སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་བརྒྱད་པ། ལས་ལྔ་ནི་རུ་ཧའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅོ་བརྒྱད་པ། ལས་ལྔ་ནི་རུ་ཧའི་སྐོར།



ལེའུ་བཅོ་བརྒྱད་པ། ལས་ལྔ་ནི་རུ་ཧའི་སྐོར།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔ་ནི་རུ་ཧ་ལ་སྤང་ཡུལ་དང༌། །ཕན་ཡོན་སྦྱོར་བ་ཇི་ལྟར་བཏང་ཚུལ་ལོ།།

སྤང་ཡུལ་གཞང་ལུག་འཁྲུ་བ་འབྱམས་པ་དང༌། །ཚད་གསར་མེ་ཉམས་ས་བོན་འཛག་ལ་སྤང༌།།

ཕན་ཡོན་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྨད་དུ་མཚོན་ཕོག་རྟུག་སྐམས་དང༌། །གླང་ཐབས་སྨད་ཚད་དྲི་ཆུ་བསྡམ་པ་དང༌། །ལྟོ་སྦོས་སྲིན་ནད་སྐྲན་གསར་རིམས་རྙིང་དང༌། །ཁྱད་པར་ནད་སྟོབས་ཆེ་ལ་རྣོན་པོ་བསྔགས། །གཅིན་སྙི་ཚད་པས་འཁྲུ་དང་གསོ་དཀའི་རིམས། །དྲེག་འོར་ཁུ་བ་ཟད་པ་འཇམ་པོས་སེལ།།

སྦྱོར་བ་བར་མ་རྣོ་འཇམ་རྣམ་པ་གསུམ། །བར་མ་དུར་བྱིད་སུག་པ་བུལ་ཏོག་ཕབས། །བྱང་པ་དུད་པ་བ་ཆུ་བསིངས་སྙིགས་སྦྱར། །མཚོན་ཕོག་མཁྲིས་པ་གླང་ཐབས་དབྱི་མོང་དཀར། །སྨད་ཚད་ལྕུམ་རྩ་ལྟོ་སྦོས་ཨུག་ཆོས་སྡེབ། །སྲིན་ལ་སྒོག་སྐྱ་གྲང་ལ་པི་པི་ལིང༌། །ནད་སྟེང་ཁ་བསྒྱུར་རྣོན་པོ་རེ་ལྕག་བསྣན། །འཇམ་པོ་ཨ་རུ་ར་དང་སེང་ཕྲོམ་བཙོད། །ཀྱི་ལྕེ་དུར་བྱིད་ལྕུམ་རྩ་བ་འོ་ཆུ།།

བཏང་ཐབས་བྲེ་ཕྱེད་ཕུལ་བཞི་ཕུལ་ལུ་དོ། །འོ་དྲོད་ཙམ་བསྲོས་འབྲུ་མར་ཅོར་ཅིག་བླུག །གྲོད་པ་བཀང་ལ་གཅེ་འུ་ཚད་ལྡན་གཞུག །སྔས་སྨད་སྒུར་ལ་གསེང་བུག་སྣུམ་བྱུགས་ཏེ། །དབུགས་བཏོན་མ་སྣད་དལ་བུས་སོར་བཞི་གཞུག །ཅུང་ཟད་ཕྱིར་བསྣུར་གྲོད་པ་བཙིར་ལ་བཏང༌། །འགྲོར་མ་འདོད་ན་གཡས་གཡོན་སྟེང་འོག་གཅུ། །ལྷག་མ་ཅུང་ཟད་རླུང་ཡོད་མི་བཏང་བཞག །གཅེ་འུ་བཏོན་ལ་འཕོངས་སུ་རས་ལྟོ་བརྡིག །གཞོགས་གཡོན་འོག་བཅུག་ལན་ཉིས་ལན་གསུམ་བཟློག །མ་བཟློགས་མི་ཐེབས་དྲགས་ན་ལ་རྒལ་འགྱུར། །མི་ཐུབ་ཙོག་པུར་འདུག་ལ་སྣོད་དུ་བཏང་། །སྐྱོ་འདུར་གོང་བུ་ཅོལ་ལེ་བྱུང་ན་ཐེབས། །མ་ཐེབས་ཆུ་རུ་ལོག་ན་བསྐྱར་ལ་བཏང༌། །སྨན་རོ་བདའ་ཕྱིར་རྒྱམ་ཚྭའི་ཆུ་སྐོལ་བཏུང༌། །ཞག་གཅིག་ལྟོ་སྐྱུང་སྨད་ནད་ཀུན་འདྲེན་མཆོག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་ནི་རུ་ཧའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།