སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011
ཕྱི་མ་རྒྱུད། >> ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།



ལེའུ་བཞི་པ། ཕྱེ་མའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཕྱེ་མའི་སྦྱོར་སྡེ་ཚ་སེལ་གྲང་སེལ་གཉིས། །ཚ་སེལ་ག་བུར་རྒྱལ་པོའི་སྦྱོར་བ་དང༌། །གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང༌། །གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང༌། །སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི།།

ཚ་བ་སྟོབས་རྒྱས་རྒྱལ་པོ་ག་བུར་སྦྱར། །དེ་རིགས་མང་དང་སྟག་ཟིལ་ཤེལ་དང་གསུམ། །མང་ནི་སེར་ལ་སྣ་རིང་མཉེན་ལ་ཡང༌། །ཡང་ན་དཀར་འཇམ་ཁ་བ་བསྒོངས་པ་འདྲ། །འཇམ་ལ་བསིལ་བས་རླུང་ལྡན་ཚད་པ་སེལ། །སྟག་ཟིལ་མདངས་སེར་སུལ་མང་ཕོ་ཅོང་འདྲ། །མང་བས་རྩུབ་བསིལ་ཚ་བ་ཀུན་ལ་རྒྱུག །ཤེལ་ནི་དཀར་ལ་ཀྲོན་ཏེ་འཁྱག་པ་འདྲ། །ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས། །ག་བུར་དེ་ལ་སྦྱར་བའི་ཐབས་དྲུག་སྟེ། །མི་རྒོད་ལྟ་བུར་གཅིག་པུར་རྐྱང་རྒྱུགས་དང༌། །དཔའ་བོ་ལྟ་བུར་མཚོན་ཆ་བསྐུར་བ་དང༌། །བཙུན་མོ་ལྟ་བུར་འཇམ་སྡེབས་བཙལ་བ་དང༌། །སྐྱེལ་མ་ལྟ་བུར་དགྲ་ཟུན་སྦྲག་པ་དང༌། །དམག་དཔོན་ལྟ་བུར་འཁོར་གྱིས་བསྐོར་བ་དང༌། །རྒྱལ་བུ་ལྟ་བུར་ཚོགས་སུ་འདོན་པའོ། །དང་པོ་ག་བུར་ཅུ་གང་ཆུར་སྦྱངས་པས། །རྒྱས་ཚད་སྟོབས་ཆེན་ཐོག་བབས་གསོད་པའི་མཆོག །གཉིས་པ་དེ་ལ་མཚོན་ཆ་བསྐུར་བ་ནི། །འཁྲུགས་ལ་ཙན་དན་རིམས་ལ་བོང་ང་དཀར། །ཁ་བསྒྱུར་ཀ་ར་སྦྱར་ལ་གངས་ཆུས་དབུལ། །ག་བུར་རྒྱལ་བློན་གསུམ་པ་ཞེས་བྱ་སྟེ། །འཁྲུགས་རིམས་ཚ་བ་རྒྱས་པ་རོལ་དུ་གསོད། །གསུམ་པ་ག་བུར་རྒྱལ་བློན་གསུམ་པ་ལ། །གུར་ཀུམ་གི་ཝཾ་བསྣན་པས་ལྔ་པ་དང༌། །གླ་རྩི་དོམ་མཁྲིས་བསྣན་པའི་བདུན་པ་ནི། །འཇམ་པས་རླུང་མི་འཁྲུག་ཅིང་ཚ་བ་འཇོམས། །བཞི་པ་ག་བུར་ཆང་དང་སྦྱར་བ་ནི། །རི་ཐང་མཚམས་སུ་རླུང་ཚད་དུས་གཅིག་འཇོམས། །ལྔ་པ་བདུན་དགུ་བཅུ་བཞི་སྦྱར་བ་ནི། །བདུན་པ་ག་བུར་ཙན་དན་དཀར་པོ་དང༌། །གི་ཝཾ་ཅུ་གང་གུར་གུམ་ཧོང་ལེན་དང༌། །ཏིག་ཏ་ཀ་ར་དཀར་པོ་བཞི་འགྱུར་སྦྱར། །སྟོད་གཟེར་འཁྲུགས་ཚད་རྒྱས་པ་སེལ་བར་བྱེད། །དགུ་པ་ག་བུར་ཙན་དན་ཅུ་གང་དང༌། །གུར་ཀུམ་དོམ་མཁྲིས་ཏིག་ཏ་ལི་ག་དུར། །ཧོང་ལེན་རྒྱ་སྐྱེགས་ཀ་རས་འགྲམས་འཁྲུགས་ནད། །སྟོད་གཟེར་ལུད་པ་དམར་སེར་དུད་ཁུ་འཇོམས། །བཅུ་བཞི་པ་ནི་ག་བུར་བཟང་པོ་དྲུག །ཙན་དན་བསེ་རུ་ཨུཏྤལ་ཨ་ག་རུ། །གླ་རྩི་ག་དུར་ཏིག་ཏ་ཀ་ར་སྦྱར། །རིམས་རྒྱས་ལུས་ལྕི་དྲན་ཉམས་འབོག་ལྐུགས་སེལ། །དྲུག་པ་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །ག་བུར་བཟང་པོ་དྲུག་དང་ཨ་ག་རུ། །ཙན་དན་དཀར་དམར་ཨུཏྤལ་གེ་སར་གཉིས། རུ་རྟ་ཟི་ར་དཀར་པོ་བ་ལེ་ཀ །ཤིང་ཚ་ཆུ་སྲིན་སྡེར་མོ་པུ་ཤེལ་རྩེ། །སྤང་སྤོས་རྡོ་དྲེག་དམར་པོ་འབུ་སུ་ཧང༌། །ཚ་གྲང་འབྲས་བུ་གསུམ་དང་ཚ་བ་གསུམ། །ཁ་བསྒྱུར་ཀ་ར་དཀར་པོ་དྲུག་འགྱུར་སྦྱར། །དོན་སྣོད་ཤ་ལྤགས་རྩ་རུས་ཚད་པ་དང༌། །འགྲམས་འཁྲུགས་རིམས་དུག་ཚད་པ་གསར་རྙིང་དང༌། །དྲེག་གྲུམ་མེ་དབལ་བྱང་ཁོག་ཐིགས་ཟགས་རྣག །ལུས་ལ་གནས་པའི་ཚད་པ་མ་ལུས་འཇོམས། །ཁྱད་པར་ཚད་རྙིང་བྱེར་བ་གཏིང་ནས་འདོན། །བློན་པོ་གུར་ཀུམ་བདུན་པའི་སྦྱོར་བ་ནི། །གུར་ཀུམ་ཅུ་གང་གི་ཝཾ་གཙོ་བོ་ལ། །ཛཱ་ཏི་ཨ་ག་རུ་དང་སྙིང་ཞོ་ཤ། །རུ་རྟ་བསྡེབས་པས་སྙིང་གི་ཚད་པ་སེལ། །ཤིང་མངར་རུ་རྟ་རྒུན་འབྲུམ་ཨ་ཀྲོང་བཞི། །བསྡེབས་པས་གློ་བའི་ཚད་པ་སེལ་བར་བྱེད། །ཨུཏྤལ་བ་ཤ་ཀ་དང་པྲི་ཡང་ཀུ། །བྲག་ཞུན་བསྡེབས་པས་མཆིན་པའི་ཚད་པ་སེལ། །གསེར་གྱི་མེ་ཏོག་ལི་ཤི་ཨ་རུ་ར། །པི་པི་ལིང་བསྡེབས་མཆེར་པའི་ཚད་པ་སེལ། །སུག་སྨེལ་བྲག་ཞུན་ཤུག་པ་ཚེར་མ་ཅན། །ཨ་རུ་ར་བསྡེབས་མཁལ་མའི་ཚད་པ་སེལ། །དོམ་མཁྲིས་བྲག་ཞུན་བོང་ང་དཀར་པོ་དང༌། །པྲི་ཡང་ཀུ་བསྡེབས་ཕོ་བའི་ཚད་པ་སེལ། །ཨིནྡྲ་བཞི་བསྡེབས་རྒྱུ་ལོང་སྣོད་ཚད་སེལ། །ཤིང་མངར་ལི་ག་དུར་དང་རེ་སྐོན་པ། །དོམ་མཁྲིས་བསྡེབས་པས་རྩ་ཡི་ཚད་པ་སེལ། །སྤྱི་ཞུར་འདམ་བུ་སྦལ་རྒྱབ་གངས་ཐིགས་བཞི། །བསྡེབས་པས་རུས་པའི་ཚད་པ་སེལ་བར་བྱེད། །སླེ་ཏྲེས་ཛཱ་ཏི་སྒོག་སྐྱའི་ཐལ་བ་དང༌། །གུ་གུལ་བསྡེབས་པས་རླུང་གི་ཚད་པ་སེལ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བོང་ང་དཀར་པོས་མཁྲིས་པའི་ཚད་པ་སེལ། །བསེ་ཡབ་སེ་འབྲུ་མ་ནུ་འུ་སུ་འམ། །སྟར་བུ་བསྡེབས་པས་བད་ཀན་ཚ་བ་སེལ། །ཧོང་ལེན་བ་ཤ་ཀ་དང་རེ་སྐོན་པ། །སྤང་རྩི་དོ་བོ་བསྡེབས་པས་ཁྲག་ཚད་སེལ། །དེ་བ་གསེར་གྱི་མེ་ཏོག་ལི་ག་དུར། །པར་པ་ཏ་བསྡེབས་རིམས་ཀྱི་ཚད་པ་སེལ། །ཀུན་ལ་ཀ་ར་དཀར་པོ་བཞི་འགྱུར་སྦྱར། །གུར་ཀུམ་བདུན་པས་ཚ་བའི་ནད་ཀུན་སེལ། །ཙན་དན་བསྣན་པས་ཙན་དན་བརྒྱད་སྦྱོར་ཏེ། །དེ་སྟེང་ག་བུར་བསྣན་པས་ག་བུར་དགུ། །ཚ་བ་ཐ་མ་འབྲིང་རབ་སེལ་བར་ངེས། །རྗེའུ་གཙོ་བོ་བརྒྱད་པའི་སྦྱོར་བ་ནི། །བསིལ་གྱི་གཙོ་བོ་གི་ཝཾ་ཙན་དན་དཀར། །རྩི་ཡི་གཙོ་བོ་ཅུ་གང་གུར་ཀུམ་གཉིས། །ཐང་གི་གཙོ་བོ་ཏིག་ཏ་བ་ཤ་ཀ །སྔོ་ཡི་གཙོ་བོ་ཧོང་ལེན་བོང་ང་དཀར། །ཀ་ར་དཀར་པོ་བཞི་འགྱུར་རྟ་ལ་བསྐྱོན། །དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི། །ཚད་པ་གསར་རྙིང་མ་ལུས་འཇོམས་པར་ངེས། །ཚ་སྟོབས་ཆེ་ན་དེ་སྟེང་ག་བུར་བསྣན། །གློ་མང་སོར་ན་ཤིང་མངར་ཨ་ཀྲོང་བསྣན། །གློ་འགོགས་དཀའ་ན་སྟར་བུ་རུ་རྟ་བསྣན། །ལུད་པ་དམར་ན་མཚལ་དང་དོམ་མཁྲིས་བསྣན། །སེར་ན་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། །དུད་ཁུ་ལི་ག་དུར་དང་གླ་རྩི་བསྣན། །སྐྱ་གསོབ་ཛཱ་ཏི་སྒོག་སྐྱ་ཨ་གར་བསྣན། །གཉན་གཟེར་གླ་རྩི་གུ་གུལ་ནག་པོ་བསྣན། །རིམས་རྒྱས་མིག་ཆུ་སེར་ལ་ཟ་ཟི་མང༌། །དེ་བ་གསེར་གྱི་མེ་ཏོག་པར་པ་ཏ། །ག་དུར་ཨ་རུ་བསྣན་པས་འཇོམས་པ་ཡིན། །སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་ནི། །ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ །ཅུ་གང་སྤོས་དཀར་རུ་རྟ་ཨ་རུ་ར། །ནཱ་ག་གེ་སར་ཀ་ར་སུམ་འགྱུར་སྦྱར། །ཨ་གར་བརྒྱད་པས་སྙིང་ལ་མཚོན་ཕོག་དང༌། །འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །ཙན་དན་དཀར་པོ་བསིལ་གསུམ་ལི་ག་དུར། །སྲོ་ལོ་རྒུན་འབྲུམ་ཤིང་མངར་ཙན་དན་བརྒྱད། །ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སེལ། །སྟར་བུ་རུ་རྟས་འགོགས་དཀའི་རྣག་རྣམས་འདྲེན། །གི་ཝཾ་གུར་ཀུམ་ཨུཏྤལ་བ་ལེ་ཀ །ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་གྱི་མེ་ཏོག་ཀ་ར་གི་ཝཾ་དགུ། །མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང༌། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །ཨ་རུ་ར་དང་ལི་ཤི་གསེར་མེ་ཏོག །སྤང་སྤོས་ནཱ་ག་གེ་སར་པི་པི་ལིང༌། །ཀ་ཀོལ་ཀ་ར་སྦྱར་བའི་ཨ་རུ་བདུན། །མཆེར་པ་བསྣད་འགྲམས་ཚ་རྒྱས་སྦོས་གཟེར་འཇོམས། །ཨ་རུ་ར་དང་གུར་ཀུམ་སུག་སྨེལ་དང༌། །བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་དང༌། །སེང་ཕྲོམ་བཙོད་དང་རྒྱ་སྐྱེགས་ཤུག་ཚེར་ཅན། །ཀ་ར་སྦྱར་བའི་ཨ་རུ་བཅུ་པ་སྟེ། །མཁལ་མ་བསྣད་འགྲམས་ཆུ་སྲི་རྐེད་པ་འཁོར། །བཤལ་འཕྱེས་མཁལ་ཚད་མ་ལུས་སེལ་བར་བྱེད། །བྲག་ཞུན་གླ་རྩི་གུར་ཀུམ་སུག་སྨེལ་དང༌། །དོམ་མཁྲིས་བོང་ང་འཇིབ་རྩི་ཨ་རུ་ར། །ག་དུར་ཀ་ར་ཆ་མཉམ་བྲག་ཞུན་དགུ། །ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད། །དོམ་མཁྲིས་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །གླ་སྒང་བོང་ང་དཀར་པོ་བ་ལེ་ཀ །རེ་སྐོན་ཀ་ར་སྦྱར་བའི་མཁྲིས་ཕྱེ་བདུན། །རྒྱུ་ལོང་བསྣད་འགྲམས་ཁྲག་མཁྲིས་ཚ་འཁྲུ་གཅོད། །ཅོང་ཞི་སེ་འབྲུ་སུག་སྨེལ་པི་པི་ལིང༌། །མ་ནུ་གུར་ཀུམ་ཀ་ར་ཅོང་ཞི་དྲུག །བད་ཀན་བྲང་ཚ་ཆུ་ཚན་སྐྱུག་པ་འཇོམས། །ཅོང་ཞི་འོ་མར་འདམ་བཏགས་གྲིབ་སྐམ་བྱ། །གི་ཝཾ་བཟང་དྲུག་ཨུཏྤལ་ཙན་དན་གཉིས། །གླ་རྩི་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །ཏིག་ཏ་བོང་ང་ཨ་རུ་བ་ཤ་ཀ །རུ་རྟ་པི་པི་ལིང་དང་ཀ་ར་སྦྱར། །ཅོང་ཞི་བསིལ་སྦྱོར་དུག་དང་སྨུག་པོ་དང༌། །གབ་ཚད་ཚད་རྙིང་མ་ལུས་སེལ་བར་བྱེད། །ཅོང་ཞི་སེ་འབྲུ་བཞི་དང་ཨ་རུ་ར། །ཛཱ་ཏི་མ་ནུ་འུ་སུ་སྐྱུ་རུ་ར། །རྒྱམ་ཚྭ་སྒ་དང་བུར་དཀར་སྦྱར་བ་ཡི། །ཅོང་ཞིའི་ཅུར་ནིས་སྨུག་པོ་འཐབ་པ་དང༌། །མ་ཞུ་བད་ཀན་དང་ག་མི་བདེ་སེལ། །རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ །སུག་སྨེལ་པི་པི་ལིང་དང་ཀ་ར་སྦྱར། །རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནད། །གླང་ཐབས་སྒྲེག་སྐྱུག་ཕོ་ཁར་ཟུག་པ་སེལ། །ཏིག་ཏ་གསེར་གྱི་མེ་ཏོག་བོང་ང་དཀར། །རུ་རྟ་རྩ་མཁྲིས་ཧོང་ལེན་པར་པ་ཏ། །སྐྱེར་ཤུན་ཀ་ར་སྦྱར་བའི་ཏིག་ཏ་བརྒྱད། །མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །རུ་རྟ་བ་ཤ་ཀ་དང་འབྲས་བུ་གསུམ། །སླེ་ཏྲེས་བྲག་ཞུན་ཀ་ར་གུ་གུལ་བཅུ། །དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས། །གུར་ཀུམ་ལི་ཤི་གི་ཝཾ་བསེ་རུ་མཚལ། །ཙན་དན་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་རྟ་འབྲས་བུ་གསུམ་དང་ཀ་ར་སྦྱར། །གུར་ཀུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང༌། །མཁལ་མ་བསྣད་འགྲམས་ཆུ་སྲི་ཚ་སྦོས་དང༌། །ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། །གུར་ཀུམ་ཅུ་གང་ཨུཏྤལ་བ་ལེ་ཀ །ཏིག་ཏ་ཨ་རུ་མཚེ་ལྡུམ་ཀ་ར་སྦྱར། །གུར་ཀུམ་མཆོག་བདུན་མཆིན་ནད་གསར་རྙིང་དང༌། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ། །བསིལ་གསུམ་ཏིག་ཏ་བ་ལེ་བ་ཤ་ཀ །པདྨ་ནཱ་ག་གེ་སར་པི་པི་ལིང༌། །སྟར་བུ་ཧོང་ལེན་ཟི་ར་པུ་ཤེལ་རྩེ། །ཀ་ར་སྦྱར་བས་ཅུ་གང་བཅུ་གསུམ་སྟེ། །གློ་ཚད་ལུད་པ་རྣག་ཁྲག་ལུ་བ་འཇོམས། །བསིལ་གསུམ་བྲག་ཞུན་ཏིག་ཏ་པི་པི་ལིང༌། །ཨ་རུ་མཚལ་དང་ཀ་ར་ཅུ་གང་བརྒྱད། །མཆིན་ཁྲག་རྒྱས་དང་སྨུག་པོའི་ཚ་བ་སེལ། །བསིལ་གསུམ་ཨུཏྤལ་སེ་འབྲུ་པི་པི་ལིང༌། །ཤིང་ཚ་ཀ་ར་བཞི་འགྱུར་ཅུ་གང་བདུན། །ཚ་གྲང་ཆ་སྙོམས་དང་ག་འབྱེད་པར་བྱེད། །རྒུན་འབྲུམ་ཤིང་མངར་གློ་ནད་རྙིང་པ་སེལ། །ཙན་དན་གི་ཝཾ་ཚ་བ་གབ་རྙིང་སེལ། །ཅུ་གང་བདེ་བྱེད་ཆུང་འབྲིང་ཆེན་པོར་བཤད། །ཅུ་གང་གུར་ཀུམ་གི་ཝཾ་ཀ་ར་སྦྱར། །བློན་པོ་གསུམ་སྦྱོར་བྱིས་པའི་ཚད་ནད་སེལ། །བསིལ་གསུམ་ཙན་དན་ཀ་ར་གསུམ་འགྱུར་སྦྱར། །ལི་ཤི་བཞི་པས་གྲེ་བའི་ཚད་པ་འཇོམས། །ལི་ཤི་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་ཨ་རུ་ར་དང་ཀ་ར་སྦྱར། །ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་དབུལ། །གློ་ནད་གྲེ་བ་ཚ་སྐམས་སྐད་འགགས་སེལ། །ཆུ་སྲིན་སྡེར་མོ་བསིལ་གསུམ་བ་ལེ་ཀ །ཨུཏྤལ་རྡོ་དྲེག་ག་དུར་པི་པི་ལིང༌། །ཀ་ར་སྦྱར་བའི་ཆུ་སྲིན་སྡེར་མོ་དགུ། །སྣོད་དུ་ཚ་གྲང་འཐབས་དང་སྨུག་སེར་འཇོམས། །ཙན་དན་དཀར་དམར་ཧོང་ལེན་བ་ལེ་ཀ །པདྨ་གེ་སར་ནཱ་ག་པུཥྤེདང༌། །བཅའ་སྒ་སྤང་སྤོས་དུག་ཉུང་གསེར་མེ་ཏོག །བིལ་བ་པར་ཏ་ཛཱ་ཏི་འབྲས་བུ་གསུམ། །སུག་སྨེལ་ཀ་རས་བུད་མེད་རིམས་བཏབ་དང༌། །བཙས་རྗེས་ཚད་པ་སྐྱེས་པ་སེལ་བར་བྱེད། །ག་བུར་བསིལ་གསུམ་ཛཱ་ཏི་ཙན་དན་དཀར། །གི་ཝཾ་ག་དུར་སེ་འབྲུ་སྲ་འབྲས་མཚལ། །ཤུ་མོ་ཟ་དང་ཀ་ར་བཞི་འགྱུར་སྦྱར། །ཀྲི་ཀ་ཧན་ཞེས་བྱིས་པའི་རིམས་ཚད་སེལ། །ཨུཏྤལ་ཅུ་གང་གུར་ཀུམ་བ་ལེ་ཀ །སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །ཀ་ར་སྦྱར་བའི་ཨུཏྤལ་བརྒྱད་པ་སྟེ། །མཆིན་ཁྲག་ཕོ་བར་རྒྱས་པ་སེལ་བར་བྱེད། །བ་ལེ་ཀ་དང་ཨུཏྤལ་བ་ཤ་ཀ །ཤིང་མངར་ཅུ་གང་ཨ་རུ་ཀ་ར་སྦྱར། །ཚད་པ་ཀུན་སེལ་ཕོ་མཆིན་ཚ་བ་འཇོམས། །རྒུན་འབྲུམ་ཅུ་གང་གུར་ཀུམ་ཤིང་མངར་དང༌། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར། །གློ་ཡི་ནད་དང་དབུགས་མི་བདེ་བ་སེལ། །ཀྱི་ལྕེ་དཀར་པོ་སྤང་རྩི་དོ་བོ་དང༌། །སྤང་རྒྱན་དཀར་པོའི་ཕྱེ་མས་ལྷོག་པ་འཇོམས།།

གྲང་བ་སེལ་བ་ཕྱེ་མའི་སྡེ་ཚན་ལ། །རྒྱལ་པོ་སེ་འབྲུ་བློན་པོ་ད་ལིས་དང༌། །རྒོད་མ་ཁ་ཕྱེ་རྗེའུའི་སྦྱོར་བ་དང༌། །སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་བཞི། །དང་པོ་རྒྱལ་པོ་སེ་འབྲུའི་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་ཕོ་བ་རིས་དང་གསུམ། །ཁ་ཟས་མི་འཇུ་སྐད་འགགས་དབུགས་མི་བདེ། །ཁྱད་པར་མཆིན་པ་ན་བ་རྣམས་ལ་ཕན། །དེ་སྟེང་ཁ་རུ་ཚྭ་བསྣན་སེ་འབྲུ་བཞི། །སྦོ་འཁྲོག་སྐྲན་དང་མ་ཞུ་སྐྱུག་པ་སེལ། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང༌། །བུར་དཀར་སྦྱར་བའི་སེ་འབྲུ་བཞི་པ་སྟེ། །ཕོ་བའི་གཞི་འཛིན་མེ་དྲོད་གསོ་བར་བྱེད། །ནད་གཞི་ཅི་ལས་གྱུར་ཀྱང་དང་ག་འབྱེད། །དེ་སྟེང་དོང་གྲ་བསྣན་ཏེ་ཚད་ལྡན་སྦྱར། །སེ་འབྲུ་ལྔ་པ་བད་ཀན་ཟས་མི་འཇུ། །ཕོ་བའི་གྲང་སྐྲན་སྐྱུག་དང་ཡི་ག་འཆུས། །སྙིང་རླུང་མཁལ་རྐེད་ནད་ལ་མཆོག་ཏུ་ཕན། །ཡང་ན་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ། །ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ༌། སེ་འབྲུ་ཤིང་ཀུན་སྒ་དང་ཁ་རུ་ཚྭ། །སྟར་བུ་ལྔ་ཡིས་མ་ཞུ་མཆིན་རྒུད་སེལ། །ཚད་ལྡན་སྦྱོར་བས་སྙིང་གི་བད་རླུང་འཇོམས། །སེ་འབྲུ་ཁ་རུ་ཚྭ་དང་ཚ་བ་གསུམ། །རྒྱམ་ཚྭ་དྲུག་གིས་ཕོ་བའི་མེ་དྲོད་སྐྱེད། །ཁ་ཟས་མ་ཞུ་འཇུ་ཞིང་བེ་སྣབས་སྦྱོང༌། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང༌། །དེ་ཉིད་གཞིར་བཞག་བརྒྱད་པའི་ཁ་བསྒྱུར་བ། །སྒ་དང་ཛཱ་ཏི་གུར་ཀུམ་ཀ་ཀོ་ལ། །ཚད་ལྡན་སྦྱར་བའི་སེ་འབྲུ་བརྒྱད་པ་འདིས། །ཕོ་མཆིན་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས། །རྒྱམ་ཚྭ་ཁ་རུ་ཚྭ་དང་ཕོ་བ་རིས། །བཅའ་སྒ་བསྡེབས་པས་མ་ཞུ་གསར་རྙིང་འཇུ། །བཅའ་སྒ་བྱི་ཏང་ག་དང་ཙི་ཏྲ་ཀ །འཇམ་འབྲས་བསྡེབས་པས་ཕོ་བའི་མེ་ཉམས་གསོ། །མ་ནུ་འུ་སུ་སྟར་བུ་བསེ་ཡབ་བསྡེབས། །སེ་འབྲུ་བརྒྱད་འདིས་བད་ཀན་སྨུག་པོ་སེལ། །རྒྱམ་ཚྭ་གསེར་གྱི་མེ་ཏོག་ཨ་རུ་ར། །དོམ་མཁྲིས་བསྡེབས་པས་མ་ཞུ་མིག་སེར་སེལ། །ཅོང་ཞི་རྒོད་བཏུལ་རྒྱམ་ཚྭ་ཨ་རུ་ར། །བྱ་ཐལ་བསྡེབས་པས་ལྷེན་སྐྲན་ཐལ་བར་རློག །འགྲོན་བུ་དུར་ཐོད་ཤ་རུའི་ཐལ་བ་དང༌། །ཙི་ཏྲ་ཀ་བསྡེབས་དམུ་རྫིངས་སྐེམ་པར་བྱེད། །ཤིང་ཀུན་ཁ་རུ་ཚྭ་དང་ཕོ་བ་རིས། །བཅའ་སྒ་བསྡེབས་པས་ཕོ་ལོང་སྦོས་པ་སེལ། །ཤིང་མངར་ཅུ་གང་རྒུན་འབྲུམ་ཟི་ར་དཀར༌། བསྡེབས་པས་གློ་ནད་གྲང་བ་སེལ་བར་བྱེད། །ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ་དང་སྒ། །བསྡེབས་པས་སྙིང་གི་བད་རླུང་གྲང་བ་སེལ། །ཨ་འབྲས་སྲ་འབྲས་འཇམ་འབྲས་སྡིག་སྲིན་བསྡེབས། །སེ་འབྲུ་བརྒྱད་པས་མཁལ་རྐེད་གྲང་བ་སེལ། །རྒྱ་ཚྭ་ལྕམ་པ་སྡིག་པ་ཕོ་བ་རིས། །བསྡེབས་པས་གྲང་བ་ཆུ་འགགས་སེལ་བར་བྱེད། །ཤིང་ཀུན་གླ་རྩི་ཐང་ཕྲོམ་བྱི་ཏང་ག །བསྡེབས་པའི་སེ་འབྲུ་བརྒྱད་པས་གྲང་སྲིན་སེལ། །ད་ཏྲིག་ཀ་པེད་ཐ་རམས་མོན་ཆ་ར། །བསྡེབས་པས་འུར་འཁྲོག་རྩམ་པ་འཁྲུ་བ་གཅོད། །ཤུ་དག་འུ་སུ་དབྱི་མོང་ཙི་ཏྲ་ཀ །རྒྱ་ཚྭ་ཡ་བཀྵ་ར་ཁ་རུ་ཚྭ། །སེ་འབྲུའི་ཅུར་ནིས་མ་ཞུ་ལྕགས་དྲེག་ལྷེན། །མེ་ཉམས་སྦོ་སྒྲེག་དམུ་སྐྲན་འཁྲུ་སྐྱུག་དང༌། །མཁལ་རྐེད་ཆུ་སྲི་གྲང་ནད་སྟོང་ལ་ཕན། །སེ་འབྲུ་ཚ་བ་གསུམ་པོ་གཞིར་བཞག་སྟེ། །ད་ཏྲིག་ཤིང་ཀུན་དབྱི་མོང་ཁ་རུ་ཚྭ། །སེ་འབྲུ་བརྒྱད་པས་གྲང་ནད་མ་ལུས་སེལ། །རྒྱམ་ཚྭ་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ། །ཐལ་ཚྭ་བསྡེབས་པས་ཕོ་བ་སྦོས་པ་སེལ། །འུ་སུ་མ་ནུ་བསེ་ཡབ་སླེ་ཏྲེས་བཞི། །སེ་འབྲུ་བརྒྱད་བསྡེབས་སྨུག་པོ་གབ་པ་སེལ། །རྒྱ་ཚྭ་སུག་སྨེལ་སྡིག་པ་ལྕམ་པ་བཞི། །བསྡེབས་པས་མཁལ་ནད་གྲང་བ་ཆུ་འགགས་སེལ། །ཤིང་ཚ་སུག་སྨེལ་ཟི་ར་དཀར་ནག་བསྡེབས། །སེ་འབྲུ་བརྒྱད་འདིས་བད་རླུང་གློ་ནད་སེལ། །ཤིང་ཚ་བཟང་པོ་གསུམ་དང་ལ་ལ་ཕུད། །བསྡེབས་པའི་སེ་འབྲུ་དགུ་པས་མེ་དྲོད་སྐྱེད། །འཁྲུ་བ་གསར་རྙིང་མ་ལུས་གཅོད་པར་བྱེད། །ཟི་ར་ནག་པོ་དབྱི་མོང་ཙི་ཏྲ་ཀ །ལ་ལ་ཕུད་དང་སུག་སྨེལ་ཁ་རུ་ཚྭ། །བསྡེབས་པའི་སེ་འབྲུ་བཅུ་པས་མེ་དྲོད་ཉམས། །ཁ་ཟས་མི་འཇུ་སྦོ་སྒྲེག་གྲང་སྐྲན་འཇོམས། །ཛཱ་ཏི་ཀ་ཀོ་ལ་དང་ཁ་རུ་ཚྭ། །རྒྱམ་ཚྭ་ཤིང་ཚ་དབྱི་མོང་ཙི་ཏྲ་ཀ །ཨ་རུ་ར་དང་ལ་ཕུག་ས་བོན་བསྡེབས། །སེ་འབྲུའི་ཅུར་ནིས་བད་རླུང་མ་ཞུ་སྦོ། །ཕོ་མཁལ་བུ་བཙས་གྲང་བ་རྒྱས་པ་འཇོམས། །གྲང་ནད་མ་ལུས་སེ་འབྲུའི་ཕྱེ་མས་སེལ། །ཕོ་བའི་བད་ཀན་སྦྱོང་ཞིང་མེ་དྲོད་སྐྱེད། །དང་ག་འབྱེད་ཅིང་ཁ་ཟས་ལེན་པར་བྱེད། །དེ་ཕྱིར་ཕྱེ་མ་ཀུན་གྱི་རྒྱལ་པོར་བཤད། །གཉིས་པ་ད་ལིས་བློན་པོའི་སྦྱོར་བ་ནི། །ད་ལིས་ན་ལེ་ཤམ་དང་ཤིང་ཚ་དང༌། །སུག་སྨེལ་བཅའ་སྒ་པི་པི་ལིང་དང་དྲུག །ཚད་ལྡན་སྦྱར་བས་འཁྲུ་སྐྱུག་དབུགས་མི་བདེ། །གཞང་འབྲུམ་སྐྲན་དང་སྐྱ་རྦབ་གློ་ནད་སེལ། །ཟི་ར་བསྡེབས་པས་སྟོད་ཚ་སྨད་གྲང་འཇོམས། །ཁ་རུ་ཚྭ་བསྡེབས་གྲང་རླུང་སྤྱི་ལ་ཕན། །ཛཱ་ཏི་བསྡེབས་པས་སྙིང་རླུང་འཇོམས་པར་བྱེད།།སྟར་བུ་བསྡེབས་པས་ལུད་པ་འགོགས་དཀའ་འདྲེན། །ད་ཏྲིག་བསྡེབས་པས་གྲང་བས་འཁྲུ་བ་གཅོད། །ད་ལིས་ཤིང་ཚ་སུག་སྨེལ་ཀ་ཀོ་ལ། །ཟི་ར་པི་པི་ལིང་དང་ན་ལེ་ཤམ། །འཁྲུ་སྐྱུག་མ་ཞུ་ལྕགས་དྲེག་ལྷེན་སྐྲན་འཇོམས། །ཕོ་བའི་ཟུག་གཟེར་འཇོམས་ཤིང་ཡི་ག་འབྱེད། །ད་ལིས་ཚ་བ་གསུམ་གྱི་གཙོ་བོ་ལ། །ཤིང་ཚ་སུག་སྨེལ་ཟི་ར་ཁ་རུ་ཚྭ། །ད་ལིས་བརྒྱད་འདིས་བད་ཀན་གྲང་བ་སེལ། །རྒྱམ་ཚྭ་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ། །ཐལ་ཚྭ་བསྡེབས་པས་ཕོ་བ་སྦོས་པ་སེལ། །ཛཱ་ཏི་སུག་སྨེལ་ཟི་ར་ནག་པོ་དང༌། །ཀ་ཀོ་ལ་བསྡེབས་སྙིང་རླུང་སེལ་བར་བྱེད། །མ་ནུ་སླེ་ཏྲེས་རྒྱམ་ཚྭ་པི་པི་ལིང༌། །བསྡེབས་པས་རོ་སྟོད་རྫིངས་པ་སེལ་བར་བྱེད། །རྒྱ་ཚྭ་སྡིག་པ་ལྕམ་པ་སུག་སྨེལ་བསྡེབས། །ད་ལིས་བརྒྱད་འདིས་མཁལ་ནད་ཆུ་འགགས་སེལ། །ཤིང་ཚ་སུག་སྨེལ་ཟི་ར་ནག་པོ་དང༌། །ལ་ལ་ཕུད་བསྡེབས་འཁྲུ་བ་གཅོད་པར་བྱེད། །ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་དང་ནི། །རྒྱ་ཚྭ་ལྦ་ཚྭ་དབྱི་མོང་ཙི་ཏྲ་ཀ །བསྡེབས་པ་ད་ལིས་བཅུ་གཅིག་ཅུར་ནིས་འདིས། །གྲང་ནད་ཀུན་སེལ་ལྷག་པར་བད་ཀན་འཇོམས། །ཀུན་ལ་ཀ་ར་དཀར་པོའི་རྟ་དང་སྦྱར། །རྗེའུའི་སྦྱོར་བ་གནོད་སྦྱིན་རྒོད་མ་ཁ། །ཀ་རགྲད་དང་བཅའ་སྒ་ཙི་ཏྲ་ཀ །བྱི་ཏང་ག་དང་ཨ་རུ་པི་པི་ལིང༌། །ཀར་སྦྱར་མ་ཞུ་སྦོ་སྒྲེག་འགྱིངས་པ་འཇོམས། །ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པའི་མཆོག །དེ་ལ་རྒྱམ་ཚྭ་གསེར་གྱི་མེ་ཏོག་བསྡེབས། །དྭངས་མ་མ་ཞུ་མིག་སེར་སེལ་བར་བྱེད། །སེ་འབྲུ་བསྡེབས་པས་ཁྱད་པར་དང་ག་འབྱེད། །ཁ་རུ་ཚྭ་དང་ཤིང་ཀུན་ན་ལེ་ཤམ། །བསྡེབས་པས་ལྷག་པར་ཕོ་བ་སྦོས་པ་འཇོམས། །ན་ལེ་ཤམ་བསྡེབས་ལྷག་པར་མེ་དྲོད་སྐྱེད། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་དང་བསྡེབས། །ཁྱད་པར་མ་ཞུ་འཇུ་བར་བྱེད་པ་ཡིན། །ཐལ་སྨན་བསྡེབས་པས་སྐྲན་རྣམས་ཐལ་བར་རློག །སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་ནི། །སུག་སྨེལ་ནཱ་ག་པུཥྤེ་གེ་སར་དང༌། །ལ་ལ་ཕུད་དང་སྒ་བཙོད་པི་པི་ལིང༌། །ཀ་ར་སྦྱར་བའི་སུག་སྨེལ་བདུན་པ་སྟེ། །བད་ཀན་ཕོ་བར་འགྱིངས་དང་ལུད་པ་ལུ། ། དང་ག་མི་བདེ་སྐྱུག་པ་སེལ་བར་བྱེད། །སུག་སྨེལ་སྒ་དང་རྒྱམ་ཚྭ་པི་པི་ལིང༌། །གླ་རྩི་སྡིག་སྲིན་ལྕམ་པ་འབྲས་སྣ་གསུམ། །བུར་དཀར་སྦྱར་བའི་སུག་སྨེལ་བཅུ་པ་སྟེ། །མཁལ་མའི་གྲང་བ་རྡེ་ནད་ཆུ་འགགས་སེལ། །སྒ་དང་ཤིང་ཀུན་མ་ནུ་ཁ་རུ་ཚྭ། །བུར་དཀར་སྦྱར་བའི་སྨན་སྒ་བཞི་པ་སྟེ། །མཁལ་རྐེད་རྩིབ་ལོགས་ཟུག་དང་དབུགས་མི་བདེ། །སྐྱིགས་བུ་ཁ་གདོང་གཡོ་བའི་ནད་རྣམས་སེལ། །རུ་རྟ་མ་ནུ་བཅའ་སྒ་ཨ་རུ་ར། །ཀ་ར་སྦྱར་བའི་རུ་རྟ་བཞི་པ་སྟེ། །བད་རླུང་ཕོ་མཆིན་སྐྲན་དང་མཆེར་ནད་འཇོམས། །ཤུ་དག་རུ་རྟ་བཅའ་སྒ་ཁ་རུ་ཚྭ། །ཚད་ལྡན་ཀ་ར་སྦྱར་བའི་ཤུ་དག་བཞི། །མ་ཞུ་སྐྱིགས་བུ་དབུགས་མི་བདེ་བ་དང༌། །བད་རླུང་སྟོད་གཟེར་སྐྱ་རྦབ་གཞང་འབྲུམ་འཇོམས། །ཤིང་ཀུན་མ་ནུ་རུ་རྟ་ཨ་རུ་ར། །དོང་གྲ་ཀ་ར་སྦྱར་བའི་ཤིང་ཀུན་ལྔ། །སྙིང་ག་མཆེར་ནད་རྩིབ་ལོགས་གཟེར་བ་འཇོམས། །ཤིང་ཀུན་ཤུ་དག་བཅའ་སྒ་ཁ་རུ་ཚྭ། །རུ་རྟ་མ་ནུ་ཟི་ར་ཨ་རུ་ར། །ཤིང་ཀུན་བརྒྱད་པས་དྲོད་ཆུང་ལྕགས་དྲེག་ལྷེན། །སྦོས་ཤིང་གཟེར་འཇོམས་མཆོག་ཏུ་མེ་དྲོད་སྐྱེད། །ཤིང་ཀུན་ཤུ་དག་སེ་འབྲུ་ཚ་བ་ལྔ། །ཤུ་ཏི་བསེ་ཡབ་འུ་སུ་ཡ་བཀྵ། །མ་ནུ་ཟི་ར་རྒྱམ་ཚྭ་ལ་ལ་ཕུད། །ཨ་རུ་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ། །ཏི་མུ་ས་དང་བུར་དཀར་སྲང་བརྒྱད་སྦྱར། །ཤིང་ཀུན་ཅུར་ནིས་ལྟོ་སྦོས་ཡི་ག་འཆུས། །ཁ་ཟས་མི་འཇུ་གདོང་སྐྲངས་དབུགས་མི་བདེ། །སྟོད་རྒྱངས་ལུད་པ་མཆིན་མཆེར་རྩིབ་ལོགས་གཟེར། །མཁལ་རྐེད་རྐང་ལག་སྐྲངས་དང་དྲི་ཆུ་སྲི། །སྐྲན་དང་སྐྱ་རྦབ་དམུ་རྫིང་སྐྱུག་པ་སེལ། །བྱི་ཏང་ག་དང་ཤིང་ཀུན་མ་རུ་ཙེ། །བཅའ་སྒ་གླ་རྩི་ཕུར་ཐལ་པི་པི་ལིང༌། །བུར་དཀར་སྦྱར་བའི་བྱི་ཏང་བདུན་པ་སྟེ། །ཕོ་ལོང་སྲིན་ནད་གཞང་འབྲུམ་མ་ལུས་འཇོམས། །ད་ཏྲིག་སེ་འབྲུ་ཤིང་ཚ་པི་པི་ལིང༌། །བཅའ་སྒ་ཀ་པེད་ཐ་རམས་མོན་ཆ་ར། །ན་རམས་བུར་དཀར་སྦྱར་བའི་ད་ཏྲིག་དགུ། །འུར་འཁྲོག་སྒྲེག་ཅིང་འཁྲུ་བ་གཅོད་པར་བྱེད། །ད་ཏྲིག་སྨག་དང་ཐ་རམས་ལོ་ཙན་སྤོད། །གཙོད་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ། །ཚ་གྲང་རྟས་བསྒྱུར་འཁྲུ་བ་གཅོད་པའི་མཆོག །ཡ་བཀྵ་ར་སེ་འབྲུ་པི་པི་ལིང༌། །ཤིང་ཀུན་བཅའ་སྒ་སྟར་བུ་རྒྱམ་ཚྭ་རྣམས། །ཀ་ར་སྦྱར་བའི་ཡ་བཀྵ་ར་བདུན། །གཞང་གཟེར་ལྦུ་བ་བེ་སྣབས་འཁྲུ་བ་གཅོད། །ཤིང་མངར་འབྲས་དང་བསེ་ཡབ་བྱི་ཏང་ག །གོ་སྙོད་འུ་སུ་ཚ་གྲང་རྟ་ཡིས་བསྒྱུར། །ཤིང་མངར་དྲུག་པས་སྐྱུག་པ་གཅོད་པའི་མཆོག །བྱི་ཏང་ག་དང་སྒོག་སྐྱ་མ་རུ་ཙེ། །སོ་མ་ར་ཛ་དྲེས་འབྲུ་ཕུར་ཐལ་དང༌། །གླ་རྩི་ཚ་གྲང་རྟས་བསྒྱུར་སྲིན་སྨན་མཆོག །ཁོང་སྲིན་ལྟོར་བཏང་མགོ་སྲིན་སྣ་ནས་བདུག །གཞང་སྲིན་མས་བཏང་ལྤགས་སྲིན་ཕྱི་ནས་བྱུག །རྒྱམ་ཚྭ་ལ་ལ་ཕུད་དང་ཨ་ཟ་མོ། །པི་པི་ལིང་དང་སྒ་རྣམས་ཆ་རིམ་བསྐྱེད། །ཀུན་དང་མཉམ་པའི་ཨ་རུ་བསྲེགས་པའི་ཐལ། །བུ་རམ་སྦྱར་བ་མངོན་སུམ་མེ་དང་འདྲ།།

དེ་སོགས་ཕྱེ་མ་གང་ཡང་སྦྱར་བའི་ཐབས། །ཚད་མེད་ཆ་མཉམ་གཙོར་སྨོས་ཐུན་ཚད་བསྐྱེད། །ཚད་བཤད་ཚད་བཞིན་སྦྱར་བ་གཅེས་པ་ཡིན། །རྭ་རྣམས་གང་གཏོང་ཐལ་ཚན་རྩི་ཧྲོག་བསྲེག །རྭ་དང་ཤིང་སོགས་གང་སྲ་སྣ་ལ་བརྡུང༌། །རླན་ཅན་སྣུམ་པའི་རིགས་རྣམས་ཕྱི་ལ་བཞག །སྨན་ནུས་ཞིབ་ལས་འབྱུང་བའི་རྩི་བཞིན་བཏགས། །ཚ་སེལ་ཐམས་ཅད་ཀ་ར་དྲུག་འགྱུར་སྦྱར། །གྲང་སེལ་ཐམས་ཅད་བུ་རམ་བཞི་འགྱུར་སྦྱར། །སྨན་ནད་འདྲེས་ཡོད་འཆོལ་པར་སྦྱར་དུ་རུང༌། །ཅུར་ནིས་ཏྲེས་སམ་ཕྱེ་མའི་མིང་དུ་བཤད། །ཚ་སེལ་ཐམས་ཅད་ཆུ་བསིལ་བསྐོལ་གྲང་དབུལ། །འཇུ་བ་དཀའ་ན་དེ་ཡང་ཆུ་སྐོལ་ཤིས། །གྲང་སེལ་ཐམས་ཅད་ཆུ་སྐོལ་ཚ་མོས་དབུལ། །ཟས་ཞུ་སྨན་ལ་སྨན་ཞུ་ཟས་བཏང་གཅེས། །རུལ་སྐྱུར་སྔོ་ངད་འཇུ་དཀའ་ཀུན་ལ་སྤང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕྱེ་མའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།