལ་ལྟག་པའི་ཆུ་ལེབ་གཉིས། རུས་གནད་ལ་སྡུད་སྒོ་གསུམ། འཕྲེད་ཉལ་གཉིས། བྲང་རུས། གཞུག་ཐུང༌། དཔྱི་དང་དཔུང་པ་པུས་མོ་དང་བཅུ་གསུམ་མོ། །རྩ་གནད་ལ་སུམ་མདོ་རིས། ཆུ་རྩ་དྲུག རྩེ་ཆུང་གཉིས། ཚིགས་འགྲམ་གཉིས། མཁལ་མའི་རྩ་ནག་གཉིས། སྔོན་བུ་གཉིས། ཁུག་པ་མཁྲིས་རྩ་ལྔ། རྩ་བོ་ཆེ། མཆེར་པའི་རྩ་ནག་དྲུག་སྟེ་བཞི་བཅུ་རྩ་དགུ། དེ་དག་འབྲིང་དུ་གཉན་པས་མཁས་པ་རྣམས་ཀྱིས་བཅོས་སུ་བཏུབ་པར་བཤད་དོ། །ཞེས་ཟེར་རོ། །

དེ་ལ་མཆིན་དྲི་དང་རླིག་འབྲས་གནད་དུ་མ་བསྟན་པས་འདིར་བགྲང་མི་འོས་ཤིང༌། ཕོ་བའི་རྩ་ལྔ་ཤིན་ཏུ་གཉན་པས་མི་འཐད་པ་དང༌། སྲོག་རྩ་ནག་པོ་འདྲེན་ན་དཀར་པོ་ཡང་འདྲེན་པར་འོས་པ་དང༌། ཤིན་ཏུ་གཉན་པ་འགའ་ཞིག་མ་བགྲངས་པ་དང༌། སྦལ་ནག་དང་སྡུད་སྒོ་ཤིན་ཏུ་གཉན་པ་ཡིན་པ་ལ་འབྲིང་དུ་བགྲངས་པ་དང༌། བཞག་སྒོར་འཁྲིལ་འདྲ་ལ་སོགས་འགའ་ཞིག་མ་བགྲངས་ཏེ། མདོར་ན་མན་ངག་རྒྱུད་ཀྱི་བྱང་ཁོག་ཡན་ལག་སོགས་ཀྱི་སྟོང་ཐུན་རྣམས་དང་བསྟུན་ནས་རང་བཟོས་བཞག་པ་ཁོ་ནར་སྣང་ཞིང༌། མན་ངག་རྒྱུད་དང་བསྟུན་པར་འདོད་པ་དག་གིས་ཀྱང་མ་རྟོགས་པ་མང་དུ་འདུག་ནའང་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་རང་གི་ལུགས་གཞུང་གི་དགོངས་པ་ལྟར་རྣམ་པར་གཞག་པ་ནི། ཤ་ཚིལ་རུས་པ་རྒྱུས་པ་དང༌། །དོན་སྣོད་རྩ་ཡི་གཉན་པའི་གནད། །རང་བཟོ་གཞན་མཐོང་མ་ཡིན་པའི། །མི་འགྱུར་གཟེར་ཆེན་ངེས་བཤད་བྱ། །བཞག་སྒོར་འཁྱིལ་འདྲ་སྤྱི་བོའི་ཤ། །གཞུ་ཤུལ་བཏང་འདྲ་མཚོག་མའི་ཤ། །ཉ་ལྡང་གཤིབ་འདྲ་ལྟག་པའི་ཤ། །ལུག་མཁལ་བརྩེགས་འདྲ་མུར་གོང་ཤ། །དེ་ལྟར་མགོ་ལ་ཤ་གནད་ལྔ། །གྲེ་བའི་གཡས་གཡོན་རྒྱང་ཤ་གཉིས། །ཨོལ་གོང་མིད་པ་རེ་རེ་སྟེ། །སྐེ་ལ་ཤ་གནད་བཞི་ཡིན་ནོ། །སྒལ་འདབས་བཤུལ་ཤ་ཕྱི་ནང་བཞི། །དཔྱི་ཡི་སྟ་ཟུར་སྟ་ཤ་གཉིས། །བྲང་གི་ངོས་ནས་ནུ་ཤ་གཉིས། །མཆན་ཁུང་བཞག་ཤ་དཀར་ནག་བཞི། །དཔུང་པའི་ཐལ་གོང་གཉའ་ཤ་གཉིས། །སོག་པའི་ཁ་འཁོར་འདར་ཤ་གཉིས། །དེ་ཡི་དབུས་ན་འབྲོས་ཤ་གཉིས། །ཤ་གནད་བཅོ་བརྒྱད་བྱང་ཁོག་གིའོ། །དཔུང་ཚིགས་འོག་གི་ལུག་གཞུག་གཉིས། །མཁྲིག་མ་གཞུ་མཆོག་གཉེར་རིང་ནས། །མཁྱིད་གང་སོར་དྲུག་ཉྭ་སྙིང་བཞི། །མཐེབ་མཛུབ་བར་གྱི་གར་ཤ་གཉིས། །འཆང་བཟུང་སྟེང་གི་ཤ་རྒོད་གཉིས། །བརླ་སྒང་གཞུ་པོ་སྒང་ཤ་གཉིས། །གཉན་གོང་སོར་བཞི་སྦལ་ནག་གཉིས། །རྟིང་པའི་མཚམས་ནས་མཁྱིད་གང་དང༌། །སོར་དྲུག་ཉྭ་མགོ་ཉྭ་སྙིང་བཞི། །ཡན་ལག་རྣམས་ལ་བཅོ་བརྒྱད་དེ། །དེ་ལྟར་ཤ་གནད་བཞི་བཅུ་ལྔ། །སྐྱོགས་རའི་མཚམས་ནས་སོར་བཞི་ན། །ཚིལ་གནད་རྨེན་བུ་མགོ་སྔོན་གཉིས། །ཁྱི་ཁྲོས་སྣ་ནས་སོར་ལྔ་ན། །རྨེན་བུ་སྨུག་པོ་ཞེས་བྱ་གཉིས། །པུས་མོའི་ཚིགས་མཚམས་ཕྱི་ཟུར་ན། །མཐོ་གང་རྨེན་བུ་དཀར་པོ་གཉིས། །དེ་ནས་སོར་གསུམ་སྦྲུལ་མགོ་གཉིས། །སྔ་མ་གཉིས་པོ་བྱང་ཁོག་གི །ཕྱི་མ་དྲུག་ནི་ཡན་ལག་ལ། །དེ་ལྟར་ཚིགས་གནད་རྣམ་པ་བརྒྱད། །རྣ་ཡི་རྩེ་མོ་ཐད་དྲང་དབུས། །གྱེན་མཚོན་གང་བྱས་དེ་ནས་སླར། །གཡས་གཡོན་མཚོན་རེ་གཞལ་བ་གཉིས། །སྐྲ་མཚམས་སོར་བཞི་མཚོག་མ་དང༌། །སྤྱི་བོར་བཅས་པའི་སྡུད་སྒོ་བཞི། །རྣ་ལྷན་གཉིས་དང་མིག་འབོར་གཉིས། །མཁུར་ཚོས་ཟ་འགྲམ་གཉིས་གཉིས་བཞི། །སྲུབས་རེ་ལྟག་ལྷན་བཅུ་བཞི་ནི། །མགོ་བོའི་རུས་གནད་ཡིན་ཞེས་བྱ། །བྱ་འདབས་མཁར་མཚམས་གཉིས་གཉིས་བཞི། །མཁར་ཏེ་ལྔ་པོ་སྐེ་ལ་འོ། །སོག་པ་གཉིས་དང་སྒྲོག་རུས་གཉིས། སྒལ་ཚིགས་བྲང་རུས་གཞུག་ཆུང་གསུམ། །དེ་ལྟར་བྱང་ཁོག་རུས་གནད་བདུན། །ལྷ་ང་ལོང་བུ་སྲེ་ལོང་དྲུག །ཡན་ལག་གི་ནི་རུས་གནད་ཡིན། །སྐེ་ལ་མཇིང་པའི་ཆུ་ལེབ་གཉིས། །བྱང་ཁོག་ཕྲག་གོང་ཆུ་བ་གཉིས། །སྒྱིད་ཆུ་རྟིང་ཆུ་སྦལ་མགོ་དྲུག །གྲུ་མོ་མཁྲིག་མ་གཉིས་གཉིས་བཞི། །དེ་ལྟར་བཅུ་བཞི་ཆུ་རྒྱུས་གནད། །ཚིལ་ཤུབས་དཀར་ནག་དང་བཅས་པའི། །དོན་སྣོད་གནད་ནི་བཅུ་གསུམ་མོ། །རྩེ་ནག་གཉིད་ལོག་ལས་གྱེས་པའི། །དར་སྟེང་ཁྱབ་པའི་རེ་ཐག་བཞི། །ལྟག་རུས་མཁུར་ཚོས་ཀླད་པ་སྲུབས། །འདུས་སོ་ཕྱི་ནང་རྒྱུག་པ་གཉིས། །དེ་དྲུག་འཚོ་བྱེད་དར་རྩ་ཡིན། །ལྟག་པའི་ཆུ་ལེབ་གཡས་གཡོན་ལ། །སྦུ་གུ་ཅན་གཉིས་དེ་ནས་ཕྱིར། མཚོན་རེ་སྤུ་འཁྱིལ་འཇའ་བྱེད་གཉིས། །སྣ་ཤལ་འོག་གི་རཏྣ་གཉིས། །ཟ་འགྲམ་སྟེང་གི་སོ་རྩ་གཉིས། །རྐན་གྱི་དབུས་ན་སུམ་མདོ་རིས། དེ་དགུ་གཞན་འབྲེལ་ཆུ་རྩ་སྟེ། །བཅོ་ལྔ་ཀླད་པའི་རྩ་ཡིན་ནོ། །སྡུད་སྒོ་གཉིས་དང་དེ་དབུས་གསུམ། །གཙུག་དང་མཚོག་མ་སྨིན་དབུས་བཞི། །མཁུར་ཚོས་གཉིས་ཀྱི་གཟེར་རྩ་དགུ། །སྣ་ལྷན་སྟེང་གི་འཕྲེད་ཉལ་གཉིས། །དེ་ལྟར་བཅུ་གཅིག་རུས་པའི་རྩ། །ལྟག་ཟུར་ལྟག་རྩ་ནག་པོ་གཉིས། །རྣ་བའི་ཕྱི་ནང་ལྗོན་ཤིང་བཞི། །མུར་གོང་སྐྲ་མཚམས་ལྟག་རལ་གཉིས། །དཔྲལ་བར་གསེར་མདུང་དངུལ་མདུང་གཉིས། །མཚུལ་བའི་འགྲམ་གྱི་འཕར་རྩ་གཉིས། །སྨིན་མའི་མཇུག་གི་མིག་རྩ་གཉིས། །མུར་གོང་སྟེང་གི་སོ་རྩ་གཉིས། །དེ་ལྟར་བཅུ་དྲུག་ཤ་ཡི་རྩ། །ཤ་རུས་ཀླད་པའི་རྩ་གསུམ་ག །སྤྱི་བོར་འདུས་པ་ཚངས་པའི་སྐུད། །དྲིལ་བས་བཞི་བཅུ་རྩ་གསུམ་སྟེ། །ཀུན་ཀྱང་མགོ་བོའི་རྩ་གནད་ཡིན། །དར་གྱི་དཔྱངས་ཐག་བཅུ་གསུམ་དང༌། །ཨོལ་གོང་མིད་པའི་བར་ན་ཡང༌། །སྙིང་རྩ་གསེར་གྱི་སྐུད་པ་གཅིག །དེ་ཡི་གཡས་གཡོན་མཚོན་རེ་ན། །གཉིད་ལོག་རྩེ་འདྲ་གཉིས་གཉིས་བཞི། །དེ་ནས་ཕུན་རེར་རྩེ་ནག་གཉིས། །དེ་ལྟར་ཉི་ཤུ་རྩ་གཉིས་སོ། །སྐེ་ཡི་རྩ་གནད་ཡིན་ཞེས་བྱ། །ནང་དུ་སྦས་པའི་རྩ་ཆེན་བརྒྱད། །ནུ་མའི་མདུན་གྱི་ཁབ་འདྲ་གཉིས། །སྒྲོག་རུས་འོག་གི་གཟེར་འདྲ་གཉིས། །ནུ་མའི་གོང་འོག་བུ་རྩ་གཉིས། །དེ་དྲུག་སྙིང་གི་རྩ་ཡིན་ནོ། །ཚིགས་པ་བཞི་པའི་ཚིགས་འགྲམ་གཉིས། །དྲུག་པའི་གཡས་གཡོན་ནང་རྒྱུག་གཉིས། །བརྒྱད་པའི་གཡས་གཡོན་གྲོག་རྐེད་གཉིས། །བཅུ་པའི་གཡས་གཡོན་སྐྱིད་དོར་གཉིས། །སྒྲོག་རུས་འོག་གི་འགྲེང་བུ་གཉིས། །ནུ་མའི་མདུན་གྱི་ཕྱི་རྒྱུག་གཉིས། །སྒྲོག་ཆར་གཡས་གཡོན་བསྣོལ་མ་གཉིས། །མཆན་འོག་ཕྱི་ནང་གཟེར་མགོ་གཉིས། དེ་ཡི་དབུས་ན་ཟངས་མ་གཉིས། །མེ་ལོང་འོག་གི་སྔོན་བུ་གཉིས། །ཨུ་ཟུར་བཀལ་བའི་ཁུག་པ་གཉིས། །དེ་ལྟར་ཉེར་གཉིས་གློ་བའི་རྩ། །ནུ་མདུན་མཆིན་རྩ་ཤ་མོན་གཉིས། །སྟ་ཤའི་ཁྲོད་ཀྱི་མཆེར་རྩ་གཉིས། །ལྷེན་སྣའི་གཡས་གཡོན་སྦྲུལ་མིག་གཉིས། །ཕོ་དབུས་གཡས་གཡོན་ཀ་བ་གཉིས། །ལྟེ་བའི་གོང་གི་བོང་རྨེད་དེ། །དེ་ལྟར་ཕོ་བའི་རྩ་ལྔ་དང༌། །ལྟེ་ཟུར་གཡས་གཡོན་ལོང་རྩ་གཉིས། །དེ་འོག་རྒྱུ་རྩ་རྣམ་པ་གཉིས། །སྣེ་སར་བསམ་སེའི་རྩ་གཅིག་དང༌། །མཚན་མར་ལྒང་པའི་ཆུ་རྩ་གསུམ། །དེ་ལྟར་ལྔ་བཅུ་རྩ་གསུམ་པོ། །བྱང་ཁོག་ཕྱི་ནང་རྩ་གནད་ཡིན། །ལུག་གཞུག་དཔྱི་ཡི་ཆུ་རྩ་གཉིས། །གྲུ་མོའི་རླུང་རྩ་རཏྣ་གཉིས། །གཉན་གོང་རུས་རྩ་སྒྱིད་བུ་གཉིས། ཕྱི་ལོང་བར་ན་རྒྱུ་རྩ་གཉིས། །རྐང་མཐེབ་རྒྱུས་རྩ་པིར་མགོ་གཉིས། །སྐྱོགས་རའི་ཚིགས་མཚམས་ཀ་བ་གཉིས། །མནག་ཆེན་གཉེར་མ་སྐྱ་རེངས་གཉིས། །ལུག་གཞུག་འོག་གི་དཔུང་རྩ་གཉིས། །གྲུ་མོའི་སྒང་ན་སྒང་རྩ་གཉིས། །དེ་ཡི་ནང་ཁུད་དྲུག་མགོ་གཉིས། །ཨ་སོའི་མཚམས་ན་སྣོད་ཀ་གཉིས། །གྲུ་མོའི་འོག་གི་རུ་ཐུང་གཉིས། །དཔུང་པའི་ནང་ངོས་དུང་འབུད་གཉིས། །དཔུང་སོག་བར་གྱི་ཀ་བ་གཉིས། །གློ་སྙིང་མཆིན་མཁྲིས་འདོམས་རྩ་དང༌། །གློ་མཆིན་འདོམས་པའི་རྩ་དྲུག་དང༌། །བརླ་ཡི་ནང་ངོས་རྩ་ཆེན་གཉིས། །སྨད་གསུམ་ཞེས་བྱའི་བྱིན་གཞུག་གཉིས། །བརླ་ཡི་ཕྱི་ཟུར་རྩ་ནག་གཉིས། །སྤྱི་ཡི་ཁ་གཟར་ན་གུ་གཉིས། །བརླ་སྒང་དབུས་ཀྱི་རུས་ཞེན་གཉིས། །བརླ་ཡི་ཕྱི་སུལ་རྐང་འདེགས་གཉིས། །རྒྱ་ཚིགས་སྟེང་ན་ཡོབ་གོང་གཉིས། །རྐང་མཐིལ་བཞག་འདྲ་མཐིལ་འཕྲོག་གཉིས། །བོལ་གོང་འགུལ་རྩ་ནག་པོ་གཉིས། །ནང་ལོང་ལྕགས་ཀྱི་སྲན་མ་གཉིས། །ངར་གདོང་སྲུབས་ཀྱི་ཀ་གདུང་གཉིས། །སྒབ་ཁུང་སྒབ་རྩ་ནག་པོ་གཉིས། །སྣེ་སའི་ཁུད་ཀྱི་མིག་དམར་གཉིས། །ལག་པའི་མཐིལ་གྱི་མྱུར་བ་གཉིས། །མཛོད་སྤུ་ཆུང་གི་འགུལ་རྩ་གཉིས། །མཁྲིག་མའི་ཡར་ཟུར་བལྟ་རྩ་གཉིས། །དེ་ཡི་མར་ཟུར་བླ་རྩ་གཉིས། །གྲུ་མོའི་ནང་ཁུག་ཨ་སོ་གཉིས། །མཆན་ཁུང་ནང་གི་རྔུལ་འདུ་གཉིས། །དེ་ལྟར་བདུན་ཅུ་རྩ་གཉིས་པོ། །ཡན་ལག་གི་ནི་རྩ་གནད་ཡིན། །ཡོངས་སུ་དྲིལ་བས་སུམ་བརྒྱ་དང༌། །རྩ་གཉིས་གནད་དུ་བསྟན་པ་ཡིན། །དེ་ཡང་མགོ་ལ་ཤ་གནད་ལྔ། །རུས་གནད་བཅུ་གསུམ་རྩ་ཡི་གནད། །ཞེ་གསུམ་བསྡོམས་པས་དྲུག་ཅུ་གཉིས། །དེ་བཞིན་སྐེ་ལ་ཤ་གནད་བཞི། །རུས་གནད་ལྔ་དང་རྒྱུས་གནད་གཉིས། །རྩ་གནད་ཉི་ཤུ་རྩ་གཉིས་ཏེ། །བསྡོམས་པས་དེ་ལྟར་སུམ་ཅུ་གསུམ། །བྱང་ཁོག་ལ་ནི་ཤ་ཡི་གནད། །བཅོ་བརྒྱད་དང་ནི་ཚིལ་གནད་གཉིས། །རུས་གནད་བདུན་དང་རྒྱུས་གནད་གཉིས། །རྩ་གནད་ང་གསུམ་དོན་སྣོད་གནད། །བཅུ་གསུམ་བསྡོམས་པས་དགུ་བཅུ་ལྔ། །ཡན་ལག་ལ་ཡང་གཉན་པའི་གནད། །བཅོ་བརྒྱད་དང་ནི་ཚིལ་གནད་གཉིས། །རུས་གནད་བདུན་དང་རྒྱུས་གནད་གཉིས། །རྩ་གནད་ང་གསུམ་དོན་སྣོད་གནད། །བཅུ་གསུམ་བསྡོམས་པས་དགུ་བཅུ་ལྔ། །ཡན་ལག་ལ་ཡང་གཉན་པའི་གནད། །བཅོ་བརྒྱད་དང་ནི་ཚིལ་གནད་དྲུག །རུས་གནད་དྲུག་དང་རྒྱུས་གནད་བཅུ། །རྩ་གནད་བདུན་ཅུ་རྩ་གཉིས་ཏེ། །བསྡོམས་པས་བརྒྱ་དང་བཅུ་གཉིས་སོ། །འདི་ནི་གོང་མ་མི་འགྱུར་བའི། །གཟེར་ཆེན་ཙམ་དུ་བསྟན་པ་ཡིན། །དེ་ལས་རབ་ཏུ་གཉན་པ་ནི། ཨོལ་གོང་དང་ནི་མིད་པ་གཉིས། །སྦལ་ནག་གཉིས་དང་བྱིན་སྙིང་གཉིས། །རྨེན་བུ་བརྒྱད་དང་སྡུད་སྒོ་བཞི། །སྲུབས་ཏེ་དོན་སྣོད་བཅུ་གསུམ་དང༌། །དར་དཔྱངས་བཅུ་གསུམ་གསེར་གྱི་སྐུད། །གཉིད་ལོག་གཉིས་དང་རྩ་ཆེན་བརྒྱད། ཁབ་འདྲ་གཟེར་འདྲ་བུ་རྩ་དྲུག །ཕྱི་རྒྱུག་བསྣོལ་མ་གཟེར་མགོ་བཞི། །ཟངས་མ་སྔོན་མོ་གཉིས་གཉིས་བཅུ། །མཐིལ་འཕྲོག་འགུལ་རྩ་ནག་པོ་དང༌། །ལྕགས་ཀྱི་སྲན་མ་ཀ་གདུང་དང༌། །སྒབ་རྩ་ནག་པོ་མིག་དམར་དང༌། །མྱུར་བ་འགུལ་རྩ་བལྟ་རྩ་དང༌། །བླ་རྩ་ཨ་སོ་རྔུལ་འདུ་སྟེ། །འདི་རྣམས་གཉིས་གཉིས་ཉི་ཤུ་བཞི། །བསྡོམས་པས་དགུ་བཅུ་རྩ་དྲུག་གོ་ །འབྲིང་དུ་གཉན་པ་གང་ཞེ་ན། །ནུ་ཤ་རྣ་ལྷན་མིག་འབོར་དང༌། །མཁུར་ཚོས་ཟ་འགྲམ་གཉིས་གཉིས་བཅུ། །རྩེ་འདྲ་རྩེ་ནག་ཆེ་ཆུང་དྲུག །ཚིགས་འགྲམ་ནང་རྒྱུག་གྲོགས་རྐེད་དང༌། །སྒྱིད་དོར་འགྲེང་བུ་གཉིས་གཉིས་བཅུ། །རཏྣ་ཀ་བ་སྐྱ་རེངས་དྲུག །དེ་ལྟར་བཞི་བཅུ་རྩ་དགུའོ། །དེ་ལྷག་བརྒྱ་དང་ལྔ་བཅུ་བདུན། །སྒལ་ཚིགས་དང་ནི་རུས་ལྷག་དྲུག །གཉའ་བ་གྲུ་མོའི་ཆུ་བ་བཞི། །སྦུ་གུ་ཅན་དང་འཇའ་བྱེད་དང༌། །རཏ྄ན་གཉིས་གཉིས་ཆུ་རྩ་དྲུག །གཉེན་པའི་གྲངས་སུ་གཏོགས་པ་ཙམ། །ཞེས་བྱ་བ་འདི་ལྟ་བུ་ལུང་རིགས་དང་མཐུན་པ་ཡིན། འོ་ན་དེ་རྣམས་ལ་གནད་ཅེས་བྱ་བའི་རྒྱུ་མཚན་ཅི་ཞིག་ཡིན་སྙམ་ན། སློབ་དཔོན་གྱིས། ཤ་རུས་རྒྱུས་པ་རྩ་ཆེན་དང༌། །རྩ་དང་ཚིགས་ནི་འདུས་པ་རུ། །གནད་ཅེས་བྱ་སྟེ་དེ་ན་དེ། །སྲོག་ནི་ལྷག་པར་གནས་པ་ཡིན། །ཞེས་དང༌། གནད་དུ་ཕོག་ན་ཆུང་ངུས་ཀྱང༌། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །ཞེས་པ་དང༌།

རང་འགྲེལ་ལས། གཞན་ཡང་ཤ་དང༌། རུས་པ་དང༌། རྩ་ཆེན་པོ་དང༌། རྩ་དང༌། ཚིགས་དང་འདི་དག་རང་རང་གི་མཚམས་སམ་འདུས་པ་ཐམས་ཅད་ལ་གནད་ཅེས་བྱ་སྟེ། དེ་དག་ཏུ་མཚོན་ལ་སོགས་པ་ཕོག་ན་ཁྱད་པར་དུ་སྲོག་འགག་པའི་རྒྱུ་ཡིན་ནོ། །ཞེས་དང༌། སྲོག་ཅེས་བྱ་བ་ནི་གནད་ཐམས་ཅད་ཀྱི་སྤྱིའི་གནས་སུ་མཉམ་སྟེ་གཅིག་པར་འདོད་ཅེས་པ་དང༌། གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་གནད་ཡིན་ཞེས་བྱ། །ཞེས་བྱ་བ་ཟླ་ཟེར་ལས། ཡང་འདི་ནི་གནད་རྣམས་སྤྱིའི་མཚན་ཉིད་བསྟན་པ་ཡིན་ཏེ། ལུས་ཀྱི་ཕྱོགས་གང་དུ་མནན་ན་འགུལ་ཞིང་འཕར་བ་དང༌། ཡང་དེ་བཞིན་དུ་མནན་པར་གྱུར་ན་མི་བཟོད་པར་ན་བ་དེ་ནི་གནད་ཡིན་པར་ཤེས་པར་བྱའོ། །ཞེས་བཤད་པ་ལྟར། དེ་ལྟར་ན་གནད་དེ་རྣམས་ཀྱི་ཆེ་ཆུང་གི་ཚད་ཅི་ཙམ་མཆིས་ཤེ་ན། སློབ་དཔོན་གྱིས། དེ་ལ་ལྗོན་ཤིང་མཆན་ཁུང་འཛིན། །བརླ་དང་པིར་མགོ་ལྟ་བུ་སྟེ། །བཅུ་གཉིས་སོར་གཅིག་ཚད་ཡིན་ནོ། །མཁྲིག་མ་དང་ནི་ལོང་མོ་དང༌། །ནུ་མའི་རྩ་བ་སོར་གཉིས་ཚད། །པུས་མོ་གྲུ་མོར་སོར་གསུམ་ཚད། །གཞང་དང་ཆུ་སོ་ལྟེ་བ་སྙིང༌། །སྔོན་བུའི་མཚམས་མཐའ་མ་མོ་དང༌། །པིར་འདྲ་སུམ་མདོ་རི་འགྲམ་པ། །གནད་ནི་ཉི་ཤུ་རྩ་དགུའི་ཚད། །རང་གི་ལག་མཐིལ་ཙམ་ཡིན་ནོ། །ལྷག་མའི་གནད་ནི་ལྔ་བཅུ་དྲུག །སོར་ཕྱེད་ཀྱི་ནི་ཚད་དུ་འདོད། །གཞན་དག་གནད་དེ་ཏིལ་འབྲུ་དང༌། །འབྲས་ཙམ་ཚད་དུ་འདོད་པའང་ཡོད། །ཅེས་འགྲེལ་པ་གཉིས་དང་བཅས་པས་བཤད་པ་ལྟར། འདི་ཡང་རིག་པས་དཔྱད་དེ་ཤེས་པར་བྱའོ། །གལ་ཏེ་ཁོ་ན་རེ། བརྒྱད་པ་རྩ་འགྲེལ་དུ་བཤད་པ་དང་འདིར་བཤད་པའི་གནད་རྣམས་མི་མཐུན་པས། དེའི་ཚད་སོགས་ཀྱང་མི་མཐུན་ཞེ་ན་བདེན་ཏེ། ཡན་ལག་བརྒྱད་པར། གནད་ནི་བརྒྱ་ལས་བདུན་ལྷག་པ། །དེ་ལས་བཅུ་གཅིག་བརླ་དང་ནི། །དེ་བཞིན་ལག་པར་གཉིས་སོ་སོར། །ལྟོ་བ་གསུམ་པ་ཤང་ལ་དགུ། །རྒྱབ་ལ་བཅུ་བཞི་ནམ་ཚོང་ནི། །ཡན་ཆོད་སུམ་ཅུ་རྩ་བདུན་ཡོད། །ཅེས་པས་གྲངས་དང་རྒྱས་པར་འདྲེན་ཚུལ་མི་མཐུན་ཡང༌། །གནད་ཀྱི་རྒྱུ་མཚན་དང་ཚད་དེ་ལྟར་ཁས་བླངས་པ་ལ་སྐྱོན་ཅི་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཤ་གནད་ཅེས་པ་ནས་གསོ་བར་ནུས་ཞེས་པའི་བར་གྱིས་བསྟན་ཏེ། འགྲོ་བ་མིའི་ལུས་ཀྱི་ཆ་ཤས་ཕྲ་མོ་འགའ་ཞིག་ལ་སྲོག་ལྷག་པར་གནས་པའི་དོན་གྱིས་གཉན་པའི་གནད་ཅེས་པ་མང་དུ་ཡོད་པ་རྣམས་འཁྲུལ་མེད་དུ་ངེས་པར་བྱ་བའི་ཕྱིར། རིགས་ཀྱི་སྒོ་ནས་འདྲེན་པ་དང༌། གནས་ཀྱི་སྒོ་ནས་འདྲེན་པ་དང༌། དེ་གཉིས་ཀྱི་བསྡོམས་བཤད་པ་ལ་གསུམ་ལས། དང་པོ་ནི། ཤའི་གནད་ཐམས་ཅད་བསྡོམས་ན་བཞི་བཅུ་རྩ་ལྔ་དང༌། དེ་བཞིན་དུ་ཚིལ་གནད་བརྒྱད་དང༌། རུས་པའི་གནད་སུམ་ཅུ་རྩ་གཉིས་དང༌། རྒྱུས་གནད་བཅུ་གཉིས་དང༌། དོན་སྣོད་ཀྱི་གནད་བཅུ་གསུམ་དང༌། རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་ཡོད་དོ། །གཉིས་པ་ནི། ཤ་ལ་སོགས་པའི་རིགས་དྲུག་པོ་དེ་མགོ་ལ་སོགས་པའི་གནས་བཞི་པོ་ལ་དགོས་པས། མགོ་ལ་དྲུག་ཅུ་རེ་གཉིས་དང༌། སྐེ་ལ་སུམ་ཅུ་སོ་གསུམ་དང༌། དགུ་བཅུ་གོ་ལྔ་བྱང་ཁོག་སྟོད་སྨད་ལ་གནས་པ་དང༌། བརྒྱ་དང་བཅུ་གཉིས་ཡན་ལག་བཞི་པོ་ལ་གནས་པ་ཡིན་ནོ། །གསུམ་པ་ནི། དེ་གཉིས་པོ་གང་རུང་བ་རེ་རེ་བརྩིས་པས་གནད་ཀྱི་རྣམ་གྲངས་སུམ་བརྒྱ་དང་རྩ་བའི་གཉིས་ཏེ་རྩ་གཉིས་འབྱུང་བར་བཤད་པ་ཡིན་ཞིང༌། དེ་གསུམ་ག་ཕན་ཚུན་མཐུན་བྱུང་ན་འཁྲུལ་མེད་དུ་ངེས་པ་ཡིན་པས། བཤད་མ་ཐག་པའི་གནད་ཀྱི་རྣམ་གྲངས་སུམ་བརྒྱ་དང་རྩ་གཉིས་པོ་དེ་ལས་རབ་ཏུ་གཉན་པ་དགུ་བཅུ་རྩ་དྲུག་ཡོད་པ་དེ་རྣམས་མཚོན་ལ་སོགས་པའི་རྐྱེན་གྱིས་དུམ་བུར་ཆོད་པའམ་ཟིན་པ་ཙམ་གྱིས་ཀྱང་སྲོག་འདོར་བར་བྱེད་པས་ན་སྨན་པ་མཁས་པ་རྣམས་ཀྱིས་ཀྱང་བཅོས་སུ་མེད་པ་དང༌། དེ་འོག་ནས་འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུར་བཤད་པ་དེ་རྣམས་མཚོན་གྱིས་གཙེས་པའི་ཚེ་ན་སྨན་པ་མཁས་པ་རྣམས་ཀྱིས་བཅོས་སུ་བཏུབ་ཅིང༌། མི་མཁས་པ་རྣམས་ཀྱིས་བཅོས་ཀྱང་མི་འཚོ་བ་དང༌། དེ་གཉིས་ཀྱི་ལྷག་མ་བརྒྱ་དང་ལྔ་བཅུ་རྩ་བདུན་པོ་རྣམས་འདིར་གཉན་པའི་གནད་ཙམ་དུ་བསྟན་པ་ཡིན་ན་ཡང་གནད་ལ་རབ་འབྲིང་དུ་མ་བཤད་པའི་ཕྱིར་དང༌། མཚོན་གྱིས་ཚོད་ཟིན་ཅིང་རྨ་བྱུང་ཡང་སྨན་པ་ཀུན་གྱིས་གསོ་བར་ནུས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །བཞི་བ་རྒྱུ་ལམ་བུ་གའི་གནས་ལུགས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ཆུ་རྒྱུ་བའི་བུ་ག་ནི་ཆུ་རྩ་ཐམས་ཅད་དོ། །ཞེས་དང༌། བུ་གའི་དབྱིབས་ནི་དབྱིབས་ཟླུམ་སྦོམ་དང་ཕྲ་ཞེས་པ་དབྱིབས་ཟླུམ་པོ་ལ་རྩ་བ་སྦོམ་ཞིང་རྩེ་མོ་ཕྲ་ལ་རིང་བར་གྱེས་པ་སྟེ། ཞེས་པ་མི་འཐད་དེ། འགྲེལ་བ་ཟླ་ཟེར་ལས་དེ་བཞིན་དུ་ནང་གི་བུ་ག་སྔ་མ་ལས་གཞན་པ་སྲོག་ལ་སོགས་པའི་གནས་སུ་གྱུར་པའི་བུ་ག་བཅུ་གསུམ་ཡོད་དེ། དེ་ལ་སྲོག་ཅེས་བྱ་བ་ལ་རླུང་ནི་སྲོག་གི་གནས་སུ་རྒྱུའོ། །ལུས་ཟུངས་རྒྱུ་བ་རྣམས་སུ་ནི་དངས་མ་ལ་སོགས་པའི་ལུས་ཟུངས་རྒྱུའོ། །དྲི་མ་རྒྱུ་བའི་གནས་སུ་ནི་བཤང་བ་དང་གཅི་བ་དང་རྔུལ་རྒྱུའོ། །ཆུ་རྒྱུ་བའི་གནས་སུ་ནི་ཆུ་འཐུང་བ་རྒྱུའོ། །ཟས་རྒྱུ་བའི་གནས་སུ་ནི་ཟས་ཟོས་པ་རྣམས་རྒྱུ་སྟེ་དེ་ལྟར་ན་རྣ་པ་བཅུ་གསུམ་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །

གཉིས་པ་རང་གི་ལུགས་ནི། ཡན་ལག་བརྒྱད་པའི་རང་འགྲེལ་ལས། གཞན་ཡང་ཇི་ལྟར་མཚོ་ཆེན་པོ་ལས་ཡུར་ཆུ་ཀུན་ཏུ་དྲངས་ནས་ས་བོན་བསྐྱེད་པ་དང་འདྲ་བར་ལྟེ་བ་ལས་གྱེན་དུ་བཅུ། ཐུར་དུ་བཅུ། གཡས་གཡོན་དུ་གཉིས་གཉིས་སུ་གྱེས་ན་དེའི་རྒྱུན་སྲང་ཕྱི་རོལ་གྱི་བུ་ག་དགུར་འབྱུང་སྟེ། དེ་ཡང་གང་ཞེ་ན། སྣའི་བུ་ག་གཉིས་དང༌། མིག་གཉིས་དང༌། རྣ་བ་གཉིས་དང༌། ཁའི་བུ་ག་དང༌། བཤང་བའི་སྒོ་དང༌། གཅིན་གྱི་སྒོ་དང་དགུའོ། །བུད་མེད་ལ་གསུམ་གྱིས་ཆེ་སྟེ། ནུ་མ་གཉིས་དང༌། ཟླ་མཚན་འབྱུང་བའི་བུ་ག་སྟེ་བཅུ་གཉིས་པོ་དེ་དག་ཏུ་འབྱུང་ངོ༌། །སྲོག་གི་རླངུ་ལ་སོགས་པ་རྒྱུ་བའི་རྩའི་རྒྱུན་བཅུ་གསུམ་ཁོང་བའི་ནང་དུ་རྒྱུ་བ་ཡོད་དོ། །དེ་ཡང་སྲོག་ཅེས་བྱ་བ་ནི་རླུང་རྒྱུ་བའི་རྒྱུན་སྲང་དང༌། དེ་བཞིན་དུ་དངས་མ་ལ་སོགས་པ་ལུས་ཀྱི་ཁམས་བདུན་རྒྱུ་བའི་རྒྱུན་སྲང་དང༌། དྲི་མ་རྣམ་གསུམ་གཅིན་དང་རྩ་དང་རྔུལ་འབྱུང་བའི་རྒྱུན་སྲང་དང༌། ཆུ་འབྱུང་བའི་རྒྱུན་སྲང་དང༌། ཟས་རྒྱུ་བའི་རྒྱུན་སྲང་དང་བཅུ་གསུམ་མོ། །ཁ་ཟས་ལ་སོགས་པ་མི་མཐུན་པར་བསྟེན་པའི་རྒྱུས་གོང་མ་གོང་མ་དེ་དག་ནང་འཁྲུགས་པར་བྱས་པ་ལས་ནི་ལུས་ཀྱི་ནད་བསྐྱེད་པར་བྱེད་ལ། མཐུན་པར་བསྟེན་པ་ལས་ནི་ནད་མེད་པ་དང་བདེ་བ་བསྐྱེད་པར་བྱེད་དོ། །རྒྱུན་སྲང་ངམ་སྦུབས་དེ་དག་གི་མདོག་ཀྱང་སྲོག་ཟུངས་ལ་སོགས་པ་རང་རང་གི་མདོག་ལྟར་སྣང་ངོ༌། །དབྱིབས་ཀྱི་བྱེ་བྲག་ཀྱང༌། ཁ་ཅིག་ནི་ཟླུམ་པོ། ཁ་ཅིག་ནི་སྦོམ། ཁ་ཅིག་ནི་ཕྲ། ཁ་ཅིག་ནི་རིང་ངོ༌། །རྒྱུན་སྲང་དེ་དག་གི་རང་བཞིན་ཡང་ཤིང་གི་ལོ་མའི་རྩ་བ་བཞིན་དུ་སྣ་ཚོགས་སུ་འགྲོ་བར་ལྟའོ། །གཞན་ཡང་ཁ་ཟས་མི་མཐུན་པ་བསྟེན་པ་ལས་ཀྱང་རྒྱུན་སྲང་དེ་དག་འཁྲུགས་པ་ཡིན་ཏེ། དེ་ཡང་རླུང་དང་རྩུབ་བག་ལྷན་ཅིག་བསྟེན་པས་རང་རང་གི་རྒྱུན་སྲང་འཁྲུགས་པར་བྱེད་དོ། །ཡང་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ནད་གཞི་དང་མི་མཐུན་པར་ལྷན་ཅིག་ཡོད་པ་ལས་ཀྱང་དེ་ལྟར་དུ་ལྟའོ། །ལུས་ཀྱི་ཁམས་བདུན་པོ་རང་རང་དང་མི་མཐུན་པའི་སྤྱོད་ལམ་བསྟེན་པ་ལས་རང་རང་གི་རྒྱུན་སྲང་འཁྲུགས་པ་ཡིན་ནོ། །དེ་ལྟར་ཁ་ཟས་སྤྱོད་ལམ་མི་མཐུན་པས་སོ་སོར་རྒྱུན་སྲང་འཁྲུགས་པའི་མཚན་མ་ནི་གཅིན་སྲི་ཞིང་འགགས་པའམ། ཡང་ན་སྙི་ཞིང་མང་དུ་ཟགས་པའམ། ཕྱི་ས་ཡང་ཡང་ན་ནི་འཁྲུ་ཞིང་མང་དུ་འབྱུང་བ་དང༌། དེ་བཞིན་དུ་གཞན་དག་ལ་ཡང་དེ་ལྟར་དུ་སྦྱར་བར་བྱའོ། །ཡང་ན་རྩ་མདུད་ཆད་པ་དང༌། རང་རང་གི་ལམ་སྤངས་ནས་གཞན་ནས་འབྱུང་ན་འཁྲུགས་པའི་རྟགས་སོ། །ཇི་ལྟར་པདྨའི་རྩ་བའི་སྦུབས་ཕྲ་བ་མང་པོས་རླུང་དང་རླན་ལ་སོགས་པ་འགྲོ་བ་བཞིན་དུ། གོང་དུ་སྨོས་པའི་རྒྱུན་སྲང་ནི་སྦུབས་ཕྲ་མོ་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་བ་དེ་དག་ལས་ཀྱང་དྭངས་མ་ལ་སོགས་པ་ཁྱབ་པར་འགྲོ་སྟེ། དེས་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཞེས་ཞིབ་ཏུ་གསུངས་པ་ལྟར་ཤེས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། རྒྱུ་ལམ་ཞེས་པ་ནས་བདེ་བར་རྒྱུ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་འདི་ལ་སྲོག་ཆེན་པོའི་རླུང་ལ་སོགས་པ་རྒྱུ་བའི་ལམ་བུ་གའི་རྒྱུན་སྲང་གི་གནས་ལུགས་ནི་ཕྱི་ཡི་བུ་ག་དང་ནང་གི་བུ་ག་རྣམ་པ་གཉིས་ཡོད་དོ། །དེ་ལ་དང་པོ་ནང་གི་བུ་ག་ནི། སྲོག་ཆེན་པོའི་རླུང་རྒྱུ་བའི་བུ་ག་རྩ་དབུ་མ་ཡན་ལག་དང་བཅས་པ་དང༌། ཟུངས་རྒྱུ་བའི་བུ་ག་བདུན་ལས་དང་པོ་ཕོ་བ་ནས་མཆིན་པའི་བར་དུ་ཁ་ཟས་ཀྱི་དྭངས་མ་རྒྱུ་བའི་བུ་ག་དང༌། མཆིན་པ་ནས་ཤའི་བར་དུ་ཁྲག་རྒྱུ་བའི་བུ་ག ཁྲག་ནས་ཚིལ་བུའི་བར་དུ་ཤ་རྒྱུ་བའི་བུ་ག་རྣམས་དང༌། ཤ་ནས་རུས་པའི་བར་དུ་ཚིལ་རྒྱུ་བའི་བུ་ག་རྣམས་དང༌། ཚིལ་ནས་རྐང་མར་གྱི་བར་དུ་རུས་པ་རྒྱུ་བའི་བུ་ག་རྣམས་དང༌། རུས་པ་ནས་ཁུ་བ་དཀར་དམར་གྱི་བར་དུ་རྐང་མར་རྒྱུ་བའི་བུ་ག་རྣམས་དང༌། རྐང་མར་ནས་བསམ་སེའུའི་བར་དུ་ཁུ་བ་དཀར་དམར་རྒྱུ་བའི་བུ་ག་རྣམས་ཏེ་བདུན་དང༌། རགས་པའི་དབང་དུ་བྱས་ན་བཤང་བ་རྒྱུ་བའི་ལམ་ཕོ་བ་ནས་གཞང་ནག་པོའི་བར་དང༌། གཅིན་རྒྱུ་བའི་ལམ་ཕོ་བ་ནས་ཆུ་སོ་ལ་ཐུག་པའི་བར་དང༌། རྔུལ་རྒྱུ་བའི་བུ་ག་བ་སྤུའི་བུ་ག་རྣམས་ཏེ་དྲི་མའི་རྒྱུན་སྲང་གསུམ་དང༌། ནམ་ཚོང་ལ་ཆ་ཤས་གཉིས་སུ་ཕྱེ་བའི་ཆུ་དང༌། ཟས་རྒྱུ་བའི་བུ་ག་སྟེ་རྒྱུན་སྲང་བཅུ་གསུམ་དུ་གནས་པ་ཡིན་ནོ། །གཉིས་པ་ཕྱིའི་བུ་ག་ལ། མགོ་ལ་མིག་གཉིས། སྣ་གཉིས། རྣ་བ་གཉིས། ཁ་དང་བཅས་པས་བདུན་དང༌། གསང་བ་བཤང་གཅིའི་ལམ་གཉིས་ཏེ་སྐྱེས་པ་ལ་དགུ་དང༌། དེའི་སྟེང་དུ་བུད་མེད་ལ་མངལ་ཏེ་བུ་སྣོད་ཀྱི་སྒོ་དང༌། ནུ་མ་ནས་འོ་མ་འབྱུང་བའི་སྒོ་གཉིས་ཀྱིས་ལྷག་པ་ཡིན་ཏེ་བཅུ་གཉིས་སོ། །དེ་ལྟར་བཤད་མ་ཐག་པའི་ཕྱི་ནང་གི་བུ་ག་དེ་རྣམས་ཀྱི་དབྱིབས་ནི་ཤས་ཆེར་ཟླུམ་ཞིང་སྦོམ་པ་དང༌། ཕྲ་ལ་རིང་བ་དང༌། ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་ཚུལ་གྱེས་པ་ཡིན་ནོ། །དཔེར་ན་ཤིང་ངམ་མེ་ཏོག་གི་ལོ་མའི་རྒྱབ་ཀྱི་རྩའི་རི་མོ་ལྟར་སྦོམ་ཕྲ་དང་རིང་ཐུང་ཅི་རིགས་པར་གྱེས་ཤིང་འབྲེལ་བ་དག་ཏུ་གནས་པ་ཡིན་ནོ། །དེ་བས་ན་དངས་མ་ལ་སོགས་པའི་ལུས་ཟུངས་མདངས་ཀྱི་མཐར་ཐུག་པ་རྣམས་མི་འཆད་པར་ཉེ་བར་འཕེལ་བར་བྱེད་པའི་སྒོ་ནི་ནང་གི་བུ་ག་རྣམས་ཡིན་ནོ། །གལ་ཏེ་ཟས་དང་སྤྱོད་ལམ་ནད་གཞི་དང་མི་མཐུན་པ་རླུང་ལྟ་བུ་ལ་ཡང་རྩུབ་བསིལ་བའི་ཟས་སྤྱོད་བསྟེན་པའི་ཚེ་ན་རླུང་ཆེར་ལྡང་ཞིང་བད་མཁྲིས་གཉིས་ཀྱང་འཁྲུགས་པར་བྱེད་ལ། རྒྱུ་དེས་བུ་གའི་རྒྱུན་ལམ་རྣམས་ལ་གནོད་པས་ནད་སྣ་ཚོགས་པ་བསྐྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བུ་གའི་རྒྱུ་ལམ་ལ་གནོད་པ་དེའི་ཚེ་ན་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་དྲི་མ་གསུམ་པོ་རྣམས་མང་དུ་འབྱུང་བའམ་ཡང་ན་འགག་པར་འགྱུར་བ་དང༌། རང་གནས་ལ་སོགས་པའི་ལས་གཞན་དུ་འགྲོ་ཞིང་ཕན་ཚུན་འཁྲུགས་པར་བྱེད་པའི་ཕྱིར། རྒྱུ་མཚན་དེས་ན་ཟས་དང་སྤྱོད་ལམ་གྱིས་ནད་གཞི་དང༌། ལུས་ཟུངས་ལ་སོགས་པ་རྣམས་ལ་གནོད་པ་མེད་པ་ནི་རང་རང་གི་རྒྱུ་ལམ་གྱི་བུ་ག་རྣམ་པར་དག་པ་ཞེས་བྱ་སྟེ། ལུས་འདི་ཉིད་གནས་སྐབས་སུ་བདེ་བར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་གསུངས་སོ་ཞེས་པའི་དོན་ཏོ། །འདིར་ཁ་ཅིག་ན་རེ། བུད་མེད་མངལ་སྒོ་ནུ་མ་གཉིས་ཀྱི་ལྷག །ཅེས་པ་འོ་མ་དང་ཁྲག་འབྱུང་བའི་སྒོ་ལ་བྱེད་ན། སྐྱེས་པ་ལའང་དེ་དང་མཐུན་པར་ནུ་མའི་བུ་ག་དང་ཁམས་དཀར་པོ་རྒྱུ་བའི་བུ་ག་སོགས་ཡོད་དོ་ཞེ་ན་སྐྱོན་མེད་དེ། བརྒྱད་པའི་རང་འགྲེལ་ལས། བུད་མེད་གསུམ་གྱིས་ཆེ་སྟེ་ཞེས་གསུངས་པ་ལྟར། བུ་ག་དེ་གསུམ་སྐྱེས་པ་ལས་ལྷག་པར་ཆེ་བའི་ཚུལ་དུ་ཡོད་པ་ལ་དགོངས་པ་ཡིན་པའི་ཕྱིར། གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་བའོ། །ཞེས་བྱ་བའི་དོན་ཏོ། །

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 12:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།