སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཞི་པ། བད་ཀན་གསོ་བའི་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་བཞི་པ། བད་ཀན་གསོ་བའི་ཐབས་བསྟན་པ།

ལེའུ་བཞི་པ་བད་ཀན་གསོ་བ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་གི་བར་གྱིས་བསྟན་ཏེ། དེ་ཡང་མཁྲིས་ནད་གསོ་བའི་ལེའུ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་བྱ་བ་གཞན་གྱིས་བར་མ་ཆོད་པར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་སོ། །གཉིས་པ་གཞུང་དོན་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བ་བཤད་པའོ། །དང་པོ་ནི། བད་ཀན་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། བད་ཀན་ནད་ཀྱི་རྒྱུ་དང༌། དེའི་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་སྟེ། བད་ཀན་ནད་ཀྱི་རྒྱུ་བཤད་པ། དེ་བཞིན་དུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཤད་པའོ། །དང་པོ་ནི། རྒྱུ་ནི་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། རྒྱུ་ནི་མ་རིག་གཏི་མུག་ལས་བྱུང་བའི། །བད་ཀན་ཐ་མལ་མཚན་ཉིད་བདུན་ལྡན་ཏེ། །ཞེས་པས། སྤྱི་རྒྱུ་ནི་བདག་འཛིན་ལྷན་སྐྱེས་མ་རིག་པ། དེ་ལ་བླང་དོར་ལ་རྨོངས་པའི་གཏི་མུག དེ་སེམས་ལ་གནས་པ་རྨོངས་པའི་ཆ། ལུས་ལ་བརྟེན་པ། རྩ་གཅིག་གྱེན་ལ་སོང་བས་ཀླད་པ་ཆགས། །གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེས་པས་སྟོད་ན་གནས། །ཞེས་པ་དེ་ལས་བྱུང་བའི་རང་དང་ཆོས་མཐུན་གྱི་མཚན་ཉིད། སྣུམ། བསིལ། ལྕི། རྟུལ། འཇམ། བརྟན། འབྱར་བག་ཅན་དང་བདུན་ལྡན་དུ་ལུས་ཀྱི་ཆ་ཤས་ཁྱབ་པར་ངོ་བོའི་ཚད་ལས་མ་གཡོས་པར། བད་ཀན་ལུས་དང་བློ་བརྟན་གཉིད་ལོག་དང༌། །ཚིག་འབྲེལ་བཟོད་ཅིང་ལུས་འཇམ་སྣུམ་པར་བྱེད། །ཅེས་པ་ལྟར་རོ། །དེ་ལའང་རྒྱུ་གཏི་མུག་ངོ་བོ་མཚན་ཉིད་བདུན་ལྡན་གཙོ་ཆེ་བས་བད་ཀན་བརྟེན་བྱེད་སོགས་ལྔར་བརྟགས་པ་དེ། རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པ་ལ་བད་ཀན་གྱི་དངོས་རྒྱུ་རུ་བཞག་སྟེ་རླངས་པ་ཆར་གྱི་རྒྱུ་ཡིན་པ་ལྟར་རོ།།

        གཉིས་པ་སློང་རྐྱེན་ཞེས་སོགས་ཚིག་རྐང་བཅུ་གཉིས་ཀྱིས་བསྟན་ཏེ། བད་ཀན་གྱི་ནད་སློང་བར་བྱེད་པའི་རྐྱེན་ནི། སྐྱབས་དང་ཁུར་མང་སོགས་རོ་ཁ་བ་དང༌། འོ་མ་སོགས་རོ་མངར་བ་དང༌། རོ་ཇི་ལྟར་གྱུར་ཀྱང་ནུས་པ་ལྕི། བསིལ་སྣུམ་རྟུལ་འཇམ་བརྟན་སོགས་ཀྱི་ཡོན་ཏན་དང་ལྡན་པའི་བཟའ་བཏུང་བསྟེན་དྲགས་པ་དང༌། ཟས་ཟོས་ནས་འགྲངས་པའི་དུས་སུ་དལ་བར་འདུག་པ་དང༌། ཉིན་གཉིད་ལོག་ཅིང་བརླན་སྟེང་དུ་ཉལ་བའམ་ཡུན་རིང་དུ་སྡོད་པ་དང༌། སྟོན་ཀའི་དུས་མ་ཡིན་པར་ཆུར་ཞུགས་པ་དང༌། གྲང་བའི་དུས་སུ་གོས་སྲབ་མོ་ལ་བསྟེན་པ་དང༌། དེའི་དབང་གིས་འཁྱགས་པ་དང༌། གྲོ་དང་སྲན་མ་དང༌། ཤུགས་ལས་ཁམ་བུ་སོགས་གསར་ཐོག་རྣམས་སེར་ཅན་ཏེ་མ་སྨིན་ཡང་རློན་པ་མང་དུ་བཟའ་བ་དང་ཡང་ན་ཡུན་རིང་པོར་ལོན་པས་སུངས་པར་གྱུར་པ་དང༌། ར་ཤ་དང་སྐོམ་པོ་སྟེ་རྟོལ་དུ་གྲགས་པའི་དུད་འགྲོ་ཤིན་ཏུ་རིད་པ་དང༌། ཤ་གཞན་རྣམས་ཀྱིས་ཀྱང་ཚིལ་བུ་དང་རྐང་རྣམས་བཟའ་བ་དང༌། འབྲུ་མར་དང་རྩི་མར་དང་གཞན་ཡང་བཟའ་བའི་བྱེ་བྲག་རུལ་བ་རྣམས་དང༌། ལོ་བཤུར་ཏེ་ཡུངས་ཀར་ནག་གི་ལོ་མ་རིད་པའམ་རྙིང་པ་དང༌། ལ་ཕུག་རས་པ་དང་རི་སྒོག་ལ་སོགས་ཏེ་རྗེན་པའི་རིགས་མཐའ་དག་བཟའ་བ་དང༌། དེ་རྣམས་རྗེན་པ་མ་ཡིན་པར་བཙོས་ཀྱང་རུང་སྟེ། མ་ཚོས་པའམ་ཡང་ན་ཚིག་དྲགས་པ་དང༌། སྙོམས་པར་ཚོས་ཀྱང་རུང་ཡུན་ལོན་པས་ཁེངས་པོར་གྱུར་པའི་ཟས་རྣམས་བཟའ་བ་དང༌། བ་རའི་འོ་རློན་ཏེ་དྲོན་མོ་མ་ཡིན་པ་དང༌། ཞོ་མ་ལངས་པ་དང༌། དར་བ་རས་པ་དང༌། ཆུ་གྲང་དང༌། ཇ་ལ་སོགས་པ་མང་དུ་འཐུང་བ་དང༌། བཤད་མ་ཐག་པ་དེ་རྣམས་མ་ཡིན་རུང་ཡང་ན་ཧ་ཅང་བཟའ་བཏུང་ཆེས་ཏེ། བཤད་རྒྱུད་དུ། ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། ཞེས་སོགས་ཀྱི་ཚད་ལས་འདས་པའམ། སྔ་མའི་དུས་དེའི་ཟས་མ་ཞུ་བཞིན་དུ་སླར་ཡང་ཕྱི་མ་ཞིག་ཟོས་པ་དེ་ཡིས་ནི་མདོར་ན་དུས་མ་ཡིན་པར་ཟོས་པ་དེ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་བད་ཀན་ཞེས་བྱ་བ་གྲང་བའི་ནད་ཀྱི་རང་བཞིན་ཅན་དེ་ཉིད་སློང་བར་བྱེད་པ་ཡིན་ནོ། །གསུམ་པ་དབྱེ་བ་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབྱེ་བ་ཞེས་སོགས་ཚིག་རྐང་གཅིག་གིས་བསྟན་ཏེ། བད་ཀན་རང་རྒྱུད་ཅན་རྐྱང་པའི་དབྱེ་བ་དང༌། གཞན་རྒྱུད་ཅན་ལྡན་པའི་དབྱེ་བ་བཤད་པའོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་བསྡུ་དང་གསུམ་མོ། །དང་པོ་ནི། རང་རྒྱུད་ཅེས་སོགས་ཚིག་རྐང་གཅིག་གིས་བསྟན་ཏེ། བད་ཀན་རང་རྒྱུད་ཅན་རྐྱང་པ་དེ་ལའང་སྤྱིར་དབྱེ་བ་དང་བྱེ་བྲག་གཉིས་སོ། །དང་པོ་སྤྱིའི་དབྱེ་བ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།  །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་དབྱེ་བ་ལའང་རིགས་ཀྱི་དབྱེ་བ་དང༌། གནས་ཀྱི་དབྱེ་བ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་རིགས་ཀྱི་སྒོ་ནས་དབྱེ་བ་བཤད་པ་ནི། རིགས་ཀྱི་ཞེས་སོགས་ཚིག་རྐང་བཞིས་བསྟན་ཏེ། བད་ཀན་སྐྱ་བོ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། བད་ཀན་ལྷེན་དང༌། བད་ཀན་ལྕགས་དྲེག་དང༌། དེ་བཞིན་དུ་མེ་དྲོད་ཉམས་པ་དང༌། བད་ཀན་འགུལ་འགགས་དང༌། གྲུམ་བུ་དཀར་པོ་དང༌། བད་ཀན་འཇུ་སྐེམ་གྱི་ནད་དང་རྣམ་པ་དྲུག་ཏུ་བཤད་པ་ཡིན་ནོ། །གཉིས་པ་གནས་ཀྱི་སྒོ་ནས་དབྱེ་བ་བཤད་པ་ནི། གནས་ཀྱི་ཞེས་སོགས་ཚིག་རྐང་བདུན་གྱིས་བསྟན་ཏེ། གནས་ཀྱི་སྒོ་ནས་དབྱེ་བ་བཤད་ན། པགས་ལ་གྲམས་པ་དང་ཤ་ལ་རྒྱས་པ་དང་རྩར་རྒྱུ་བ་དང་རུས་ལ་ཞེན་པ་དང་དོན་ལ་བབས་པ་དང་སྣོད་དུ་ལྷུང་བ་དང་དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དེ་ཡང་དོན་ནི་གློ་བ་དང་སྙིང་དང་མཆིན་པ་དང་མཆེར་པ་དང་མཁལ་མ་དང་ལྔའོ། །དེ་བཞིན་དུ་སྣོད་ནི་ཕོ་བ་དང་ལོང་དང་རྒྱུ་མ་དང་མཁྲིས་པ་དང་ལྒང་པ་དང་མངལ་དུ་ཞུགས་པ་དང་རྣམ་པ་དྲུག་གོ །དེ་བཞིན་དུ་དབང་པོ་ནི་མགོ་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལྔའོ།།

        གཉིས་པ་བྱེ་བྲག་ཏུ་བཤད་པ་ལའང་གཉིས་ཏེ། རང་རྒྱུད་ཅན་རྐྱང་པར་བཤད་པ་དང༌། འདྲེས་པར་བཤད་པའོ། །དང་པོ་ནི། བྱེ་བྲག་ཅེས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། བད་ཀན་རང་རྒྱུད་ཅན་རྐྱང་པ་དེ་ལ་བྱེ་བྲག་གམ་ནང་ཚེགས་ཀྱི་དབྱེ་བའི། རྟེན་བྱེད་དང་མྱག་བྱེད་དང་མྱོང་བྱེད་དང་ཚིམ་བྱེད་དང་འབྱོར་བྱེད་དང་རྣམ་པ་ལྔའོ། །གཉིས་པ་འདྲེས་པར་བཤད་པ་ལ། རླུང་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། བད་ཀན་རྟེན་བྱེད་སོགས་རླུང་དང་འདྲེས་པ་ལྔ། དེ་བཞིན་དུ། བད་ཀན་རྟེན་བྱེད་སོགས་མཁྲིས་པ་དང་འདྲེས་པ་ལྔ་སྟེ་བཅུ་རུ་འགྱུར་བར་བཤད་པ་ཡིན་ནོ། །གསུམ་པ་བཞི་བཅུ་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། དེ་ལྟར་བཤད་མ་ཐག་པའི་རང་རྒྱུད་ཅན་གྱི་ནད་ཀྱི་དབྱེ་བ། རིགས་དྲུག གནས་ཉི་ཤུ། ནང་ཚེགས་བཅོ་ལྔ་དྲིལ་བས་བཞི་བཅུ་ཞེ་གཅིག་གོ །གཉིས་པ་གཞན་རྒྱུད་ཅན་བཤད་པ་ལ། གཞན་རྒྱུད་ཅེས་ཚིག་རྐང་གཅིག་གིས་བསྟན་ཏེ། གཞན་རྒྱུད་ཅན་དེ་ལ་དབྱེ་ན་སེར་པོ་དང་སྨུག་པོ་གཉིས་སུ་ཡོད་པར་བཤད་པའོ། །བཞི་པ་རྟགས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡི་ཞེས་སོགས་ཚིག་རྐང་གཅིག་གིས་བསྟན་ཏེ། བད་ཀན་དེ་ཡི་རྟགས་ལའང་སྤྱི་དང་བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྤྱི་རྟགས་ཞེས་ཚིག་རྐང་གསུམ་གྱིས་བསྟན་ཏེ། བད་ཀན་སྤྱིའི་རྟགས་དེ་ལའང་སློང་བ་རྒྱུའི་སྒོ་ནས་བརྟག་པ་དང༌། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། ཕན་གནོད་གོམས་པའི་སྒོ་ནས་བརྟག་པ་དང་རྣམ་པ་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། དང་པོ་ཞེས་ཚིག་རྐང་གསུམ་གྱིས་བསྟན་ཏེ། དང་པོ་སློང་བར་བྱེད་པ་རྒྱུ་ལ་བརྟག་པར་བྱ་ན། གོང་གི་སློང་རྐྱེན་སྐབས་ཀྱི་བད་ཀན་བསྐྱེད་པའི་ཟས་དང་སྤྱོད་ལམ་རྣམས་བསྟེན་པའི་རྗེས་ལ་ན་ན་བད་ཀན་ལས་གཞན་ཡིན་པར་མ་བཤད་དོ། །གཉིས་པ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ནི། ནད་རྟགས་ཞེས་ཚིག་རྐང་བཅུ་གཅིག་གིས་བསྟན་ཏེ། བད་ཀན་ནད་སྤྱིའི་རྟགས་ཀྱི་རྩ་བྱིང་བ་ནི་གཏིང་དུ་བྱིང་བ་གུད་པ་ནི་སྟོབས་ཆུང་བ་ཞར་བ་ནི་གཡས་དང་གཡོན་ནམ་ཡང་ན་རྩ་སྟོད་སྨད་གང་རུང་མི་གསལ་བ་དང༌། སྙན་བརྒྱུད་བེ་བུམ་ནག་པོར། རྩ་ཞར་བ་ནི་མནན་ན་རབ་རིབ་ཙམ་ལས་མི་གསལ་བ་ལའོ། །ཆུ་ཡི་མདོག་དཀར་ལ་དྲི་མ་དང་རླངས་པ་ཆུང་བ་ཁ་མངལ་བ་སྟེ་རོ་མི་གསལ་ཞིང་ལྕེ་དང་རྙིལ་གྱི་མདོག་སྐྱ་ལ་མིག་སྤྲིན་དཀར་ལ་སྐྲངས་པ་དང༌། སྣབས་དང་ལུད་པ་མང་ཞིང་མགོ་བོ་འཐོམས་པ་ལུས་སེམས་ལྷན་ཅིག་ཏུ་ལྕི་ལ་དང་ག་མི་བདེ་ཞིང་ལུས་ཀྱི་ཕྱི་ནང་གཉིས་ཀར་དྲོད་མེད་ཅིང་གྲང་བར་སྣང་བ་ཟས་སྐོམ་འཇུ་བའི་སྟོབས་ཆུང་བ། མཁལ་མ་དང་རྐེད་པ་མི་བདེ་བ་དང་ལུས་སྦོ་ཞིང་བྱེ་བྲག་ཏུ་ལྦ་བ་སྐྱེ་ལ། རྩམ་པ་དང༌། བད་ཀན་སྐྱུག་ཅིང་ཡང་ན་འཁྲུ་བ་དང༌། གཏར་ན་ཁྲག་མདོག་དམར་སྐྱ་འབྱར་བག་ཅན་འབྱུང་བ་དང༌། དྲན་པ་མི་གསལ་ཞིང་གཉིད་ཆེ་ལ་སྒྱིད་པ་སྐྱུར་བ། གཡའ་བ་ནི་ལུས་ཟ་བའི་རྣམ་པ་ཅན། མཁྲང་བ་སྟེ་ལུས་ཤིང་ལྟར་རེངས་པ་ལྟར་ཚིགས་རྣམས་དམ་པ། ལུས་ཀྱི་ཤ་རྒྱས་ཤིང༌། ལས་མཐའ་རིང་བ་ཞེས་བྱ་བ་ལས་གང་བྱེད་ཀྱང་ལེ་ལོ་ཆེ་བ། ནམ་མཁའ་ཞོད་ཆེ་བའི་དུས་དང་སྲོད་དང་སྔ་དྲོ་དང་ཟོས་པའི་ཐོག་མ་ཉིད་དུ་ལྡང་བའོ། །གསུམ་པ་ཕན་གནོད་ཅེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། བད་ཀན་གྱི་ནད་ལ་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། ཕན་པའི་ཟས་རྩུབ་ལ་ཡང་བ་སོགས་བསྟེན་ན་འཕྲོད་པ་དང༌། དེ་བཞིན་དུ། སྤྱོད་ལམ་ཀྱང་རྩོལ་བས་བཅག་པ་དང་དྲོ་བ་འཕྲོད་པའོ། །གནོད་པ་ནི་ཟས་ལྕི་ལ་བསིལ་བ་སོགས་དང༌། དེ་བཞིན་དུ། སྤྱོད་ལམ་རླན་ཅན་གྱི་སྟེང་དུ་ཉལ་བ་གོས་སྲབ་ནས་ལུས་འཁྱགས་ཤིང་འདར་བར་འདོད་པ་སོགས་བསྟེན་པས་ཁྱད་པར་དུ་ན་ན་བད་ཀན་གྱི་ནད་ལས་གཞན་དུ་མ་འདས་པ་གསལ་ལོ།།

        གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལའང་གསུམ་སྟེ། རིགས་གནས་ནང་ཚེགས་དང་གསུམ་མོ། །དང་པོ་རིགས་ཀྱི་རྟགས་བཤད་པ་ནི། དང་པོ་ཞེས་སོགས་ཚིག་རྐང་སོ་དགུས་བསྟན་ཏེ། བད་ཀན་བྱེ་བྲག་པ་རིགས་ཀྱི་སྒོ་ནས་དང་པོ་ལྷེན་ཞེས་བྱ་བ་ནི། རྟེན་དང༌། མ་གོམས་པ་དང༌། མི་འཕྲོད་པ་དང༌། ངོ་བོ་དང་རྣམ་པ་བཞིའི་སྒོ་ནས་བརྟག་དགོས་པའི་དབང་གིས་ཐོག་མར་སྨོས་ནས་དེ་ལ་བད་ཀན་ལྷེན་ཞེས་བྱ་བ་ནི་རྐྱེན་ཁ་ཟས་སོགས་ཕོ་བའི་མེ་དྲོད་ཀྱིས་མ་ཞུ་བར་བད་ཀན་དང་བེ་སྣབས་འཕེལ་ཏེ། བེ་སྣབས་དེ་ཉིད་ལྷེན་སྣའི་འོག་ཏུ་ཚོགས་པ་ལ། མིང་ལྷེན་ཞེས་བྱ་བ་སྟེ་ན་ལུགས་སམ་ཉམས་སྣང་ལ་འདྲིལ་སྙམ་བྱེད་ཅིང༌། དེ་ཉིད་སྟོང་ངེ་བར་ན་ལ་ན་དམིགས་མནན་ན་འདྲིལ་བའང་མེད་པ་བཞིན། དང་ག་ཤིན་ཏུ་མི་བདེ་ལ་ཁ་ཟས་གང་ཡང་འཇུ་བར་དཀའ་བ། ཟས་ཟོས་པའི་དུས་ངེས་པར་ན་ཞིང་ལྟོགས་ན་ཉམས་བདེ་བར་འདུག་པར་མངོན་པའོ། །བད་ཀན་ལྕགས་དྲེག་ཅེས་བྱ་བ་དེ་ཉིད་གོང་ལྟར་རྐྱེན་ཁ་ཟས་སོགས་ཕོ་བའི་མེ་དྲོད་ཀྱིས་མ་ཞུ་བས། བེ་སྣབས་རྣམས་ཤིན་ཏུ་མང་བར་འཕེལ་ཞིང་དེ་རྣམས་ཕོ་བའི་ནང་གི་སུལ་ལ་ལྕགས་ཀྱི་དྲེག་པ་ལྟར་ཆགས་པས་ཟས་འཇུ་བྱེད་ཕོ་བའི་མེ་དྲོད་ཉམས་པས་ཡང་ཡང་དུ་སྒྲེག་པ་འབྱུང་བ། འཚིང་བ་སྟེ་བརྒྱངས་པ་ལྟར་ཕོ་བ་ཐམས་ཅད་ཧྲེམ་མེ་ན་ཞིང་དང་ག་མི་བདེ་ལ་ལུས་ཀྱི་ཤ་རྣམས་སྐམ་པ་སྡོད་སྙིང་འདོད་པ་བེ་སྣབས་དང་བད་ཀན་ཁ་ཟས་སོགས་ཟོས་ཚད་སྐྱུག་པའོ། བད་ཀན་མེ་ཉམས་ཞེས་པ་གྲང་རླུང་ཤས་ཤིན་ཏུ་ཆེ་ལ་ཁ་ཟས་རྣམས་འཇུ་བར་དཀའ་ཞིང་བསིལ་བའི་ཕྱོགས་ཀྱི་ཟས་ཚད་བཤད་ལས་མང་བ་ཐལ་ཞིང༌། གོས་སྲབ་པ་དང་ལུས་གྲང་བ་དང་ཆུ་བརྒལ་བ་དང་ཆུ་ཡི་ལས་གང་ཡང་མང་དུ་བྱས་ཤིང་ཚད་པའི་གཞུག་ལ་བསིལ་རྣམས་མང་པོ་བསྟེན་པ་ཐལ་ཞིང་སྦྱོངས་དང་གཏར་ག་སོགས་བསྟུད་དྲགས་པ་ཡིས་ནི་མཁྲིས་པ་འཇུ་བྱེད་དང་མེ་མཉམ་རྣམས་ཀྱི་རླུང་གི་མཐུ་ཉམས་ཤིང་ལུས་ཀྱི་དྲོད་ཆུང་ལ་ཁ་ཟས་ཀུན་འཇུར་མི་འདོད་ཅིང༌། སྦོ་ཞིང་འཕྲོག་པ་འཚིང་བ་སྟེ་བརྒྱངས་པ་སྒྲེག་པ་ཡང་ཡང་འོང་བ་ཁ་ཟས་གང་ཟོས་མ་སྨིན་པར་འཁྲུ་བ་ལུས་སྟོབས་ཆུང་ལ་ཤ་སྐམ་ཞིང་མཇུག་ཏུ་དམུ་ཆུ་དང་སྐྲན་དུ་འགྱུར་རོ། །བད་ཀན་མགུལ་འགགས་སམ་མིད་པ་འཆུས་ཞེས་པ་ཕོ་བ་དང་བྲང་དང་གློ་བར་བད་ཀན་དེ་ཉིད་རྒྱས་པ་ཡིས་བད་ཀན་གྱི་ནད་རླངས་དེ་དག་གློ་བའི་ཡུ་བ་དང་མིད་པར་ཆགས་པ་དེས་དཔེར་བརྗོད་ན་དོང་བའམ་ཟོ་བའི་ལོགས་ལ་ཟོ་ཤ་ཆགས་པ་འདྲ་ཞིང་དེའི་རྐྱེན་གྱིས་མིད་པ་འཆུས་ནས་ཁ་ཟས་གང་ཡང་མིད་པར་དཀའ་ལ་དབུགས་རྔུབ་ཅིང་འདོན་པ་མི་བདེ་ཞིང་ཤ་རྣམས་སྐམས་ལ་ལུས་ཀྱི་སྟོབས་འཆོར་བ། ཟས་དང་སྐོམས་རྣམས་མེད་པས་ཕོ་བ་ཚ་ནས་རུབ་ཅིང་མཇུག་ཏུ་མེ་དྲོད་ཀྱི་འཇུ་སྟོབས་ཆུང་དུ་སོང་བའམ་མིད་པ་འགགས་ནས་འཆི་བ་ཡིན་ནོ། །བད་ཀན་གྲུམ་བུ་དཀར་པོ་ཞེས་བྱ་བ་དེ་མ་ཞུ་རང་གི་གནས་སུ་རྐྱེན་གོང་བཞིན་གྱིས་བསླང་བའི་བད་ཀན་དེ་ཉིད་འཕེལ་བ་དེ་ཡིས་ཕོ་བ་དང་མཆིན་པ་གཉིས་གང་ཡིན་ཆ་མེད་དུ་ན་བ་དང་ཁ་ཟས་ཅི་དང་ཅི་ཟོས་ཀྱང་མི་ཞིམ་ཞིང་ཡིད་ལ་མེད་པ་འཁྲུ་བའམ་ཡང་ན་སྐྱུག་པར་བྱེད་པ་དང་ཡན་ལག་གི་ཉྭ་གཞི་དང་མིག་རུས་རྣམས་ན་ཞིང་ཆུ་ཚན་དང་ཆུ་སྐྱུར་མང་དུ་སྐྱུག་པ་འབྱུང་བ་དང་མཇུག་ཏུ་ཡན་ལ་གི་ཚིགས་རྣམས་ལ་བྱེར་ནས་གྲུམ་བུར་འགྱུར་བའོ། །བད་ཀན་འཇུ་སྐེམ་ཞེས་བྱ་བ་ཅི་ཟོས་ཀྱང་འགྲངས་པ་མེད་ཅིང་བད་སྲིན་འཕེལ་ཏེ་ཟོས་ཟོས་པ་ན་ལུས་སྟོབས་མི་འཕེལ་ཞིང་སྐེམས་པར་བྱེད་པ། ལུས་ཀྱི་སྟོབས་ཆུང་ལ་ཤ་རྣམས་སྐམས་ཤིང་གསུས་པ་ཤིན་ཏུ་ཆེ་བ་བྱིན་པ་འདར་ཞིང་སྒྱིད་པ་གཞན་ལས་སྐྱུར་བ་ཡིན་ནོ།།

        གཉིས་པ་གནས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། བད་ཀན་ཞེས་སོགས་ཚིག་རྐང་སུམ་ཅུས་བསྟན་ཏེ། དང་པོ་བད་ཀན་དེ་ཉིད་པགས་ལ་གྲམ་པར་གྱུར་ན་དྲོད་དང་བྲལ་ཞིང་བས་བལྡགས་ཏེ་པགས་མདོག་སྐྱ་ཡ་མེ་བ་དང་གཡའ་བ་དེ་ལུས་ཀུན་ཟ་འཕྲུག་བྱེད་པ་དང༌། ཤ་རྒྱས་ཤིང་དྲོད་མེད་པ་སྦོ་ལ་སོབ་པ་དྲེག་པ་ཆགས་ཤིང་གཉིད་ཆེ་བ། ལུས་ལྕི་ཞིང་སྒྱིད་པ་སྐྱུར་བ་དང་རྨེན་བུ་ཡོང་བ་ཡིན་ནོ། །རྩ་རུ་ཞུགས་པ་ནི་རྩ་ཡི་རྒྱུད་རྣམས་གྲང་བསིལ་བྱེད་ཅིང་གྱོང་བ་སྟེ་ཧྲེམ་ཧྲེམ་ལ་ལུས་པའི་རྣམ་པ་བྱེད་དོ། རུས་པ་ལ་ཞེན་ན་རུས་པ་རྣམས་གྲང་ཞིང་ལྷང་ལྷང་ན་བ། ཚིགས་ཀྱི་ཁ་གཡོ་བ་ཞེས་པ་སྦོས་ཤིང་བརྐྱང་བ་དང་བསྐུམ་པ་འགྲོ་འདུག་བྱེད་པ་ལ་གྱོང་བ་ཡིན་ནོ། །སྙིང་ལ་བབས་པར་གྱུར་ན་དྲན་པ་མི་གསལ་ཞིང་རྨོངས་པར་བྱེད་ལ་དང་ག་མི་བདེ་ཞིང་སྟོད་བརྒྱངས་པ་ལུས་སེམས་ལྷན་དུ་ལྕི་བ། གློ་བར་བབས་ན་སྟོད་བརྒྱངས་ཤིང་མགོ་བོ་འཁོར་ལ་ཟས་བཟའ་མི་འདོད་པར་བེ་སྣབས་རྣམས་སྔོ་ལྗོབ་མང་དུ་ལུ་བར་བྱེད་པ་ཡིན་ལ། མཆིན་པར་བབས་ན་ཟས་ཟོས་པའི་རྗེས་ལ་མཆིན་པ་ན་ལ་ཁོང་པའི་སྲིན་བུ་རྣམས་ལྡོག་ཅིང་ཁ་ནས་ཆུ་མདོག་སྔོན་པོ་འཛག་གོ །མཆེར་པར་བབས་ན་གཉིད་ཆེ་ཞིང་དབུགས་རྒོད་ལ་ཁོང་པ་སྦོ་བ་རྨྱ་ཞིང་སྒྱིད་པ་སྐྱུར་ལ་གང་ཟས་ཀྱི་མདོག་ཏུ་འཁྲུ་བ་ཡིན་ནོ། །མཁལ་མར་བབས་ན་མཁལ་མ་དང་རྐེད་པ་ན་ཞིང་དྲི་མ་དང་ཆུ་སྲི་ལ་རྣ་བ་གཉིས་འཐིབ་ཅིང་རླན་ཅན་དང་གྲང་བ་ཁྱད་པར་དུ་གནོད་པར་འགྱུར་རོ། ཕོ་བར་ལྷུང་ན་ཕོ་བའི་གནས་མི་བདེ་ཞིང་ལྕི་ལ་བྲང་ཚ་ཞིང་ཆུ་ཚན་སྐྱུག་པ་འབྱུང་ཞིང་ཁ་ཟས་མི་འཇུ་བའོ། །ལོང་དུ་ལྷུང་ན་སྦོ་ཞིང་འཁྲོག་པར་བྱེད་ཅིང་ཟས་ཟོས་པའི་ཚེ་ཤིན་ཏུ་ན་བའོ། །རྒྱུ་མར་ལྷུང་ན་བེ་སྣབས་མང་དུ་འཁྲུ་ཞིང་ལྕི་བ་ཡིན་ནོ། །མཁྲིས་པར་ལྷུང་ན་མིག་མདོག་སེར་ལ་འཇུ་བ་དཀའ་ཞིང་ལུས་ལྕི་བ་སྒྱིད་པ་སྐྱུར་ཞིང་གཉིད་ཤིན་ཏུ་ཆེ་བ་ཤེས་པ་བྱིང་བ་ཡིན་ནོ། །ལྒང་པར་ལྷུང་བས་བད་ཀན་གྱི་ནད་དེ་ཉིད་ཟ་ཁུར་འགྱུར་རོ། །མངལ་དུ་ལྷུང་བས་སྨད་གྲང་ཞིང་བུད་མེད་ཡིན་ན་ཟླ་མཚན་དང་སྐྱེས་པ་ཡིན་ན་གཅིན་བག་ཅེས་པ་གཅིན་དང་མཉམ་དུ་ཁམས་བག་ཙམ་འཛག་པའོ། །བད་ཀན་མགོ་ལ་ཞུགས་པ་ན་མགོ་བོ་ལྕི་ལ་གཉིད་ཆེ་ཞིང་དང་ག་མི་བདེ། ཡི་ག་འགགས་ནས་ཟས་མི་འགྲོ་བའོ། །མིག་ལ་ཞུགས་ན་ཕྱིར་སྐྲངས་ཤིང་མཆི་མ་མང་དུ་འཛག་པ་ཡིན། །རྣ་བར་ཞུགས་པ་ན་གྲང་ཞིང་ལྕི་ལ་འཐིབས་ནས་སྒྲ་མི་སངས་པའོ། །སྣ་ལ་ཞུགས་ན་སྣ་བུག་འགགས་ཤིང་མཚུལ་པ་ལྕི་བའོ། །ལྕེ་ལ་ཞུགས་ན་ལྕེ་གྱོང་བོར་སོང་ནས་རོ་མི་ཚོར་བ་ཡིན་ནོ།།

        གསུམ་པ་བྱེ་བྲག་གི་སྒོ་ནས་བརྟག་པར་བྱ་བ་ནི། བྱེ་བྲག་ཅེས་སོགས་ཚིགས་རྐང་བཅུ་གཅིག་གིས་བསྟན་ཏེ། བྱེ་བྲག་བད་ཀན་རྟེན་བྱེད་དེ་ཉིད་ནད་དུ་གྱུར་ན་དང་ག་མི་བདེ་ཞིང་སྟོད་བརྒྱངས་ནས་མདུན་རྒྱབ་གཉིས་སུ་གཟེར་བ་བྲང་ཚ་ལ་ཆུ་སྐྱུར་ཡང་ཡང་འབྱུང་ཞིང་དང་ག་འགགས་པའོ། བད་ཀན་མྱག་བྱེད་འཇུ་བ་དཀའ་ལ་བཅུད་གང་ཡང་མི་ལེན་ཞིང་ཁ་ཟས་ཅི་ཟོས་མི་འཇུ་བ་དང་སྒྲེག་པ་འབྱུང་ཞིང་ཕོ་བ་སྲ་ལ་གྱོང་བའོ། །མྱོང་བྱེད་ནི་ཁ་ཟས་ཀུན་ལ་བྲོ་བ་མེད་པ་སྐོམ་དད་ཆུང་ཞིང་ལྕེ་གྲང་མོར་སོང་བ། མཆུ་གཉིས་ན་ལ་སྐད་འཛེར་ཞིང་ཟས་མི་ལེན་པའོ། །ཚིམ་བྱེད་མགོ་བོ་འཁྱོམ་ལ་མིག་ཟ་ཟི་བྱེད་ཅིང་རྣ་བ་འགགས་པ་སྦྲིད་པ་དང་སྣབས་མང་བ་ཆམ་འདེབས་ལྟ་བུ་མཚོག་མ་ནས་ལྕི་བ། འབྱོར་བྱེད་རྐང་ལག་བརྐྱང་བ་དང་བསྐུམ་པ་དཀའ་ཞིང་ཚིགས་ཀྱི་མགོ་རྣམས་སྦོམ་པ་དང་རྐང་ལག་བཞིའི་ལྷུ་ཚིགས་ན་ཞིང་ཚིགས་ཁ་གཡོ་བ་ཞེས་སྐྲངས་ལ་སོབ་པ་རྣམས་སོ། །དེ་ལྟར་བཤད་མ་ཐག་པའི་རྐྱང་པ་ལྔ་པོ་དང་རླུང་དང་མཁྲིས་པ་གང་དང་གང་འདྲེས་ནའང་དེ་དང་དེའི་རྟགས་རྣམས་སོ་སོར་སྟོན་པ་ལས་ཤེས་པར་འགྱུར་བའི་དོན་ནོ། །གཉིས་པ་གཞན་རྒྱུད་ཅན་ལ་གཉིས་ཏེ། སེར་པོ་དང་སྨུག་པོའོ། །དང་པོ་ནི། བད་ཀན་སེར་པོ་ཞེས་ཚིག་རྐང་བརྒྱད་ཀྱིས་བསྟན་ཏེ། བད་ཀན་སེར་པོ་ཞེས་མཁྲིས་རྐྱེན་གྱིས་བསྐྱེད་པའི་ཁ་ལུད་པ་ཡིན་ལ་རྩ་ཤིན་ཏུ་དལ་ལ་མནན་ན་སྟོང་ཞིང་ཆུ་ཡི་མདོག་སེར་ལ་ཕོ་བར་མི་བདེ་བར་ལྟེམ་ཞིང་ཟས་བཟའ་བ་ལ་དང་ག་ཞན་པ། ཆང་འཐུང་ནས་དྲོས་ཚེ་མཚོག་མ་དང་མིག་རུས་ན་བ། བྲང་ཚ་ལ་ཆུ་སྐྱུར་ཡང་ཡང་འབྱུང་ཞིང་ངེས་པར་མཁྲིས་པ་སྐྱུག་ལ་ས་རླན་ལ་སྡད་པ་རུལ་བ་སྐྱུར་པོ་ཟོས་པའི་རྗེས་ལ་འཁྲུ་བ་ཡང་སྲིད་དེ། གྲོ་དང་ཡོས་དང་ར་ཤ་དང་མར་རྙིང་པ་ཆང་སྐྱུར་རྣམས་གནོད་ཅིང་མཇུག་ཏུ་སྨུག་པོའམ་ཡང་ན་མཁྲིས་པའི་ནད་དུ་འགྱུར་རོ། །གཉིས་པ་སྨུག་པོ་ལ་བད་ཀན་ཞེས་སོགས་ཚིག་རྐང་ལྔས་བསྟན་ཏེ། དེ་ལ་བད་ཀན་སྨུག་པོ་ནི་ཁྲག་གི་སྙིགས་མ་ཡིན་ཞིང་ཕོ་བ་མཆིན་པ་རོ་སྟོད་ལྷག་པར་ན་ཞིང་རྒྱ་ཚོས་བཤལ་བའི་ཁུ་བ་ལྟ་བུ་སྐྱུག་ཅིང༌། ལུས་པོ་ལྕི་ཞིང་སྒྱིད་པ་སྐྱུར་ལ་སྙིང་མི་དགའ་བ། འགྲངས་སམ་ལྟོགས་པ་གང་ཡང་དང་གྲང་བ་དང་དྲོ་བ་གང་ཡང་གནོད་ཅིང་དོན་མེད་པར་ན་ཞིང་བཅོས་སོགས་མ་བྱས་ཀྱང་གཞི་མེད་དུ་བདེ་བར་མངོན་པའོ། །ལྔ་པ་བད་ཀན་བཅོས་ཐབས་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོས་པའི་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། སྤྱིར་བཅོས་པའི་ཐབས་ཞེས་པ་འདོད་དོན་སྒྲུབ་བྱེད་ཀྱི་བྱ་བ་ཐམས་ཅད་ལ་བྱ་ཞིང༌། འདིར་ནད་ལ་གསོ་བྱེད་ཀྱི་གཉེན་པོ་བསྡེབས་པ་ལ་གསོ་ཐབས་བཤད་པ་དེ་ལའང་སྤྱིའི་གསོ་ཚུལ་དང་བྱེ་བྲག་གི་གསོ་ཚུལ་བཤད་པར་བྱ་བ་དང་གཉིས་སོ། །དང་པོ་སྤྱིའི་གསོ་ཚུལ་ལའང་གཉིས་ཏེ། མདོར་བསྟན་རྒྱས་བཤད་དོ། །དང་པོ་མདོར་བསྟན་པ་ལ་ལྔ་སྟེ་བད་ཀན་གྱི་མཚན་ཉིད་འདི་དང་འདི་ལ་གསོ་ཚུལ་བཤད་པ་དེ་བཞིན་དུ་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་ལྔའོ།།

        གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་སྟེ། དང་པོ་ནི། དང་པོ་ཞེས་སོགས་རྐང་པ་བཞིས་བསྟན་ཏེ། དང་པོ་བད་ཀན་གྱི་ངོ་བོ་ནི་བསིལ་བའི་ཕྱིར་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་རྣམ་པ་བཞི་ནི་དྲོད་དུ་སྤྲུག་ཅིང༌། ས་དང་འདྲ་སྟེ་གཉེན་པོའི་དེ་ཉིད་ཁ་ན་ལྕི་བའི་ཕྱིར་ལན་རེ་རེས་མི་སེལ་བས་ཡུན་དུ་བསྲིངས་ནས་བསྟེན་པ་གཅེས་སོ། །གཉིས་པ་ལ་དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དང་པོ་བད་ཀན་གྱི་ནད་གཞི་ཅན་ལ་ཁ་ཟས་ཀྱི་སྒོ་ནས་གང་ལ་གང་མཚམས་པར་བཅོས་པ་ནི། འབྲུ་རྙིང་བརྔོས་རྩམ་ལ་གཡོས་སུ་བྱས་པའི་ཟན་དྲོན་མོ་དང་ཆང་ནར་ཞེས་པ་ཡོས་ཆང་ཞག་གསུམ་སྨིན་དུ་བཅུག་པ་དང་ཆུ་བསྐོལ་བ་དང༌། བཅའ་སྒ་ཆུ་ལ་སྦང་ནས་ཁུ་བ་འཐུང་བ་དང་ལུག་གི་ཤ་དང་ཉ་ཡི་ཤ་དང་གཡག་རྒོད་དེ་འབྲོང་གི་ཤ་དང་བྱ་རྒོད་དང་གཡི་དང་སྤྱང་ཀི་རྣམས་ཀྱི་ཤ་རུལ་སུངས་མིན་པའི་སོས་པ་དྲོ་ཞིང་ལྷག་པར་ཡང་ལ་རྩུབ་པའི་ཟས་སྐོམ་རྣམས་ནི་འགྲངས་ཆེས་པའམ་དྲགས་པ་མ་ཡིན་པར་འཇུ་སླ་བྱེད་དུ་ཉུང་ཟད་རེ་བསྟེན་པར་བྱའོ། །གསུམ་པ་སྤྱོད་ལམ་བཤད་པ་ལ། སྤྱོད་ལམ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། བད་ཀན་ཅན་གྱི་མི་གང་ཞིག་གིས་སྤྱད་པར་བྱ་བའི་སྤྱོད་ལམ་བསྟན་པར་བྱ་བ་ནི། མེ་དང་ཉི་མའི་དྲོད་ལ་རན་པར་བསྲོས་ཤིང་པགས་པ་ལ་སོགས་པའི་གོས་དྲོ་བར་བགོ་ཞིང་བརླན་ཅན་མ་ཡིན་པའི་སྐམ་སའི་སར་ལུས་དང་ངག་གི་སྒོ་ནས་སྨྲ་བརྗོད་དང་རྩོལ་བ་དང་ལྡན་པའི་བཅག་པ་དང༌། ཉིན་གཉིད་མི་ལོག་ཅིང་ཁྱད་པར་ནད་སློང་བར་བྱེད་པའི་རྐྱེན་གོང་དུ་བཤད་པ་བཞིན་ཟས་དང་སྤྱོད་ལམ་ལ་སོགས་པའི་གནོད་པ་ཀུན་ཀྱང་དུས་ཐམས་ཅད་དུ་སྤང་བར་བྱ་དགོས་པའི་དོན་ནོ། །གསུམ་པ་སྨན་བཤད་པ་ལ། ཐང་དང་ཕྱེ་མ་གཉིས་ལས། དང་པོ་ནི། སྨན་དུ་ཞེས་རྐང་པ་བཞིས་བསྟན་ཏེ། བད་ནད་ཅན་གྱི་སྨན་ལ་ཐོག་མར་རྩེ་གཞིལ་བར་བྱེད་པ་སྟེ་ནད་ཀྱི་དབལ་ཅུང་ཟད་བཅོམ་པ་ལ་རྒྱམ་ཚྭ་གསུམ་ཐང་ངམ། ཡང་ན་རྒྱམ་ཚྭ་བཞི་ཐང་གང་རུང་བཏང་བའི་སྒོ་ནས་བཅོས་དགོས་པ་ལས་དེ་ཡང་རྒྱམ་ཚྭ་དང་བྲེ་ག་དང་པི་པི་ལིང་སྟེ་རྒྱམ་ཚྭ་སུམ་ཐང་ངམ། ཡང་ན་པི་པི་ལིང་དང་ཕོ་བ་རིས་དང་བཅའ་སྒ་སྟེ་ཚ་བ་གསུམ་དང་རྒྱམ་ཚྭ་བཞིའི་ཐང་ལ་སོགས་པ་བསྡུས་པའི་ཁུ་བ་ཚན་མོ་བཏང་བར་བྱ་དགོས་པའོ། །གཉིས་པ་ཕྱེ་མའི་སྦྱོར་བ་བཤད་པ་ནི། ཕྱེ་མ་ཞེས་སོགས་རྐང་པ་བཅོ་ལྔས་བསྟན་ཏེ། བད་ཀན་གྱི་ནད་ལ་སྨན་ཕྱེ་མ་སེ་འབྲུ་བཞི་པ་དང་བརྒྱད་པ་དང་དྭ་ལི་བདུན་པ་དང་རྒོད་མ་ཁ་རྣམས་ཕྱི་རྒྱུད་ལྟར་སྦྱོར་བའམ། ཡང་ན་ཚ་བ་ལྔ་ནི། ལག་ལེན་རིན་ཅེན་གཏེར་སྤུངས་སུ། ཕོ་བ་རིས་དང་པི་པི་ལིང༌། སྒ་ལ་ཚ་བ་གསུམ་ཞེས་བརྗོད། ཙི་ཏྲ་ཀ་དང་དབྱི་མོང་བསྣམ། དེ་ལ་ཚ་བ་ལྔ་ཞེས་བཤད། ཅེས་སོ། །ཟླ་ཟེར་དུ་ཚ་བ་ལྔ་ནི། པི་པི་ལིང༌། པི་ལིང་མཱུ་ལ། དབྱི་མོང༌། ཙི་ཏྲ་ཀ སྒའོ། །ཞེས་པར་བཞེད་པ་དེ་རྣམས་དང་ཁ་རུ་ཚྭ་ཡི་ཕྱེ་མས་བད་ཀན་མ་ཞུ་བ་དང་ལྷེན་དང་ལྕགས་དྲེག་དང་དང་ག་མི་བདེ་བ་རིམ་གྱིས་འགྲིབ་པ་མེ་དྲོད་ཉམས་པ་དང་གྲང་ནད་སྟོང་པ་ལ་ཕན་ཅིང༌། ཡང་ན་སེ་འབྲུ་བཞི་པའི་སྟེང་དུ་ཟི་ར་ནག་པོ་ཁ་རུ་ཚྭ་དང་བཅའ་སྒ་རྣམས་ཀྱི་ཕྱེ་མས་མེ་དྲོད་བསྐྱེད་ཅིང་ཡི་ག་འབྱེད་པ། ཟས་རྣམས་འཇུ་སླ་ལ་སྒྲེག་པ་དང་ཕོ་བའི་ཟུག་གཟེར་ཀུན་འཇོམས་པར་བྱེད་དོ། །གོང་གི་ཚ་བ་ལྔ་དང་སེ་འབྲུ་བཞི་པ་དང་བྱི་ཏང་ག་དང་རྒྱམ་ཚྭ་ཁ་རུ་ཚྭ་རྣམས་ཕྱེ་མས་བད་ཀན་གྲང་བའི་ནད་མ་ལུས་པར་འཇོམས་ཤིང༌། བད་ཀན་ནད་དེ་སྨན་གྱིས་མགོ་ནོན་རུང་རྩ་བ་ནས་ནད་ལྷག་མ་ཐོན་ན། ཕྱེ་མའི་སྦྱོར་སྡེ་དེ་ཀུན་ལ་བུ་རམ་དཀར་པོའི་རྟ་དང་སྦྱར་བ་ཆུ་སྐོལ་གྱིས་དབུལ་ན་ཤིས་པ་ཡིན་ནོ། །གྱེན་དུ་སྐྱུགས་དང་ཐུར་དུ་འཁྲུ་གཉིས་གང་ཉེའི་ལམ་ནས་སྦྱང་བར་བྱ་ཞིང་དེ་ཡི་རྗེས་ལ་ནད་ཀྱི་ལྷག་མ་ལ་གང་འཕྲོད་ཀྱི་ཕྱེ་མས་ནད་གཞུག་འདོན་ནོ།

        གཉིས་པ་བད་ཀན་དཔྱད་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་གཉིས་ཏེ། འཇམ་པོའི་དཔྱད་དང༌། རྩུབ་དཔྱད་བསྟན་པའོ། །དང་པོ་འཇམ་པོའི་དཔྱད་བསྟན་པ་ནི། དཔྱད་དུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བད་ནད་ཤིན་ཏུ་ཚབས་ཆེ་བ་ལ་དཔྱད་དུ་ལན་ཚྭ་དང་བོང་བུའི་སྤུ་དང་གཡི་སྤྱང་གི་པགས་དུགས་རྣམས་མེ་ལ་བསྲོས་པས་དུགས་བསྟེན་པར་བྱའོ། །གཉིས་པ་དྲག་པོའི་དཔྱད་ལ་གྲང་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གོང་གི་སྨན་དཔྱད་གང་གིས་ཀྱང་མ་ཕན་པར་གྲང་ནད་དེ་ཉིད་ཤིན་ཏུ་རྒྱས་ན་ཚིགས་པ་གསུམ་པ་དང་དྲུག་པ་དང་བཅུ་གཉིས་པ་དང་མདུན་གྱི་ལྷེན་དང་མེ་ཉམས་སུ་མེ་དང་ཐུར་མ་བྱའོ། །གཉིས་པ་བྱེ་བྲག་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་དང་འབྲུ་གཉིས་ཀྱིས་བསྟན་ཏེ། བྱེ་བྲག་གི་བཅོས་ཐབས་དེ་ལའང་རིགས་དང་གནས་དང་ནང་ཚེགས་དང་གཞན་དབང་ཅན་བཤད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རིགས་ཀྱི་ཞེས་འབྲུ་བཞི་དང་རྐང་པ་ལྔ་བཅུ་ང་བཞིས་བསྟན་ཏེ། དང་པོ་རིགས་དྲུག་རིམ་གྱིས་བཅོས་པ་ནི་དང་པོ་བད་ཀན་ལྷེན་གྱི་ནད་ལ་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། རྒྱམ་ཚྭ་དང་ཁ་རུ་ཚྭ་དང་ལྔ་བསྐོལ་བའི་ཐང་བཏང་ཞིང་ལན་ཚྭའམ་ཡང་ན་བོང་བ་བསྲེགས་པའི་དུགས་ཀྱིས་ཡང་ཡང་བདུག་ཅིང༌། དེས་ཀྱང་མ་སེལ་ན་ཕྱི་རྒྱུད་ཚ་བསྲེགས་ཀྱི་སྦྱོར་བ་བཏང་བར་བྱ་ཞིང་སྨན་དེ་ཉིད་ཀྱི་རྗེས་ལ་སྐྱུགས་ཀྱིས་དྲང་ཞིང་ལྷེན་སྣའི་རྩེ་ནས་ཐུར་དུ་མཚོན་གང་གིས་གསང་ཁ་གསུམ་ལ་མེས་བསྲེག་གོ །གལ་ཏེ་ལྷེན་དེ་ཉིད་རྒྱ་ཆགས་ནས་སྐྲན་ལྟ་བུར་འདྲིལ་བས་ན་མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་སྲན་ཆུང་ལ། ཁ་ཟས་གང་ཡང་ལེན་དུ་མི་སྟེར་ཅིང་ཟོས་ཚད་སྐྱུག་པ་འདི་ཉིད་བད་ཀན་ལྷེན་སྐྲན་ཞེས་བྱ་བ་སྟེ། ཅོང་ཞི་དེ་ཉིད་སོལ་བའི་མེ་ལ་ཚོས་པར་བསྲེག་པ་དེ་ཉིད་དར་བར་བཅུག་ལ་ངད་བསད་པའི་ཐལ་བ་དང་བྱ་རྒོད་བྲུན་དང་ཨ་རུ་ར་དང་པི་པི་ལིང་དང་ལྷན་ཅིག་ཏུ་སྦྱར་བ་ཀ་རས་སྨན་རྟ་བྱས་ལ་ཆུ་སྐོལ་གྱིས་ཕུལ་ལ་བཏང་བས། མ་ཞུ་བ་དང་ལྷེན་གྱི་སྐྲན་རྣམས་ཐལ་བར་རློག་པར་བྱེད་ལ། ཡང་ན་རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ་ཁ་རུ་ཚྭ་ཙབས་རུ་ཚྭ་རྭ་ཚྭ་ཤིང་ཚྭ་མཛེ་ཚྭ་ཐལ་ཚྭ་ཡ་བཀྵ་ར་རྣམས་ཐུན་གཅིག ཚ་བ་གསུམ་ཐུན་གཅིག འབྲས་བུ་གསུམ་ཐུན་གཅིག་སྟེ་ཐུན་གསུམ་པོ་ཆ་མ་ཉམས་པའི་ཚ་བའི་རིལ་བུས་ལྷན་བཤིགས་ལ་ཞིག་ཚར་ནས་ནད་རོ་དེ་བཤལ་ལམ་ཡང་ན་སྐྱུགས་ཀྱིས་སྦྱང་ངོ༌། །བད་ཀན་ལྕགས་དྲེག་ཆགས་ན་ཅོང་ཞིའི་ཐལ་སྨན་སྦྱར་ཞིང༌། ཡང་ན་གོང་གི་ཐལ་བའི་སྟེང་དུ་རྒོད་གཡག་གི་རྭ་དང་སྔོ་ཡི་ཚ་བ་གསུམ། ཤུ་དག་ཤིང་ཀུན་རྣམས་གཅན་གཟན་གྱི་ཤ་ཁུ་དང་ཆང་གིས་སྦྲུ་ཞིང་ཕྱི་རྒྱུད་ལྟར་ནུས་ལྡན་དུ་བསྲེགས་པའི་ཐལ་སྨན་རྣོན་པོ་དེ་བསྟེན་ལ་བརྐོའོ། །དེ་འོག་ཏུ་བཤལ་དང་སྐྱུགས་ཀྱིས་སྦྱངས་པའི་རྗེས་ལ་ཕྱི་རྒྱུད་སེ་འབྲུ་བཞི་སྦྱར་བཟའ་ལ། དེ་ལྟར་ནད་ཞི་བ་དཀའ་ན་ཕོ་བའི་གསང་དགུ་དང་ཚིགས་པ་བཅུ་གཉིས་པ་མདུན་དང་རྒྱབ་ལ་མེ་ཡིས་བསྲེག་གོ །མེ་ཉམས་ནད་ལ་ཕྱི་རྒྱུད་རྒོད་མ་ཁ་ཡི་ཕྱེ་མ་སྦྱོར་ཞིང༌། སེ་འབྲུ་དང་གོང་ལྟར་ཚ་བ་ལྔ་དང་བཟང་པོ་གསུམ་ནི་བརྡ་སྤྲོད་དུ། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དང་གསུམ་ལ་བཞེད་པ་ལྟར་དང་བྱི་ཏང་ག་དང་སྔོ་ཚ་བ་སྲུབས་ཀ་དང་ཀ་ར་ཞེས་འཇམ་འབྲས་སོ། རྒྱམ་ཚྭ་དང་ཁ་རུ་ཚྭ་དང་བུ་རམ་རྣམས་སྦྱར་ལ་ཆུ་སྐོལགྱིས་ཕུལ་བས་ཕོ་བའི་མེ་དྲོད་བསྐྱེད་ཅིང༌། ཡང་ན་རྒྱམ་ཚྭ་ཐུན་གཅིག་དང་ལ་ལ་ཕུད་ཐུན་གཉིས་དང་ཨ་ཟ་མོ་ཞེས་དབྱི་མོང་ཐུན་གསུམ་དང་པི་པི་ལིང་ཐུན་བཞི་དང་བཅའ་སྒ་ཐུན་ལྔ་རྣམས་ནི་རིམ་པས་ཆ་བསྐྱེད་ལ། དེ་རྣམས་ཀུན་དང་མཉམ་པའི་ཨ་རུ་ར་ནུས་ལྡན་བསྲེགས་པའི་ཐལ་སྨན་དང་སྦྱར་བའི་ནུས་པ་མེ་ནི་མངོན་སུམ་ཉིད་དང་མཚུངས་དེ་ཕོ་བའི་མེ་དྲོད་བསྐྱེད་པའི་མཆོག་ཡིན་ནོ། །ཤིང་ཀུན་དང་ཁ་རུ་ཚྭ་དང་གོང་ལྟར་ཚ་བ་གསུམ་དང༌། སྒོག་སྐྱ་རྣམས་མར་རྙིང་པ་ལ་སྦྱར་ནས་རེང་བུས་ཞེས་རྩ་ལམ་ལ་ཡར་བཏང་བས་མེ་དྲོད་ལྷག་པར་བསྐྱེད་ཅིང་ཚིགས་པ་བཅུ་གཉིས་དང་ལྷེན་གསང་ནས་ཐུར་དུ་མཚོན་གང་མེ་ཉམས་གསང་ལ་མེ་དང་ཐུར་མ་བྱའོ། །བད་ཀན་མིད་འཆུས་སམ་མགུལ་འགགས་ཀྱི་ནད་ལ་ཚ་བ་ལྔ་དང༌། ཛཱ་ཏི་ལི་ཤི་སུག་སྨེལ་ཀ་ཀོ་ལ་རྣམས་བཟང་པོ་བཞི་རུ་བཞེད་པ་དང་ཤིང་ཀུན་དང་བྱི་ཏང་ག་དང༌། རྒྱམ་ཚྭས་སྣ་དྲངས་ཏེ་ཚྭ་རིགས་རྣམས་སྣ་ཚོགས་ཚད་དང་སྲུབ་ཀ་དང་ལྕེ་ཚའི་ཕྱེ་མ་རྣམས་སྦྲང་རྒོད་ཅེས་པ་དུག་གཡའ་ཡོད་པ་ཟོས་ན་ཟི་ཡོང་བ་དེ་ལ་སྦྱར་བ་དང༌། ཅོང་ཞི་སོལ་མེ་ལ་བསྲེགས་ནས་དར་བར་ངད་བསད་བཏུལ་བའི་ཐལ་སྨན་དང་ཡང་ན་གོང་གི་རྣོན་པོའི་སྦྱོར་བ་རྣམས། ནང་ནུབ་གཉིས་སུ་ལྟག་པ་སྤྲད་ལ་ཆུ་སྐོལ་གྱིས་དབུལ། ཉ་ཡི་ཤ་དང་ཨོལ་གོང་པའི་ཚ་བ་སྟེ་ལུག་གི་ལྟོ་སྟོང་པར་བྱས་པའི་ཤ་ཚོད་ཁོང་དུ་བཏང་ཞིང༌། སྨན་དེ་རྣམས་ཀྱི་རྗེས་ལ་བཤལ་སྐྱུགས་གཉིས་སྦྲགས་ལ་ཡང་ཡང་དུ་སྦྱང་བར་བྱ་ཞིང༌། ལྷེན་སྣའི་རྩེ་ནས་མཚོན་གང་ན་ལྷེན་གསང་དང་སྐེ་སྟོང་དང་ཚིགས་པ་བཞི་པ་རྣམས་མེ་ཡིས་བསྲེག་གོ །བད་ཀན་གྲུམ་བུ་དཀར་པོ་བཅོས་པ་ནི། རྡོའམ་ཡང་ན་བྱ་བྲ་ཞེས་གཡུ་ཐོག་པ་དང་བྱ་བ་བཀྲ་ཤིས་རྣམ་རྒྱལ་ཕུག་རོལ་གྱི་བྲུན་བསྲོས་པའི་དུགས་ཀྱི་བདུག་པར་བཞེད་ཅིང་ཤིང་ཀུན་དང་རྒྱ་ཚྭ་དང་དབྱི་མོང་གསུམ་སྐོལ་བའི་ཐང་བཏང༌། སུག་སྨེལ་དང་རུ་རྟ་དང་རྒྱམ་ཚྭ་དང་པི་པི་ལིང་དང་གླ་རྩི་དང་བྱི་ཏང་ག་ཡི་ཕྱེ་མ་རྣམས་བསྟེན་ཅིང༌། སེ་འབྲུ་དང་སྒ་པི་ཕི་ལིར་ཕོ་རིས་ཏེ་ཚ་བ་གསུམ་དང་ཨ་རུ་ར་དང་རྒྱམ་ཚྭ་མ་ནུ་དང་འུ་སུ་དང་ད་ཏྲིག་དང་མ་རུ་རྩེ་རྣམས་སྨན་རྟ་བུ་རམ་མམ་ཡང་ན་སྦྲང་དང་སྦྱར་ལ་བཏང་ཞིང༌། ཁྱད་པར་རླན་མེད་པའི་དྲོ་བའི་སར་བཅག་པ་བསྔགས་པ་ཡིན་ནོ། །བད་ཀན་འཇུ་སྐེམས་ལ་སྨན་བཅའ་སྒ་ཁ་རུ་ཚྭ་དང་ཨ་རུ་དང་སྐྱུ་རུ་རྣམས་བུར་དཀར་དང་སྦྱར་ལ་བཏང་ཞིང་སྤྱང་ཚེར་གྱིས་སྐྱུགས་བྱ་ཞིང་ལྷེན་སྣའི་རྩེ་ནས་མཚོན་གང་ལྷེན་གསང་མེས་བསྲེག་གོ བཤད་མ་ཐག་པའི་བད་ཀན་རིགས་དྲུག་དེ་ཀུན་ལ་ཟས་དང་སྐོམ་ལ་སོགས་པ་ཡང་ལ་དྲོ་བ་ཆུང་ངུའི་སྒོ་ནས་བཅོས་པར་བྱའོ།།

        གཉིས་པ་བྱེ་བྲག་གནས་ཀྱི་བཅོས་བཤད་པ་ནི། པགས་གྲམས་ཞེས་རྐང་པ་བཞི་བཅུ་ཞེ་དགུས་བསྟན་ཏེ། བད་ཀན་དེ་ཉིད་པགས་པ་གྲམས་པར་གྱུར་ན་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་ཟོ་མར་ལ་སྦྱར་བ་བྱུགས་ལ་ཉི་མར་བསྲེག་ཅིང་ལག་པས་མཉེ་བ་སྟེ་ཕུར་ཞིང་བྱུག་པས་ཀོར་ལེ་མ་ལུས་པར་འཐེམ་པར་བྱ་བའོ། །ཤར་རྒྱས་ན་ལུག་དང་གཡག་རྒོད་སོགས་ཨོལ་གོང་པ་ལས་བྱས་པའི་ཚ་བ་སྟེ་ཚོད་མ་བཏང་བ་དང༌། སྨན་དུ་ཕྱི་རྒྱུད་ནས་གསུངས་པའི་སེ་འབྲུ་བཞིའི་སྟེང་དུ་སྒ་དང་ཛཱ་ཏི་གུར་གུམ་དང་ཀ་ཀོ་ལ་བཞི་བསྟན་པ་ལ་སེ་འབྲུའི་ཕྱེ་མ་བརྒྱད་པ་སྦྱར་བ་བཏང་ཞིང་ལྟོ་འགུག་ཅིང་རྩོལ་བ་སྤྱད་པ་དང༌། རྩར་རྒྱུ་ན་ཚྭ་སྣ་ཚོགས་ཚད་ཀྱི་ཐང་བཏང་ཞིང་མེ་བཙའ་དང་དྲོད་དུགས་བསྟེན་ནོ། །རུས་ལ་ཞེན་ན་བུ་རམ་ལས་བྱས་པའི་ཆང་ལ་ཚ་བ་གསུམ་སྦྱར་ལ་བཏང༌། བྱ་གྲ་སྟེ་ཕུག་རོན་གྱི་བྲུན་བསྲོས་པའི་དུགས་བྱ་ཞིང་བོང་བུའི་ཤ་བཟའ་བ་དང༌། ཟོ་མར་བྱུགས་ལ་མཉེ་ཞིང་ཚིགས་དམིགས་གྲང་སར་བསྲེག་གོ །གློ་བ་དང་སྙིང་སོགས་དོན་གང་ལ་བབས་ཀྱང་སྐྱུགས་ཀྱིས་དྲངས་ལ་དེའི་རྗེས་ལ་སེ་འབྲུ་བཞི་པ་གཙོ་བོར་བྱས་ལ། སྙིང་ལ་ཛཱ་ཏི་དང་ཤིང་ཀུན་དང་ཁ་རུ་ཚྭ་དང༌། གློ་བ་ལ་སྟར་བུ་དང་ལི་ཤི་དང་ཅུ་གང་སྟེ། སྦྲང་དང་བུར་དཀར་གྱིས་རྟ་བྱས་ལ་ཆུ་སྐོལ་གྱིས་དབུལ་ལ་བཏང་བའམ་ཡང་ན་སྙིང་ལ་ཛཱ་ཏི་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སུག་སྨེལ་དང་ཟི་ར་ནག་པོ་དང་ཀ་ཀོ་ལ་དང་བཅས་པ་རྣམས་རྟ་བུར་དཀར་དང་སྦྱར་བ་བཏང༌། གློ་ལ་སེ་འབྲུ་དང་ཚ་བ་གསུམ་དང་ཟི་ར་དཀར་ནག་གཉིས་དང་ཤིང་ཚ་དང་སུག་སྨེལ་དང་བཅས་པ་བུ་རམ་དང་སྦྱར་ལ་བཏང་བར་བྱའོ། །དེའི་རྗེས་དཔྱད་ཚིགས་པ་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་རྣམས་བསྲེག་གོ །མཆིན་པར་བབས་ན་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སེ་འབྲུ་དང་ཤིང་ཚ་དང་ཁ་རུ་ཚྭ་དང་གུར་གུམ་དང་བཅས་པར་ཞིབ་པར་བཏགས་པའི་ཕྱེ་མ་ཀ་ར་དང་སྦྱར་བ་བཏང་ཞིང་ཚིགས་པ་དགུ་པ་མེ་ཡིས་བསྲེག་གོ །མཚེར་པར་བབས་ན་སེ་འབྲུ་རྒྱམ་ཚྭ་དང་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་ཐལ་ཚྭ་དང་ཁ་རུ་ཚྭ་དང་ལྕེ་མྱང་ཚྭ་དང་བཅས་པ་བུར་དཀར་གྱིས་རྟ་དང་སྦྱར་ལ་བཏང་ཞིང་ཚིགས་པ་བཅུ་གཅིག་པ་མེ་ཡིས་བསྲེག་གོ །མཁལ་མར་བབས་ན་ལན་ཚྭ་དང་བྱེ་མ་བསྲོས་པ་དང་གཡི་སྤྱང་གི་སྤུ་དུགས་བསྟེན་པར་བྱའོ། །སྨན་དུ་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སུག་སྨེལ་དང་རྒྱ་ཚྭ་དང་ལྕམ་པ་དང་སྡིག་སྲིན་དང་གསེར་གྱི་བྱེ་མ་དང་ཨ་འབྲས་དང་སྲ་འབྲས་དང་འཇམ་འབྲས་ཏེ་འབྲས་སྣ་གསུམ་དང་བཅས་པ་ཞིབ་པར་བཏགས་པའི་ཕྱེ་མ་བུ་རམ་ལས་བྱས་པའི་ཆང་གིས་དབུལ་ལ་བཏང་ངོ༌། །ཁ་ཟས་སུ་གསའ་དང་སྤྱང་ཀི་དང་སྲམ་དང་བོང་བུའི་ཤ་རྣམས་བསྟེན་པར་བྱའོ། །དེ་རྗེས་ལ་ཚིགས་པ་བཅུ་བཞི་པ་སྤྲ་བའི་མེས་མནན་ཕོ་བར་ལྷུངས་ན་ཕྱི་རྒྱུད་སེ་འབྲུ་ལྔ་པའམ། ཡང་ན་ཁ་རུ་ཚྭ་དང་ད་ཏྲིག་དང་ཤིང་ཀུན་རྣམས་ཕྱེ་མ་སྦྱར་བར་བྱའོ། །དེའི་རྗེས་ལ་མདུན་རྒྱབ་གཉིས་སུ་གང་ལ་བབས་པའི་གསང་དུ་མེས་བསྲེག་གོ །རྒྱུ་ལོང་དུ་ལྷུང་ན་ཤིང་ཚ་དང་པི་པི་ལིང་བཅའ་སྒ་དང་ཕོ་བ་རིས་དང་ཙི་ཏྲ་ཀ་དང་དབྱི་མོང་སྟེ་ཚ་བ་ལྔ་བྱི་ཏང་ག་དང་ཤིང་ཀུན་དང་ཁ་རུ་ཚྭ་དང་བཅས་པ་རྟ་བུ་རམ་དང་སྦྱར་ལ་བཏང་ཞིང་མདུན་གྱི་ལོང་གསང་དང་རྒྱབ་ཀྱི་ཚིགས་པའི་རང་གསང་ལ་མེས་བསྲེག་གོ །མཁྲིས་པར་ལྷུང་ན་ཕྱི་རྒྱུད་སེ་འབྲུ་བཞི་པ་དང་རྒྱམ་ཚྭ་དང༌། གསེར་གྱི་མེ་ཏོག་དང་སྒ་སྐྱ་རྣམས་སྦྱར་བའི་ཕྱེ་མ་གཉིས་ལྟག་པ་སྤྲད་ལ་བཏང་ངོ༌། །དེ་རྗེས་ཕྱི་རྒྱུད་ནས་གསུངས་པའི་མཁྲིས་སྦྱོང་བྱ་ཞིང་དཔྱད་དུ་ཚིགས་པ་དགུ་པ་དང་བཅུ་པ་མེས་བསྲེག་གོ །ལྒང་པར་ལྷུང་ན་རྒྱ་ཚྭ་དང་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་སུག་སྨེལ་དང༌། ལྕམ་པ་དང་བཅས་པ་ཆང་གི་རྟ་དང་སྦྱར་ལ་བཏང་བའོ། །མངལ་དུ་ལྷུངས་ན་ཕྱི་རྒྱུད་ཐལ་སྨན་ལེའུར་གསུངས་པའི་ཐུན་གསུམ་ཚ་བའི་རིལ་བུ་སྦྱར་ལ་བཏང་ཞིང༌། ལན་ཚྭ་བོང་ང་སོགས་མེ་ལ་བསྲོས་པའི་དྲོད་དུགས་དང་ལྒང་གསང་ལ་མེ་བཙའ་གདབ་ཅིང་བ་སྤྲུ་གཙོ་བོར་བྱས་པའི་རྩ་བ་ལྔའི་ཆང་ཕྱི་རྒྱུད་སྨན་ཆང་ལེའུར་གསུངས་པ་དང༌། ཁ་ཟས་བོང་བུའི་ཤ་ལ་སོགས་པ་བསྟེན་པར་བྱ་དགོས་སོ། །མགོ་བོར་ཞུགས་ན་ཕྱི་རྒྱུད་སྐྱུགས་ཀྱི་ལེའུར་གསུངས་པའི་སྐྱུགས་བྱ་ཞིང་སེ་འབྲུ་བརྒྱད་པར་སྦྱར། སེ་འབྲུ་བཞིའི་སྟེང་དུ། སྒ་ཛཱ་ཏི་གུར་གུམ་ཀ་ཀོ་ལ་བསྣན་ལ་བཏང་བར་བྱའོ། །མིག་ལ་ཞུགས་ན་ར་གན་མེ་ལ་བསྲེགས་པའི་དུད་པ་བྱུགས་ཤིང་ཁ་ཟས་སུ་ཉ་ཤ་བཏང་ངོ༌། །རྣ་བར་ཞུགས་ན་ཤིང་ཀུན་དང་རྒྱ་ཚྭ་ཆུ་ལ་སྦྱར་བ་བླུག་གོ །སྣ་ལ་ཞུགས་ན་སྣ་སྦྱོང་གཏོང་ཞིང༌། ཡན་ལག་བརྒྱད་པར། ཡུང་བ་ལྡོང་རོས་བ་བླ་དང༌། །རྒྱ་སྐྱེགས་ཙན་དན་དཀར་པོ་དང༌། །འབྲས་བུ་གསུམ་གྱི་དུད་པ་བདུག །ཅེས་གསུངས་པའི་དུད་པ་རྣོན་པོས་བདུག་གོ །ལྕེ་ལ་ཞུགས་པ་ལ་ཀོང་སྟོན་ལྟར་ན་དྲོད་སྨན་སོགས་ཚ་བའི་རོའི་སྨན་ཁུས་ཁ་བཀང་ཞེས་དང༌། བྱ་བ་ལྟར་ན་སེ་འབྲུ་རྒྱམ་ཚྭ་ཚ་བ་གསུམ་སྐོལ་ཞིང་བསྡུས་པའི་ཁུ་བ་ཚ་བའི་མཁུར་བཀང་བཅངས་ཞེས་སོ།།

        གསུམ་པ་ནང་ཚེགས་སམ་བྱེ་བྲག་གི་བཅོས་བཤད་པ་ནི། བྱེ་བྲག་ཅེས་རྐང་བ་བཅུ་གསུམ་གྱིས་བསྟན་ཏེ། བྱེ་བྲག་ནང་ཚེགས་ཀྱི་བད་ཀན་རྟེན་བྱེད་ལ་སྤྱང་ཚེར་སོགས་ཀྱིས་སྐྱུགས་བྱ་བ་དང་ཕྱི་རྒྱུད་སེ་འབྲུ་ལྔ་པའམ། ཡང་ན་ཅོང་ཞི་དྲུག་པ་སྦྱར་བའི་ཕྱེ་མ་བསྟེན་ཞིང༌། ཚིགས་པ་བརྒྱད་པ་མེས་བསྲེག་གོ མྱག་བྱེད་ལ་སེ་འབྲུ་བརྒྱད་དམ་ཡང་ན་རྒྱམ་ཚྭ་བཞི་པའི་ཏྲེས་སམ་སྟེ་ཕྱེ་མ་སྦྱར་ལ་བཏང་བར་བྱའོ། །དཔྱད་དུ་ཚིགས་པ་བཅུ་གསུམ་པ་དང་དགུ་པ་དང་ཕོ་བའི་གསང་དགུ་གང་རིགས་མེས་བསྲེག་གོ །མྱོང་བྱེད་ཀྱི་ནད་ལ་འབྲས་བུ་གསུམ་གྱི་ཐང་བཏང་ཞིང༌། སྟར་བུ་དང་སྒེ་གཤེར་ཏེ་སྒ་རློན་པ་དང་ཤིང་མངར་དང་འབྲས་བུ་གསུམ་རྣམས་སྦྲང་དང་སྦྱར་ལ་བཏང་སྟེ་སྐེ་སྟོང་དང་ཚིགས་པ་དང་པོ་མེས་བསྲེག་ཚིམ་བྱེད་ལ་སྐྱུགས་བྱ་ཞིང་སྣ་སྨན་ཤིང་མངར་དང་མར་དང་ཏིལ་དང་ལ་ཕུག་དང་བཞི་པ་བཏང་ཞིང༌། མཚོག་མའི་གསང་གཏར་དབྱེ་ལ་མགོ་བོའི་འདུས་སོ་གསུམ་དུ་མེས་བསྲེག་གོ །འབྱོར་བྱེད་ལ་ཨ་རུ་གླ་རྩི་སྒ་བོ་ཆེ་བོང་ཁྲག་ཀ་རའི་ཕྱེ་མ་བཏང་བར་བྱ་ཞིང༌། །ཐལ་དཀར་རྡོ་རྗེ་ཟོ་མར་དང་སྦྱར་ལ་བསྐུ་ཞིང་མཉེ་བ་དང༌། ཆུ་སེར་གང་མེར་བའི་སར་རྔབས་རུ་དང་མེ་དང་ཐུར་མ་བྱ་བ་ཡིན་ནོ། །བད་ཀན་དེ་ཉིད་རླུང་མཁྲིས་གཉིས་གང་དང་འབྲེལ་ཡང༌། དེ་དང་དེའི་གཉེན་པོ་བསྟེན་པར་བྱའོ། །བཞི་པ་གཞན་རྒྱུད་ཅན་ལའང་གཉིས་ལས། དང་པོ་ནི། གཞན་དབང་ཞེས་རྐང་པ་ལྔས་བསྟན་ཏེ། གཞན་དབང་ཅན་གྱི་བད་ཀན་སེར་པོ་བཅོས་པ་ལ། བཅའ་སྒ་རྒྱམ་ཚྭ་ཨ་རུ་པི་པི་ལིང་དང་བཞི་ཆ་མཉམ་དུ་སྦྱར་བའི་ཐང་དང་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་རྒྱམ་ཚྭ་གསེར་གྱི་མེ་ཏོག་ཨ་རུ་ར་དོམ་མཁྲིས་བརྒྱད་པ་བསྡེབས་ལ་བཏང་བས་མ་ཞུ་མིག་སེར་སེལ་བར་བྱེད་པ་སྦྱར་རོ། །གསེར་ཕུད་རི་ཤོ་རྒྱམ་ཚྭ་པི་པི་ལིང་དུར་བྱིད་ལྔའི་སྐྱུགས་དང༌། མ་ནུ་ཨ་རུ་སླེ་ཏྲེས་ཀནྜ་ཀ་རི་དོང་ག་ལྕུམ་རྩ་རྣམས་ཀྱི་དྲོད་བཤལ་བཏང་ལ། གསེར་མདུང་གཏར་ཞིང་ཅོང་ཞི་དྲུག་པ་སྦྱར་ཞིང་ཤ་གསར་མར་གསར་དང་བ་དང་མཛོའི་བཞོས་ཐོག་འོ་མ་བསྟེན་ནོ། །གཉིས་པ་ནི། བད་ཀན་ཞེས་སོགས་རྐང་པ་བཞིས་བསྟན་ཏེ། བད་ཀན་སྨུག་པོ་ལ་སེ་འབྲུ་དང་བསེ་གཡབ་དང་སྟར་བུ་དང་སྐྱུ་རུ་ར་དང་སྒ་སྐྱ་དང་མ་ནུ་འུ་སུ་ཨུཏྤལ་དང་པི་པི་ལིང་རྣམས་ཀ་ར་དང་སྦྱར་ལ་ཆུ་སྐོལ་གྱིས་ཕུལ་ལ་བཏང་ངོ༌། །གསུམ་པ་མཇུག་བསྡུ་བ་ནི་སྤྱིར་ན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། སྤྱིར་ན་བད་ཀན་དེ་ཉིད་ལྕི་ལ་བརྟུལ་ཞིང་བསིལ་བའི་ཕྱིར། ཁོང་ནད་ཀུན་གྱི་རྩ་བ་ཐམས་ཅད་བད་ཀན་གྱིས་བྱེད་ལ། ཤ་དང་པགས་པ་དང་རྩ་དང་ཚིགས་སོགས་ཕྱི་རུ་བྱེར་བ་ཉུང་ཞིང༌། བད་ཀན་རང་གི་གནས་ལས་རླུང་མཁྲིས་ཀྱི་གནས་གཞན་དུ་ཞུགས་པ་དཀོན་ནོ། །བད་ཀན་ཕལ་ཆེར་མ་ཞུ་བ་ཕོ་བར་རྒྱས་པའི་དུས་ཞིང་ས་དང་འདྲ་ལ་དེ་ཕྱིར་ཕོ་བའི་ཁ་འཛིན་ལ་ཤིན་ཏུ་གཅེས་པ་ལྟར་བཅོས་པ་ཡིན་ནོ། །ཞེས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་སོ། །བད་ཀན་གྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ནོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་བད་ཀན་གྱི་ནད་གསོ་བའི་ལེའུ་བཤད་པ་སྟེ་བཞི་པའོ། །འདིར་ཞུས་ལེ་ཉེས་གསུམ་དང་བཅས་པའི་འབྲུ་གཉེར་བ་ཡིན་ལ། གཞན་རྣམས་ལའང་འབྲུ་གཉེར་འདི་བཞིན་བཀོད་ན་ལེགས་མོད་ཀྱང་མང་དོགས་རེ་ཞིག་འདི་མན་ལ་དཀའ་བའི་གནས་རྣམས་ཀྱི་འགྲེལ་པ་གང་བབས་ཞིག་འཆད་དོ།།

 

མཐའ་མའི་འདོན་ཐེངས་།: 01.09.2011 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།