སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

ལེའུ་བདུན་པ། ཟངས་ཀྱམ་གྱི་རྩིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 

ལེའུ་བདུན་པ། ཟངས་ཀྱམ་གྱི་རྩིས།

ལུས་ཅན་ཚེ་ཡི་དུས་བྱས་ཚེ། །བླ་སེམས་ཡིད་གསུམ་རིམ་པ་ལྟར། །གཤེད་མས་ཁྱེར་ཞིང་འགྲོ་དྲུག་འཁྱམས། །ཕུང་པོའི་ཡུལ་ལ་ཆགས་པའི་ཕྱིར། །རྒན་རིན་པོ་ཆེས། སྲོག་གཤེད་མས་བཅད། སེམས་འགྲོ་དྲུག་ཏུ་འཁྱམས། བླ་དེ་ཚེ་འདས་ཀྱི་གཟུགས་བཟུང་ནས་སོགས་གསུངས། བླ་ཞེས་པ་ཕུང་པོ་ཞེན་པའི་བག་ཆགས་ཀྱི་རང་གཟུགས་ཡིན་གསུངས། དེ་ཡི་ཕུང་པོ་ལ་བརྟེན་ནས། །ཤུལ་གྱི་གསོན་པོའི་བྱུར་བསལ་ཕྱིར། །དུར་མཛོད་རྩིས་ལ་གསུམ་ཡིན་ཏེ། །གསོན་གྱི་ཁོག་ནས་གཤིན་དབྱུང་ཞེས་གསོན་རྩིས་དང་། །གཤིན་གྱི་ཁོག་ནས་གསོན་འདོན་པ་ཞེས་གཤིན་རྩིས་བྱ་བ། །གཤིན་གྱི་དུར་ཤིད་བརྟག་པའོ། ། 

དང་པོ་གསོན་ཁོག་གཤིན་འདོན་པའི། །ངེས་ཅན་དེ་ནས་གསོན་པོ་མི་ངོ་རེ་ལ་རྒྱས་པར་ཀེག་རྩིས་ཞེ་བདུན་མ་རེ་བྱ། བསྡུ་ན་རྡེ་འུ་ཉི་ཤུ་སྟེ། །མདོར་བསྟན་ནི། རང་ལོ། ཀེག བདུན། མཐུན། གནམ། བཞི། རྩུབ། ལོ་དང་སྲོག་ལུས་དབང་ཐང་ཀླུང་། །གནམ་ལོར་འཐབ་རྡེལ། སྤར་ཁ་བབས་སྨེ་ངོས་འཛིན་རྡེལ་དར་གུད་སྲོག་ལུས་དབང་ཀླུང་བབས་སྨེ་ལྔའི་དར་གུད་གནམ་ལོར་གཏུགས་པའི་རྡེའུ་ལྔ། །དགུ་མིག་དང་དུར་མིག་ལ་ཚུད་མིན། སྤར་ཁ་དགྲ་དང་རང་ཐོག་དཔེར་ན་ས་རྟ་ལོ་པ་ཟིན་ཤིང་ཐོག་སྐྱེས་པ་ལི་བུད་མེད་ཁམས་ལ་སྤར་ཁའི་བདུད་སྒོར་བབས་པ་དང་སྨེ་བ་སོ་སོའི་གཉིས་ནག་དང་སྨེ་ཀེག་བཞི་ལ་བབས་པ་རྩུབ་རྡེལ་བདུན་ལ་བབས་ན་ནག མ་བབས་ན་དཀར་དང་སྐྱེས་སྨེ་འོ། །རྒྱས་བཤད་ནི་རྡེའུ་ཉི་ཤུ་དེ་ཡང་གསོན་ཕྱིང་གཡས་བཏིང་ལ། །ཕུ་བོ་ཕོ་རིགས་དུ་ཡོད་རྒན་གཞོན་རིམ་བཞིན་དང་དེ་ནས་མོ་རིགས་ནས་ནི་རིམ་པ་བཞིན། །བཟའ་སྐོར་སོ་སོའི་བར་དུ་མི་ནོར་ཕྱིར་ཕྱེ་ཡིས་བར་བཅད་ལ་ལིང་ཚེ་བྱ། །ནུ་བོ་ཆུང་བརྒྱུད་ཡན་ཆད་ཀྱི། །གསོན་རྡེལ་མ་ནོར་རིམ་བཞིན་བོར། །དང་པོ་བརྩི་བྱའི་ལོ་རྡེལ་ནི། །ར་བར་རྡེལ་གཉིས་འབྲིང་པོར་རེ། །རང་ཕྱོགས་འབྱུང་བའི་ཁ་དོག་བཞིན། །ཐ་ཆུང་ཕྱོགས་བསྲེས་རྡེ་འུ་ནི། །ཕྲ་མེན་གཉིས་ཏེ་གང་ཡིན་བོར། །དེ་མདུན་སྲོག་ལུས་དབང་ཀླུང་གིས། །གནམ་ལོ་ལའང་འཐབས་པ་གཅོད་འདྲལ་ཕྱེ་བའི་རྡེ་འུ་བཞི་མ་ལ་དཀར་གསུམ་སོགས། །དེ་འོག་སྤར་ཁ་གང་ཡིན་ངོས་འཛིན་རྡེལ། །ཁ་དོག་ཕྱོགས་བཞི་ཕྱོགས་དང་མཐུན། མཚམས་བཞིར་སེར་པོ་རེ་འཕར་རང་རྒྱུད་ཕྲ་མེན་སྔར་ལྟར་བོར། །དེ་འོག་བབས་སྨེ་གང་ཡིན་ངོས་འཛིན་རྡེལ། །གཅིག་དཀར་དཀར་གཅིག་དྲུག་དཀར་གཉིས། །བརྒྱད་དཀར་དཀར་གསུམ་གཉིས་ནག་ལ། །ནག་གཅིག་གསུམ་མཐིང་ནག་གཉིས་བཞི་ལྗང་ལ་ནག་པོ་གསུམ། བཻ་དཀར་ལས་གསུམ་མཐིང་ལ་སྔོན་པོ་གཅིག །བཞི་ལྗང་ལ་ལྗང་ཁུ་གཅིག་གསུངས། །ལྔ་སེར་དཀར་ནག་ཕྱེད་མ་བཻ་དཀར་དུ་ལྔ་སེར་ལ་སེར་གཅིག་གསུངས་དུན་དམར་ལ། །རྡེལ་དམར་གཅིག་དགུ་དམར་ལ་ད མར་པོ་གཉིས་བོར། །སྲོག་ལུས་དབང་ཀླུང་བབས་པའི་སྨེ་བ་ལྔའི། །དར་གུད་རྡེལ་ལྔ་འགྲམ་དང་ནི། །རྩུབ་རྡེལ་བདུན་པོ་རྒྱབ་ཏུ་བོར། །དེ་རྗེས་སྐྱེས་སྨེ་གང་ཡིན་རྡེལ། །ཁ་དོག་དང་གྲངས་བབས་སྨེ་ཇི་བཞིན་བོར་བར་བྱ། །དེ་ལྟར་བོར་བ་ལས་ཡི་གེ་བྲི་བ་འཇུག་པ་བདེ་ཞེས་གསུངས། དེ་ལྟར་རྡེ་འུ་ཉི་ཤུ་འོ། །དེ་ལྟར་བཟའ་ཚང་གི་མི་ངོ་རེ་རེ་བཞིན་དུ་བརྩིས་པས་བཟའ་ཚང་སྤྱི་ཡི་ཀེག་ཆག་ཤེས་སོ།། རྒྱས་པར་མི་རེ་རེ་བཞིན་ཀེག་རྩིས་བཞིན་དུ་བོར། །སྲོག་ལུས་དབང་ཀླུང་སོགས་སྤྱི་དང་བྱེ་བྲག་ཁ་དམར་གདགས། །གསོན་གྱི་ཆགས་བཟློག་རིམ་གྲོ་དང་། །གཤིན་ལ་འགོ་གཤེད་ལ་སོགས་པ། །རིག་པས་མ་ནོར་སྟངས་གཅོད་གཅེས། ། 

གཉིས་པ་བླ་རྡེལ་༡༢ གཤིན་ཁོང་ནས། །བླ་རྡེལ་བཅུ་གཉིས་གསོན་ལོ་གང་ཡིན་སོ་སོའི་འོག་ཏུ་རུས་ཁམས་ཀྱི་ཆད་ཆེན། ཆད་ཆུང་། མ་ལོ་ཆེ་ཆུང་ནས་དབང་བུ། དགྲ་གྲོགས་ཆེ་ཆུང་བཅུ་གཉིས་ཏེ། དེ་ཡང་མཚམས་བཞི་འབྲུག་ལུག་ཆེ། ཁྱི་གླང་ཆུང་། ཕྱོགས་བཞིའི་ཕོ་ལོ་ཆེ། མོ་ལོ་ཆུང་བར་བརྩི། རྡེའུ་བཻ་དཀར་མི་འདྲ། གསོན་རྟགས་གཏན་ལ་དབབ་པ་ནི། །གསོན་རྩིས་བཞིན་དུ་བོར་བ་འམ། །ཡང་ན་ཆད་ཆེན་ནག་པོ་གསུམ། །ཆད་ཆུང་ལ་ནི་ནག་པོ་གཉིས། །མ་ལོ་ཆེ་བར་དཀར་ཆེན་གཉིས། །མ་ལོ་ཆུང་བར་དཀར་ཆུང་གཉིས། །དེ་བཞིན་རང་དབང་ལོར་དཀར་པོ་གཅིག །བུ་ལོར་དཀར་ནག་ཕྱེད་མ་དགྲ་ལོར་ཆེ་ཆུང་ནག །གྲོགས་ལ་དཀར་གཉིས་ནག་པོ་གཅིག །དེ་ཡང་ཆེ་ལོ་ཆུང་ལོ་ལ། །མི་ནོར་རྡེ་འུ་ཆེ་ཆུང་བོར། །ཡང་ན་རང་རྒྱུད་རྡེ་འུ་སྟེ། །མགོ་བསྐད་གནམ་ཐིག་བཏབ་པ་འདྲ། །སོ་སོའི་མདུན་བོར་འབྲས་རྡེལ་དངོས། །རང་ གི་ལོ་ནམ་བྱུང་དང་དེའི་བདུན་ཟུར་ ལ། །དཀར་ ནག་ རེ་རེ་བོར་རོ་ཞེས། །རྩ་བར་གསུངས་མོད་དེ་ལྟ་ནའང་། །ཕྱག་ལེན་དེང་སང་མཛད་པའི་སྲོལ། །མེད་ཕྱིར་འདིར་ཡང་བཏང་སྙོམས་བཞག །རྡེ་འུ་དང་བསྟུན་ཁ་དམར་ནི། །སྤྱི་དང་བྱེ་བྲག་ཁྱད་པར་གྱི། །དུར་སའི་སྐྱོན་ཡོན་གང་ཟློས་བརྟགས། །ཐམས་ཅད་དྲིལ་ལ་སྟངས་གཅོད་བྱ།།

གསུམ་པ་གཤིན་གྱི་གཤིན་རྩིས་དངོས་ལ་འདུར་ཤིད་ཀྱི། །རྡེ་འུ་བརྒྱ་དང་གོ་དགུ་སྟེ། །གཤིན་གྱི་སྲོག་ལུས་དབང་ཀླུང་ཁམས་ཏེ་སྐྱེས་སྨེ། །སྤར་ཁ་ར་སེ་དུར་ལྔ་དང་། །རོ་རིགས་འདོན་ཕྱོགས་སྐྱེ་གནས་གཏོ། །དེ་ལྟར་སྡེ་ཚན་བཅུ་གཉིས་སོ། །

དེ་ཡང་གཤིན་གདན་རོག་པོ་ནི། །གཡོན་ཕྱོགས་བཏིང་ལ་དེའི་ཁར་གཤིན་རྡེལ་བོར། །ཐོག་མའི་སྡེ་ཚན་ལྔ་པོ་ནི། །ཤི་བའི་གནམ་ལོ་གཤིན་པོའི་ལོག་མེན་གཤིན་པོའི་བབས་སྨེ་བ་རྐྱང་པ་དང་། །གཤིན་པོའི་བབས་སྤར་སྤར་ཁ་རྐྱང་པ་དར་གུད་ཤི་བའི་ཟླ་བ་ཞག །ཤི་བའི་དུས་ཚོད་ཤི་བའི་གཟའ་སྐར་གསོན་ལོ་སྟེ། །དེ་ལྟར་རྩ་རྡེལ་བཅུ་གཅིག་ལ། །གཤིན་དེའི་སྲོག་སོགས་ནང་མཐུན་དུ་འཐབ་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་རུས་ཀྱི་ཁམས་དང་ལྔས། །སྲོག་སོགས་ལྔའི་དར་གུད་གནམ་ལོའི་སྟེང་ཁོ་ནར་གཏུག་བརྟག་ཅིང་གཅོད་འདྲལ་འབྱེད། །དཀར་ནག་ཀེག་རྩིས་གསོན་རྡེལ་བཞིན་དུ་བོར། །བཟང་དྲུག་དཀར། ངན་དྲུག་ནག །མ་འཕྲད་དཀར་གསུམ་སོགས་སྤྱི་བཞིན་བོར། དཀར་ནག་བགྲངས་པའི་སྟངས་གཅོད་རྡེལ། དཀར་མང་དཀར། ནག་མང་ནག ཕྱེད་མར་ཁྲ་བོ་བོར་གསུངས། །དྲིལ་བས་རྡེ་འུ་ང་ལྔ་སྟེ། །འཕྲེད་ལ་སྲོག་རྡེལ་བཅུ་སྟངས་བཅས་བཅུ་གཅིག །དེ་འོག་ལུས་རྡེལ་བཅུ་གཅིག་སོགས་འགོད། དེ་སྟེང་གསོན་གཤིན་སྲོག་འཐབས་རྡེལ། ཁམས་ཀྱི་གཅོད་འདྲལ་མཐར་བཞག་པས། །རྡེལ་གྲངས་ང་དྲུག་དག་ཏུ་འགྱུར། །

དྲུག་པ་སྙད་དང་ལེ་ལན་ནི། །སྤར་ཁའི་ནད་བརྒྱད་འདྲེ་བརྒྱད་དང་། །ཕྱུགས་བརྒྱད་ཟས་བརྒྱད་གོས་བརྒྱད་དང་། །ནོར་བརྒྱད་མགྲོན་བརྒྱད་འགྲུལ་པ་བརྒྱད། །ཕྱོགས་བརྒྱད་གནོད་པའི་ས་བརྒྱད་དང་། །རྦོད་གཏོང་བརྒྱད་དེ་དེ་བཅུ་གཅིག་པོ་དག་ལ། །ལེ་ལན་ཐུག་ན་རྡེལ་ནག་དང་། །མ་ཐུག་རྡེལ་དཀར་རྡེལ་བཅུ་གཅིག །

བདུན་པ་ར་བསེའི་རོ་ཟློས་ནི། །གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་བ་དང་། །ཞག་དུས་གཟའ་དང་སྐར་མ་སྟེ། །དེ་རྣམས་ཟློས་པ་ཡོད་མེད་དང་། །གསོན་པོ་གང་ལ་ཟློས་པ་ཡི། །རྡེ་འུ་རེ་བོར་བཅུ་གཅིག་གོ །

བརྒྱད་པ་འབྱུང་དུར་སིལ་བུ་ནི། །གཤིན་དེའི་ཁམས་དང་གནམ་ལོ་དང་། །ཟླ་བ་ཞག་དང་དུས་ཚོད་དང་། །གཟའ་དང་སྐར་མ་སྲོག་དང་ལུས། །དབང་ཐང་ཀླུང་རྟ་སྨེ་བ་དང་། །སྤར་ཁ་རྣམས་ཏེ་བཅུ་གསུམ་གྱིས། །དུར་ལྔར་རེ་རེ་བཞིན་འཐབས་པའི་རྡེ་འུ་བོར། །གཤིན་གྱིས་ཕར་བཅད་དཀར་པོ་སྟེ། །དུར་གྱིས་བཅད་ན་རྡེལ་ནག་ལ། །ནང་འཕྲད་ས་ཆུ་དཀར་པོ་སྟེ། །ཤིང་ལྕགས་མེ་གསུམ་ནག་པོ་བོར། །སིལ་བུའི་རྡེ་འུ་བཅུ་གསུམ་ལྔ་ལ་རེ་ལྔ་འོ། །

དུར་ས་ལྔ་ནི་རི་སྐྱེལ་ཤིང་། །བསྲེག་པ་མེ་ལ་སྦ་བ་ས། །སྒྲུབ་པ་མཚོན་གྱིས་བཤའ་བ་ལྕགས་ལ་སྐྱུར་བ་ཆུ། །གང་ཡིན་དབྱེ་བ་ལ་གསར་རྙིང་གི་ལུགས་མི་མཐུན་པ་མང་དུ་ཡོད།

དགུ་པ་རོ་རིགས་བཅུ་གཅིག་ནི། །མཛེ་རོ་དང་ནི་རབས་ཆད་དྲུག །དམེ་ཕོ་བཟའ་མི་ནང་དམེ་དང་། ཉེ་བ་ནང་དམེ། ཕ་ཚན་ནང་དམེ། རིགས་གསུམ་འོན། ལྐུགས། ལོང་། ཞར། ལག་ཆག་གྲུམ། རྐང་རྡུམ། དིག་པ། རིགས་ངན། སྐྱོན་ཅན་བརྒྱད། །བཀྲ་རིགས་བཀྲ་རྒྱལ། བཀྲ་མུན། བཀྲ་སྲིན། བཀྲ་ནས། ཟུར་བཀྲའོ། །གཞན་ལས་བདུན་དུ་བཤད་པའང་ཡོད། ལྔ་དང་སྲེའུ་རིགས་དྲུག །ནི་ཤང་དཀར་སྐད་མ་ཐོན་པ། ཟླ་རྡིབ་སྐད་ཐོན་ཙམ་གྲགས་པ་རྒྱལ་སྐད་ཐོན་ཞག་ཏུ་གསོས་པ། འབུན་ཟན་ཁ་ལག་འཕྲོད་པ། བྱིན་ཤ་གོམ་པ་ཚུགས་པ། མོན་ལུག་རྩེད་མོ་ནུས་པ་རྣམས་སོ།། གྲིར་ཤི་གྲི་རྒོད་ཁ་ལ་ཆུ་ཐིག་ཀྱང་མ་འཕྲོད་པ། གྲི་གཡུང་ཞག་ཏུ་གསོས་པ་དང་སྨན་ཟོས་པ། གྲི་བག་མདའ་མིན་མདུང་གིས་ཤི ལྷ་བ་གཡག་ཅེས་འབྲོང་དང་སྟག་གིས་བསད་པ། གཞན་ལས་བཅུ་གསུམ་བཞི་དང་གཤིས་ངན་ལྕེབ་ཤི  སྣེལ་བཞི། དུག་ཤི གསུམ། །རྒོད་ཅེས་མཚུན་དང་མཚུན་རབ་འོད་པོ་ཆེ་ནི་བུ་གཡས་དང་བུ་མོ་གཡོན་དུ་བརྫངས་པ། མཚུན་འབྲིང་བུ་མང་ཡོད་པ་ལོགས་སུ་མ་བྱེ་བ་དང་། མཚུན་ཐ་མ་བུ་ཚ་སྐྱེ་ཕྲོར་ཤི་བ། ཞན་པ་དང་། །ངན་པ་རྣམས་ཏེ་བཅུ་གཅིག་པོ། །གང་ཡིན་རྡེལ་དཀར་མིན་ན་ནག །

བཅུ་པ་འདོན་ཕྱོགས་བཅུ་གཅིག་ནི། །ལོ་དང་སྨེ་བ་སྤར་ཁ་དང་། །ཡུལ་ཕྱོགས་རོ་རིགས་ཟླ་བ་དང་། །ཞག་དང་གཟའ་སྐར་དུས་ཚོད་དང་། །གསོན་པའི་ལོ་ཡིས་དྲངས་པ་སྟེ། །སོ་སོའི་གཙང་ཕྱོགས་གང་ཡིན་ལ། །ཕྱོགས་བཞི་འབྱུང་བ་རང་རྒྱུད་དང་། །མཚམས་བཞིར་ཕྲ་མེན་རྡེ་འུ་བོར། །

བཅུ་གཅིག་ཕྱི་མ་གར་སྐྱེ་ནི། །གནམ་ལོའི་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་བ་ཞག །དུས་ཚོད་གཟའ་དང་སྐར་མ་དང་། །གསོན་རྡེལ་རྣམས་ཀྱི་སྐྱེ་གནས་བརྟགས། །ལྷ་ལ་དཀར་གཉིས་མིར་ཕྱེད་མ། །ངན་འགྲོར་ལྷུང་ན་ནག་གཉིས་བོར། །

བཅུ་གཉིས་མཇུག་གཅོད་གཏོ་ཆོག་ནི། །གནམ་ལོ་ལོག་མེན་སྨེ་བ་དང་། །སྤར་ཁ་དར་གུད་ཟླ་ཞག་དུས། །གཟའ་སྐར་ཉམས་རྣམས་བཅོས་པ་དང་། །གསོན་རྡེལ་ཆགས་ཆེར་གྱུར་ན་འཆོས། །དེ་ཡང་བཅོས་ཐབས་གང་དགོས་ལ། །རྡེལ་ནག་དེ་ལྡོག་དཀར་པོར་བོར། །དེ་ལྟར་དྲིལ་བས་འདུར་ཤིད་ཀྱི། །རྡེ་འུ་བརྒྱ་དང་བརྒྱད་བཅུ་བདུན། །དེ་ནས་སྡེ་ཚན་བཅུ་གཉིས་ལ། །དཀར་ནག་བགྲངས་ལ་ཁ་དམར་གྱི། །རྡེ་འུ་བཅུ་གཉིས་ལོགས་སུ་བོར། །དཀར་ལ་དཀར་པོ་ལྡོག་པ་ནག །ཉམས་ན་ཕྱེད་མ་ཁྱད་པར་དུ། །སྲེག་སྒྲུབ་དུར་ལྔའི་ཁ་དམར་ནི། །རང་ལ་རང་འདུར་དཀར་པོ་གཅིག །མ་ལ་བུ་འདུར་དཀར་པོ་གཉིས། །བུ་ལ་མ་འདུར་ནག་པོ་གཉིས། །དགྲ་ལ་གྲོགས་འདུར་ནག་པོ་གཅིག །གྲོགས་ལ་དགྲ་འདུར་དཀར་ནག་གཉིས། །འཐབ་དུས་ཚུར་བཅད་པ་དགྲ། ཕར་བཅད་པ་གྲོགས། རང་ལ་ཚུར་སྐྱོབ་པ་མ། ཕར་སྐྱོབ་པ་བུ་ཡིན་ནོ།། རོ་རིགས་བཟང་ངན་དཀར་དང་ནག །དྲངས་ཕྱོགས་གཙང་བསྟུན་ལོ་རྡེལ་བོར། །སྐྱེ་གནས་ལྷ་མི་ངན་འགྲོ་ལ། །དཀར་གཅིག་ཕྱེ་མ་ནག་གཅིག་སྟེ། །གཏོ་ཆོག་རྡེལ་གྲངས་བསྟུན་པ་གཅེས། །དེ་ལྟར་སྟངས་གཅོད་རྡེ་འུ་ཡི། ཁ་དོག་དང་བསྟུན་ཁ་དམར་ཀྱང་། །སྲོག་གིས་འཆི་དུས་ལུས་དུར་ས། །དབང་ཐང་ཟས་སྐལ་ཀླུང་རྡེལ་གྱིས། །ཤིད་ཀྱི་ཡལ་ག་རུས་ཁམས་རྡེའུས། །འདུར་ཐང་ཆེ་ཆུང་སྤར་ཁ་ཡིས། །ལེ་ལན་ར་བསེས་ཟློས་པ་དང་། །འབྱུང་དུར་སིལ་བུས་སྲེག་སྒྲུབ་བརྩི། །རོ་རིགས་བཞག་ས་འདོན་ཕྱོགས་ཀྱིས། །དྲངས་ཕྱོགས་གནས་རྡེའུས་གར་སྐྱེ་བརྟག །གཞུགས་གཅོད་གཏོ་ཡིས་ཤི་གཞུག་བཅད། །

གཞན་ཡང་གཤིན་ཁོང་གསོན་དབྱུང་བའི། །ཤི་མིག་གང་བལྟས་རྡེ་འུ་རོ་ལེན་འབོར་ཚུལ་ནི། །ཤི་ཟླ་གང་ཡིན་དེ་ཡི་སྲོག་རྐྱང་ལ། །གཤིན་དེའི་སྲོག་ལུས་དབང་ལུང་བཞི། །རེརེ་ལ་རང་མ་བུ་དགྲ་གྲོགས་དང་ལྔར། །ཕྱེ་བས་རིམ་འཐབས་རང་རྡེལ་སོགས། །སོ་སོར་མ་འདྲེས་འཕྲེད་ལ་རྡེའུ་ཉི་ཤུ་བསྒྲིག །

དེ་ནས་རྡེ་འུ་སྤྲུག་པ་ནི། །སྲོག་གི་དགྲ་དང་ལུས་ཀྱི་དངོས། །དབང་ཐང་དགྲ་དང་ཀླུང་རྟའི་དངོས། །སྲོག་གི་གྲོགས་དང་ལུས་ཀྱི་མ། །དབང་ཐང་གྲོགས་དང་ཀླུང་རྟའི་མ། །སྲོག་གི་མ་དང་ལུས་ཀྱི་གྲོགས། །དབང་ཐང་མ་དང་ཀླུང་རྟའི་གྲོགས། །སྲོག་གི་དངོས་དང་ལུས་ཀྱི་དགྲ། །དབང་ཐང་དངོས་དང་ཀླུང་རྟའི་དགྲ། །གཉིས་གཉིས་ཕན་ཚུན་སོ་སོར་བརྗེ། །བུ་བཞི་མི་བརྗེ་རང་སར་བཞག །སྟེང་ནས་མར་དེད་རྡེལ་ཙར་ནི། །དང་པོ་ཕ་ཁུ་རྒན་རིམ་སྤུན། །གཉིས་པ་མ་སྲུ་ཞང་ཉེའི་ས། །གསུམ་པ་མག་པ་ཚ་ཡུགས་ས། །བཞི་པ་དོ་བདག་ས་ཡིན་ནོ། །འཕྲེད་ལ་རང་མ་བུ་སོགས་ལྔ། །རིམ་བཞིན་རྒན་ དང་སྐྱེས་དར་དང་།   །བུད་མེད་དར་མ་བུ་ཚ་དང་། །རྐང་བྲན་ རྣམས་ཀྱི་ས་ཡིན་ནོ། །དེ་ནས་རྡེ་འུའི་རོ་བླངས་ཏེ། །ནག་གསུམ་དཀྱིལ་ནས་དཀར་པོ་ལོང་། །དཀར་གསུམ་ནང་ནས་རྡེལ་ནག་ལེན། །རྡེལ་རོ་མ་དོན་ན་བཟང་། དོན་ན་བཅོས་དགོས། དེ་ལྟར་བླངས་པའི་རྡེལ་རོ་གར་བྱུང་ས་མལ་དེའི་མཐུན་གསུམ་ལོ་པར་གཅིག་ལ་ཟློས་ཞེས་གསུངས། །དེ་ལྟར་བོར་རྡེལ་རང་འགྲེལ་སོགས། །ཟངས་ཀྱམ་མན་ངག་ཡི་གེ་ལྟར། །འདུར་ལུགས་སྲེག་སྒྲུབ་གང་བཟང་དང་། །འགྲམས་ཟློས་ཤི་གཞུག་གཅོད་ཐབས་སོགས། །གཤིན་དང་གསོན་ལ་ཕན་སེམས་ཀྱིས། །ཀུན་ནས་བླངས་ཏེ་བཅོས་པ་གཅེས། །

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། ཟངས་ཀྱམ་གྱི་རྩིས་ཀྱི་ལེའུ་སྟེ་བདུན་པའོ།།  །།

 

གཞན་ཡང་གསོན་གཤིན་གཉིས་ཀ་ལ། །གཅེས་པའི་ས་དཔྱད་བརྟག་ཐབས་དང་། །ཐན་རྩིས་དང་གྱིམ་ཤང་འཕུང་བཤིག་རྣམ་པ་བཞིས། །འགལ་བྱེད་དགྲ་བོ་བརླག་པ་དང་། །རང་ཀེགས་གཞན་ལ་སྤོ་བ་དང་དམག་རྩིས་སོགས། །བཤད་མོད་ཤེས་འདོད་ལྡན་པ་དག །རྒྱ་ཆེན་གཞུང་དུ་བལྟ་བར་གྱིས།། བཀའ་རྒྱ་ཤིན་ཏུ་དམ་པས་འདིར་མ་བཤད། འདིར་ནི་བློ་ལྡན་འགའ་ཞིག་གིས། །ཉེ་བར་བསྐུལ་ཞིང་རང་ཉིད་ཀྱིའང། །དྲན་ཐོར་བསྐོར་མགོ་རྡེལ་བོར་གྱི། །རྩ་བ་ཙམ་ཞིག་བསྡུས་འདི་འང་། །བན་ཆུང་དྷརྨཱ་ཤྲཱི་ཡིས། །དམ་ཆོས་སྒྲུབ་པར་མ་ནུས་པའི། །ཞག་འགའི་ཉི་རིང་འཕུལ་ཕྱིར་བྲིས། །ནོངས་གྱུར་མཁས་རྣམས་བཟོད་པར་བཞེས། །ལེགས་བཤད་གང་མཆིས་དགེ་བ་དེས། །འགྲོ་ཀུན་བདག་སྟོན་རིག་པ་ལ། །བརྟེན་ནས་ཆོས་ཀུན་སྡོམ་གྱུར་པའི། །བདག་མེད་གཉིས་པོ་རབ་རྟོགས་ཏེ། །ཀུན་ཏུ་གྲོལ་བ་བརྙེས་གྱུར་ཅིག །

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ་དྲུག་ཅུ་སྐོར་བཅུ་གཉིས་པའི་མགོར་སྨྱོས་ཀྱི་བན་ཆུང་གིས། །སློབ་དཔོན་མཁས་པ་རྣམས་ཀྱི་དྲིན་ལས་ཅུང་ཟད་ངེས་པ་རྣམས་ཟིན་ཐུན་སུག་རིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག  །མངྒལཾ།

དག་པ་གསེར་མདོ་ལས་། རྟོགས་ན་རང་སེམས་སངས་རྒྱས་ཏེ། །མ་རྟོགས་པ་ལ་གཙུག་ལག་དགོས། །ཞེས་གསུངས། མི་ཕམ་གྱིས། དེ་ལྟར་མ་ནོར་རིག་པས་དཔྱད། །ཀུན་རྫོབ་རྟེན་འབྱུང་བླུ་མེད་དངོས། །ཞེས་དང་། །སྐར་ཡུམ་ལས། རྒྱུ་སྐར་ངན་པ་གང་ལ་ཡང་། །སྐྱེས་དང་ཤི་དང་མནའ་ཤོ་དང་། །གཤིན་བག་མཁར་ལས་གཏད་མནན་སོགས། །དྲག་པོ་གང་བྱེད་ལས་རྣམས་དུས། །གང་ཞིག་གཟུངས་འདི་བརྗོད་གྱུར་ན། །དེ་དག་ཐམས་ཅད་དགེ་ལེགས་འགྱུར། །ཞེས་གསུངས་པ་ལྟར་རོ།།  

སྤར་བྱང་། སྨྲས་པ། ཇི་སྙེད་འགྲོ་བའི་ལྐོག་གྱུར་བདེ་སྡུག་ཀུན། ཀུན་ཀྱང་ཟ་འོག་གོས་ཀྱི་རི་མོ་ལྟར། །ལྟར་སྣང་མ་འདྲེས་མངོན་གྱུར་སྟོན་པའི་གཞུང་། །གཞུང་བཟང་འདི་ནི་དྷརྨཱ་ཤྲཱིས་སོ། །ཡེ་ནས་མ་རིག་ཉོན་མོངས་ལས་སྣང་གིས། །བསྒྲུབ་པའི་འབྱུང་བ་ཕྱི་ནང་འཁྲུགས་གྱུར་ན། །བཟོད་དཀའི་སྡུག་བསྔལ་བསྐྱེད་ཕྱིར་སེལ་བྱེད་ཀྱི། །གཙུག་ལག་ཉིང་ཁུང་འདི་ལས་གཞན་ཡོད་དམ། །དེ་ཕྱིར་པར་གཞི་ཉམས་པ་སླར་གསོའི་སླད། །སྨན་རྩིས་ཁང་ནས་རབ་རྒྱལ་ལྕགས་བྱ་ལོར། །གསར་དུ་བསྐུན་པས་དགེ་ཚོགས་ཟླ་ཟེར་གྱིས། །གཙུག་ལག་རྩིས་ཀྱི་ཀུ་མུད་རྒྱས་གྱུར་ཅིག། །།

མངྒལཾ།

མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 2:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།