སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།



ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ། 

ཞི་བྱེད་བཞི་པ་ལྡེ་གུའི་སྡེ་ཚན་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་གདམས་ཏེ། ཞི་བྱེད་ལྔ་པ་སྨན་མར་གྱི་སྡེ་ཚན་དེ་ལ་ཡང་ཚ་བ་སེལ་བ་དང་གྲང་བ་སེལ་བའི་སྡེ་ཚན་རྣམ་པ་གཉིས་སུ་ཡོད་པ་ལས།

ཚ་སེལ་གྱི་སྦྱོར་བ་བཅུ་བཞིའི་ནང་གསེས་ཏིག་ཏའི་སྦྱོར་བ་དགུ་སྦྱོར་གཅིག་དང༌། རབ་འབྲིང་ཐ་མའི་སྦྱོར་བ་བཅས་བཞི་ལས། དགུ་སྦྱོར་ནི་རྒྱ་གར་གྱི་ཏིག་ཏ་མཆོག་དང་མ་བྱུང་ན་གང་བྱུང་དང༌། ཧོང་ལེན་བ་ཤ་ཀ་དང་སྤང་རྩི་དོ་བོ་ཀྱི་ལྕེ་དཀར་པོ་རྣམས་བསྐོལ་བའི་ཁུ་བ་དེའི་སྙིགས་མ་ཕྱིར་ཕྱུངས་པའི་དྭངས་མ་བསྡུས་པ་དང༌། བའམ་མཛོ་མོའི་འོ་མ་མར་གསར་བཅས་ལ་སྦྱར་བའི་མར་ཁུར་ཁ་ཚར་གུར་ཀུམ་དང༌། ནཱ་ག་པདྨ་པུཥྤ་སྟེ་གེ་སར་གསུམ་ཀ་ར་དང་སྦྲང་རྣམས་སྦྱར་བ་ཏིག་ཏ་དགུ་པས་མིག་སེར་སྐྱ་རྦབ་དང་ཆུ་སེར་དང་པགས་པའི་ནད་ཚད་པ་རྙིང་པ་རླུང་དང་ལྡན་པ་རྣམས་འདོན་པའི་སྦྱོར་བ་དེ་དག་ལ་སོགས་པ་སྨན་མར་ཀྱི་སྦྱར་ཐབས་ལག་ལེན་རྒྱས་པ་འོག་ཏུ་དེ་སོགས་སྨན་མར་མཐའ་དག་ཅེས་པ་ནས། ཆུ་ཆོད་ཚད་ཡིན་ཞེས་པའི་བར་གྱིས་གསལ་བ་ངེས་དགོས་སོ། །རབ་ཀྱི་སྦྱོར་བ་ཏིག་ཏ་བཤད་མ་ཐག་པ་དང༌། ཀྱི་ལྕེ་བ་དཀར་པོ་དང༌། སུམ་ཅུ་ཏིག་དང༌། བ་ལེ་ཀ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བཅས་ཏིག་ཏ་བདུན་པའི་སྨན་མར་གྱིས་མཆིན་པ་དང་མཁྲིས་པ་དང་སྙིང་གི་ཚ་བ་རྙིང་པ་རྣམས་སེལ། འབྲིང་གི་སྦྱོར་བ་ཏིག་ཏ་བཤད་མ་ཐག་པ་དང༌། ནིམ་པ་རྙེད་ན་དང་མ་རྙེད་ན་སྤྱི་ཞུར་དང༌། ཧོང་ལེན་དང༌། པ་ཏོ་ལ་སྟེ་རྒྱ་ཁུར་དང༌། སྐྱེར་པ་དང་བྱི་ཚེར་དང༌། ཀྱི་ལྕེ་དཀར་པོ་དང༌། པར་པ་ཏ་རྣམས་བསྐོལ་བའི་ཁུ་བར་གླ་སྒང་དང༌། རྩ་མཁྲིས་དང༌། དུག་མོ་ཉུང་དང༌། ཙན་དན་དཀར་པོ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཁ་ཚར་དུ་སྦྱར་བ་དེ་ལ་སྨན་མར་དྭངས་སྦྱོར་བྱས་ཏེ་རྩིགས་མའམ་སྙིགས་མ་ཕྱུངས་ཏེ་སྦྲང་དང་སྦྱར་བའི་ཏིག་ཏ་བཅུ་གསུམ་པས་མཛེ་ནད་དང་ཤ་བཀྲ་དང་མེ་དབལ་དང༌། ཁོང་འབྲས་དང༌། མཚན་བར་རྡོལ་བ་དང༌། གཞང་འབྲུམ་དང༌། སྐྱ་རྦབ་དང༌། ཁ་སྐོམ་དད་བྱེད་པ་དང་མགོ་འཁོར་བ་རྣམས་སེལ། ཐ་མའི་སྦྱོར་བ་ཏིག་ཏ་བཤད་མ་ཐག་པ་ལྟར་དང༌། གསེར་གྱི་མེ་ཏོག བ་ཤ་ཀ་དང༌། སྐྱེར་པའི་རྩ་བ་དང༌། བྲག་ཞུན་དང༌། བ་ལེ་ཀ ཀྱི་ལྕེ་དཀར་པོ་དང༌། པར་པ་ཏ་དང༌། སུམ་ཅུ་ཏིག་དང༌། བྱི་ཚེར་དང༌། དུག་མོ་ཉུང་དང༌། པུ་ཤེལ་ཙེ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་སྨན་མར་ལ་ཀ་ར་སྦྱར་བའི་ཏིག་ཏ་བཅོ་ལྔ་པ་འདི་ཚད་པ་རྙིངས་པ་དང་རྙོགས་པ་རྣམས་ཀྱི་བདུད་རྩི་ལྟ་བུ་ཡིན་ཞིང༌། དེ་དག་རྣམས་ཏིག་ཏའི་སྦྱོར་བ་རབ་དང་འབྲིང་དང་ཐ་མ་བཅས་པར་འདོད་དོ། །

ཁ་འཐོར་བཅུ་ནི་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཁུ་བ་བསྡུས་པ་དེ་ལ་འོ་མ་བླུགས་ཏེ་གདུ། འོ་མ་དེ་ཡང་མར་ལ་བསྡུས་པ་དེ་དག་ཆུ་ཆོད་པའི་དྭངས་མ་བཞུར་བའི་ནད་དུ་ལྕགས་ཕྱེ་དང༌། རྩྭ་ཨ་བ་དང༌། ལྕགས་སྦྲུལ་དང༌། གུར་ཀུམ་དང༌། གོ་སྙོད་དང་མདུང་རྩེ་དམར་པོ་སོགས་སྦྱར་བའི་གསལ་བྱེད་དགུ་པས་མིག་འགྲིབས་དང་རབ་རིབ་དང་དམར་ཚག་དང་སྐམ་ཚག་རྣམས་སེལ། སེང་ལྡེང་དང༌། ཀྱི་ལྕེ་དཀར་པོ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་སྨན་མར་ལ་སྦྲང་རྩི་དང༌། སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་སྟེ་ཆུ་སེར་སྨན་གསུམ་དང་པི་པི་ལིང་བཅས་པ་ཁ་ཚར་དུ་སྦྱར་བ་སེང་ལྡེང་དགུ་པའི་སྨན་མར་ཞེས་བྱ་སྟེ། མཛེ་ནད་དང་དྲེག་དང་གྲུམ་བུ་སོགས་ལུས་ལ་ཆུ་སེར་རྒྱས་པ་སེལ། སེང་ལྡེང་དང༌། གུ་གུལ་དཀར་པོ་དང༌། ཐལ་ཀ་རྡོ་རྗེ་དང༌། སོ་མ་ར་ཛ་དང༌། ཀྱི་ལྕེ་དཀར་པོ་དང༌། ཨ་ག་རུ་ནག་པོ་དང༌། སྐྱེར་ཤུན་རྣམས་ཀྱི་སྨན་མར་ལ་སྦྲང་སྦྱར་བའི་སེང་ལྡེང་བདུན་པས་ཆུ་སེར་རྩ་དང་ཚིགས་པ་པགས་པ་ལ་རྒྱས་པ་དང༌། དྲེག་དང་གྲུམ་བུ་དང་མཛེ་ནད་རྣམས་སེལ་བར་བྱེད། ཨ་རུ་ར་ཆང་ལ་སྦངས་ཏེ་ཚི་གུ་བཏོན་པའི་ཤ་དང༌། ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ཤིང་ཚ་དང༌། ཤིང་མངར་དང༌། བཅའ་སྒ་དང༌། གེ་སར་ནཱ་ག་པདྨ་གཉིས་དང༌། ག་དུར་བཅས་པས་སྨན་མར་གྱི་རྩིས་མ་བཏོན་པའི་ཁུ་བ་ལ་སྦྲང་སྦྱར་བ་ཨ་རུ་འབྲི་རྐང་སྟེ་བ་རུའི་ཚི་གུའི་སྨན་མར་གྱིས་གློ་ནད་རྒྱས་པ་དང༌། རུས་པའི་རླུང་དང་སྙིང་གི་ཚད་པ་རྣམས་སེལ། བ་གསར་མདོག་དམར་ཟལ་གྱི་ཆུ་དང་ལྕི་བ་དང༌། འོ་མ་དང་ཞོ་དང་མར་སོགས་ལ་སྦྲང་རྩི་སྦྱར་བའི་བ་ཡི་རྣམ་ལྔའི་སྨན་མར་ཞེས་པས་མཆིན་ནད་རྙིང་པ་དང་ཚ་བ་རླུང་དང་ལྡན་པ་ཆུ་སེར་སྐྱ་རྦབ་རྣམས་འཇོམས། ཨ་གར་ནག་པོ་ཙན་དན་དཀར་པོ་གུ་གུལ་དང་སྙིང་ཞོ་ཤ་དང་རྒུན་འབྲུམ་བཅས་པའི་སྨན་མར་ལ་ཀ་རས་ཁ་བླངས་པ། ཞོ་ཤའི་སྨན་མར་འདིས་སྙིང་གི་ཚད་པ་འཇོམས། སྲོ་ལོ་དཀར་པོ་དང་ཨ་རུ་ར་བཅས་པའི་སྨན་མར་ལ་ཅུ་གང་དང་ཤིང་མངར་དང་སྦྲང་རྣམས་ཁ་ཚར་དུ་སྦྱར་བ་སྲོ་ལོའི་སྨན་མར་ཏེ་གློ་བའི་རྣག་འབྱམས་པ་དང་གློ་བའི་ཚད་པ་རྣམས་སེལ། ཙན་དན་དཀར་དམར་དང་སླེ་ཏྲེས་དང༌། དུག་མོ་ཉུང་དང༌། མོན་ལུག་གླ་སྒང་དང༌། ཀཎྜ་ཀ་རི། ཀྱི་ལྕེ་བ་དཀར་པོ་དང༌། ཧོང་ལེན་དང༌། སྤང་སྤོས་དང༌། སྐྱེར་པའི་བར་ཤུན། སྐྱུ་རུ་ར། ཤུག་པ་རྣམས་ཀྱི་སྨན་མར་ལ་ཁ་ཚར་ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ཀ་ར་སྦྱར་བའི་ཙན་དན་སྨན་མར་གྱིས་གློ་བ་དང་སྙིང་དང་མཆིན་པའི་ཚད་པ་དང་རིམས་ཀྱིས་སྨྱོ་བ་སྟོང་སྐྱུགས་བྱེད་པ་ཚིགས་གཞི་སྐྲངས་པ་རྣམས་སེལ། འབྲི་མོག་དང༌། རྒྱ་ཚོས་དང༌། བཙོད་དང༌། ཨ་རུ་ར་བཅས་དམར་པོ་བཞིའི་སྨན་མར་ལ་ཀ་ར་སྦྱར་བས་གློ་ཚ་དང་རྣག་ཁྲག་སྐེམས། གུར་ཀུམ་དང༌། མཚལ་དང༌། ནཱ་ག་པདྨ་པུཥྤ་སྟེ་གེ་སར་རྣམ་པ་གསུམ། མི་དོམ་སོགས་ཀྱི་མཁྲིས་པ་སྣ་ཚོགས་བཅས་པའི་སྨན་མར་ལ་ཀ་ར་དང་སྦྲང་སྦྱར་བས་རྩ་རུལ་བའི་བུ་ག་དགུ་ནས་ཁྲག་འཛགས་པ་གཅོད་པ་སྟེ་སྨན་མར་ཚ་སེལ་གྱི་སྦྱོར་བ་བཅུ་བཞིའོ། །

གྲང་སེལ་གྱི་སྦྱོར་བ་དགུ་ནི་ཨ་རུ་ར་སུམ་ཅུ། བ་རུ་ར་ཉི་ཤུ། སྐྱུ་རུ་ར་བཅུ་སྟེ་ཕྱེད་ཆ་བསྐྱུང་བ་དེ་གདུས་ཁུའི་དྭངས་མ་སྦྱར་བའི་སྨན་མར་གྱི་ཚིགས་མ་ཕྱིར་ཕྱུངས་ཏེ་དྭངས་མ་ལ་བུ་རམ་སྦྱར་བར་ཛཱ་ཏི་དང་ཁ་རུ་ཚྭ་དང་པི་པི་ལིང་དང་སུག་སྨེལ་དང་བཅའ་སྒ་བཅས་ཁ་ཚར་དུ་བཏབ་པའི་འབྲས་བུ་གསུམ་གྱི་སྨན་མར་ཞེས་པས་རྒས་ཀ་སྲ་བ་སྟེ་རྒས་པ་འགོར་བ་དང༌། མིག་དང་རྣ་བ་དང་སོ་དང་སྣའི་ནད་དང་མགོའི་ནད་རྩར་བྱེར་བ་དང་རྣག་འབྱམས་པ་དང་རླུང་ནད་རྣམས་སེལ་ཞིང་ཁྱད་པར་དུ་སྙིང་ལ་རླུང་ཞུགས་པ་འཇོམས་པའི་མཆོག་ཡིན་ནོ། །ར་མཉེ་ཞེས་ར་མོ་ཤག་དང་ཉེ་ཤིང་པ་ལྕ་བ་དང་བ་སྤྲུ་བ་དང་གཟེ་མ་རྣམས་འབྲི་མར་དང་བཅས་པའི་རྩ་བ་ལྔའི་སྨན་མར་གྱིས་ཆུ་སེར་རླུང་ལྡན་སོགས་ལ་ཕན་ཀྱང་ཁ་ཚར་མ་བཏབ་པ་ལ་འདིར་ཕན་ཡོན་མ་གསུངས་པས། དེ་སྟེང་དུ་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་སྟེ་ཚྭ་སྣ་གསུམ་དང་སླེ་ཏྲེས་དང་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་གསུམ་དང༌། བཅའ་སྒ་དང་པི་པི་ལིང་དང་བུ་རམ་རྣམས་སྦྱར་བས་མཁལ་མའི་གྲང་བའི་ནད་རླུང་ཚབས་དང་བཅས་སེལ་བར་བྱེད། བཤད་མ་ཐག་པའི་འབྲས་བུ་གསུམ་དང་རྩ་བ་ལྔ་པོ་བསྲེས་པ་ལ་འབའ་སམ་ཞེས་བྱ་སྟེ་སྟོད་སྨད་ཀུན་གྱི་ནད་ལ་བསྔགས་ཤིང༌། འབའ་སམ་དེ་ནང་ལ་ད་བྱིད་དེ་ཉིད་ཚག་ཤ་དམར་པོ་ལ་གླ་རྩིའི་ཕྱེ་མ་བཏབ་པའི་ནང་དུ་བཅུག་ལ་ཁ་བསྒྲིགས་ཏེ་མེར་བསྲེགས་ནས་ཚག་ཤའི་ཕྱི་ནག་ཆོམ་ཚིག་ནས་བཏོན་པའི་དུག་འདོན་དེ་ལྟར་བྱ་བ་དང༌། ལུག་ཐུག་པོའི་འབྲས་བུ་སྟེ་རླིག་པ་བཅས་པའི་མར་ལ་ཅོང་ཞི་དང༌། བཅའ་སྒ་དང༌། པི་པི་ལིང་སླེ་ཏྲེས་དང་རྒྱམ་ཚྭ་སུག་སྨེལ་དང་བྲེ་ག་དང་བུ་རམ་རྣམས་སྦྱར་བ་ད་བྱིད་སྐྱིན་གོར་ཞེས་བྱ་དེ་རོ་ཙ་བ་དང༌། མཁལ་མའི་ནད་ཀྱིས་ཟ་ཁུ་མི་ཐུབ་པ་དང༌། འདོད་ཉམས་པ་སྟེ་ཕོ་དབང་ལས་སུ་མི་རུང་བ་སེལ། སྒོག་སྐྱ་དང༌། ཨ་རུ་ར་དང་བཅའ་སྒ་བཅས་པའི་སྨན་མར་ལ་རྒྱམ་ཚྭ་ཁ་རུ་ཚྭ་དང་པི་པི་ལིང་དང་སུག་སྨེལ་དང་བུ་རམ་སོགས་བཏབ་པའི་སྒོག་སྐྱ་བདུན་པ་འདིས་རླུང་ནད་ད་རྒན་དང་རྒྱུ་ལོང་དང་མཁལ་རྐེད་ཀྱི་ནད་དང་རླིག་རླུགས་རྣམས་སེལ། སྒོག་སྐྱ་སྲང་བརྒྱད་ཆུར་བཙོས་ནས་ཁུ་བ་ཐིམ་པ་དང་འབྲི་མར་དེ་དང་ཆ་མཉམ་པར་སྦྱར་བ་ཞག་བཅུ་གཉིས་ནས་ཀྱི་གསེབ་ཏུ་བཞག་ནས་ནུས་པ་བསྐྱེད་བཅུག་པའི་སྒོག་སྐྱའི་སྨན་མར་དེས་རླུང་གི་ནད་མ་ལུས་པ་ཀུན་སེལ་ཞིང་ཚེའི་བཅུད་ལེན་དུ་འགྱུར། པ་སྤྲུ་བ་དང་པི་པི་ལིང་གི་རྩ་བ་དང་འབྲི་མར་རྣམས་སྦྱར་བར་བ་སྤྲུའི་སྨན་མར་ཞེས་པས་མོ་ཤམ་བུད་མེད་བུ་མི་འབྱུང་བར་བུ་རྙེད་ཅིང་མཆོག་ཏུ་སྐྱིགས་བུའི་ནད་སེལ། སེ་འབྲུ་དང་འུ་སུ་དང་དོང་གྲ་སྟེ་བཅའ་སྒ་དང་ཙི་ཏྲ་ཀ་དང་པི་པི་ལིང་གི་སྨན་མར་དང་བུ་རམ་སྦྱར་བ་དེ་ལ་བཟང་པོ་ལྔའི་སྨན་མར་ཞེས་པས་བད་རླུང་རྒྱས་པ་དང་བད་ཀན་སྐྱ་རྦབ་དང་གཞང་འབྲུམ་དང་མཆེར་པའི་ནད་དང་དབུགས་མི་བདེ་བ་རྣམས་སེལ་ལ། ཕོ་བའི་མེ་དྲོད་སྐྱེད་ཅིང་ལུས་ཀྱི་ཤ་རྒྱས་པར་བྱེད། བུད་མེད་བུ་མེད་པ་ལ་ཡང་བུ་རྙེད་པར་འགྱུར་ལ་གཟེ་མ་བྲེ་གང་ཆང་བྲེ་གསུམ་ལ་སྦངས་པ་ཚད་ལྡན་ནི་ཆུ་བྲེ་གསུམ་ཡང་བླུགས་ལ་དེ་དག་བྲེ་གང་དུ་མ་སོང་བར་གདུས་པའི་སྨན་མར་ལ་ཁ་རུ་ཚྭ་དང་སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་བཏབ་པའི་གཟེ་མའི་སྨན་མར་གྱིས་རྒྱུ་ལོང་ལ་སྦོ་འཁྲོག་བྱེད་པ་དང་མཁལ་རླུང་གིས་གཟེར་བ་འཇོམས་པ་སྟེ།

གྲང་སེལ་གྱི་སྦྱོར་བ་དགུ་ཚ་སེལ་གྱི་སྦྱོར་བ་བཅུ་བཞི་བསྡོམས་པས་སྨན་མར་གྱི་སྦྱོར་བ་ཉེར་གསུམ་པོ་དེ་དག་ལ་སོགས་པའི་སྨན་མར་མཐའ་དག་སྦྱར་བའི་ཐབས་ནི་ཁུ་བ་འདོན་དགོས་པ་རྣམས་ཚོས་པར་བཙོས་ལ་ཁུ་བ་ཡང་ཡང་དུ་འདོན་ཞིང༌། ཁུ་བ་ཐོན་ཕྱིན་ཚིགས་མ་དོར་བའི་དྭངས་མ་མང་ཉུང་ཆུ་བྲེ་གསུམ་ཙམ་འོང་བ་དེ་ལྕགས་དཀར་ཁྲོ་སོགས་ཀྱི་ནང་དུ་གདུས་ལ་དཀྲུགས་པས་སྣོད་ཀྱི་གཏིང་མཐོང་བའི་ཚད་དེ་ལ་བྲེ་ཉག་མགོ་ཐུང་དབང་གིས་ཚ་སེལ་བ་ར་གྲང་སེལ་འབྲི་ལུག་གི་བཞོས་ཐོག་འོ་མ་བྲེ་བཞི་བླུགས་ལ་དཀྲུག་ཅིང་མ་ཚིག་པར་བཙོས་པས་ཆུ་དེ་འོ་མར་བསྟིམ། དེ་ལ་ཚ་བ་སེལ་ན་བ་དང་ར། ཐུན་མོང་ལ་མཛོའི་མར་གསར་དང་གྲང་བ་སེལ་ན་འབྲི་དང་ལུག་གི་མར་རྙིང་པ་ཉག་བཞི་གཞུག་པ་སོགས་འདིར་དཔེར་མཚོན་དུ་བཀོད་པ་ཡིན་ཞིང༌། གཞན་མ་སྨན་ཆེ་ཆུང་སྣ་ཚོགས་འོང་བས་འདི་ནས་རིགས་བསྒྲེས་ཏེ་སྦྱར་ལ་འོ་མའི་བཅུད་མར་ལ་ཐིམ་པ་གདུས་པར་བྱས་ཏེ། ཆུ་ཆོད་པའི་ཚད་ནི་དྭངས་སྙིགས་བྱེ་ནས་མཛུབ་མོས་དཀྲུགས་ཀྱང་མི་ཚིག་པར་དཀྲུག་ཚུགས་པ་དང་མར་ཁུ་དེ་ནས་མེར་བཅུག་ན་ཚེག་སྒྲ་མེད་ཅིང་ཚིགས་མ་རིལ་བུར་དྲིལ་དུ་བཏུབ་པ་དེ་འབྱུང་བ་ཆུ་ཆོད་པའི་ཚད་ཡིན་ལ། དེ་ལས་ཐལ་ན་ནུས་པ་ཚིག་འགྲོ་ཞིང༌། ཡང་ཆུ་མ་ཆོད་ན་ཕོ་བས་མི་ཆུན་ལ་ནུས་པ་ཡང་ཆུང་བ་ཡིན་པས་དེ་ལྟར་ཚད་ལྡན་དུ་སྦྱོར་བ་ཕོག་ལ་ཚིགས་མ་དོར་ཞིང༌། མར་གྱི་ཁུ་བ་དྭངས་མ་གུད་དུ་བཞུར་ཏེ་ངད་ཡལ་ནས་འཁྱགས་པ་དེ་ལ་ཁ་ཚར་གྱི་སྨན་གང་འོས་ཕྱེ་མར་བྱས་ལ་བཏབ། མངར་ཀ་ར་བུ་རམ་གསུམ་སྐབས་དང་སྦྱར་ཏེ་ཐམས་ཅད་འདྲེས་པར་དཀྲུགས་ལ་ཐོ་རེངས་ཀྱི་དུས་ཁམ་རེ་བཏང་ཞིང༌། དེའི་ཚེ་ཟས་དང་སྤྱོད་ལམ་རླན་དང་གྲང་མོར་སྡོད་པ་བསེར་བུ་ཕོག་པ་དང་འཇུ་དཀའ་བའི་ཟས་རྣམས་ཟ་བ་དང་དྲག་ཤུལ་གྱི་ལས་སོགས་སྤང་ཞིང༌། སྨན་མར་དེ་མ་ཞུ་བའི་ཚེ་ན་རྒྱམ་ཚྭ་ཨ་རུ་སྒ་པི་ལིང་བཅས་རྒྱམ་ཚྭ་བཞི་ཐང་བཏང་བ་དང༌། སྨན་ཟད་པའི་རྗེས་སུ་ནད་རིགས་དེ་ལ་མི་གནོད་པས་ཟས་གསར་བཅུད་འཇུ་སླའི་རིགས་ཀྱིས་ལུས་ཟུངས་རྣམས་གསོ་བར་བྱའོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ལྔ་པ་སྨན་མར་གྱི་སྡེ་ཚན་བསྟན་པ་སྟེ་ལེའུ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།