སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་བརྒྱད་པ། ནི་རུ་ཧའི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅོ་བརྒྱད་པ། ནི་རུ་ཧའི་སྦྱོར་བ་བསྟན་པ།

བཅུ་དྲུག་པ་ནི་རུ་ཧའི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོང་བྱེད་བཞི་པ་འཇམ་རྩིའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ལས་ལྔ་སོགས་རྐང་པ་གཉིས་ཏེ་སྦྱོང་བྱེད་ཀྱི་ལས་ལྔ་པ་ནི་རུ་ཧ་ལ་སྤང་བའི་ཡུལ། ཕན་ཡོན། སྦྱོར་བ། ཇི་ལྟར་བཏང་ཚུལ་དང་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། བརྒྱད་པ་ལས། དེ་ནས་ནི་རུ་ཧ་འདི་ནི། །སྣུམ་འཇམ་སྐྱིད་པ་དག་དང་ནི། །ལས་ཀྱི་ལུས་སྙོམས་གྱུར་བའི་སྨན། །ཞེས་སོགས་གསུངས། གཉིས་པ་ཚིག་གི་དོན་ནི། སྤང་ཡུལ་སོགས་རྐང་པ་གཉིས་ཏེ། ནི་རུ་ཧ་སྤང་བའི་ཡུལ་ནི། གཞང་ལུག་པ་དང༌། འཁྲུ་བ་འབྱམས་དྲགས་པ་དང༌། ཚད་པ་གསར་པ་དང༌། ཕོ་བའི་མེ་ཉམས་པ་དང༌། ས་བོན་འཛག་པ་རྣམས་ལ་སྤོང་བར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ཕན་ཡོན་ནི། ཕན་ཡོན་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། ནི་རུ་ཧ་བཏང་བའི་ཕན་ཡོན་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། དང་པོ་སྤྱིར་སྨད་དུ་མཚོན་ཕོག་པ། རྟུག་སྐམ། གླང་ཐབས། སྨད་ཀྱི་ཚད་པ། དྲི་ཆུ་བསྡམས་པ། ལྟོ་བ་སྦོས་པ། སྲིན་ནད། སྐྲན་གསར། རིམས་རྙིང་རྣམས་དང༌། ཁྱད་པར་བྱེ་བྲག་ཏུ་ནད་སྟོབས་ཆེ་བ་ལ་རྣོན་པོ་བསྔགས་ཤིང༌། གཅིན་སྙི་བ་དང༌། ཚད་པས་འཁྲུ་བ། གསོ་དཀའ་བའི་རིམས། དྲེག་ནད། འོར། ཁུ་བ་ཟད་པ་རྣམས་འཇམ་པོས་སེལ་བར་བྱེད་དོ་ཞེས་པའོ། །གསུམ་པ་སྦྱོར་བ་ནི། སྦྱོར་བ་ཞེས་པ་ནས་བ་འོ་ཆུ་ཞེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ནི་རུ་ཧའི་སྦྱོར་བ་ལ་རྩ་སྦྱོངས་གསུམ་དང་ཁ་བསྒྱུར་གྱི་སྦྱོར་བ་བཅུ་ལས་རྩ་བ་ལ་བར་མ་རྣོ་བ་འཇམ་པ་རྣམ་པ་གསུམ་དུ་ཡོད་པ། བར་མ་རྣོ་བ་ནི་དུར་བྱིད། ལུག་སུག བུལ་ཏོག ཕབས། བྱང་པ་དམར་ཁྲ། དུད་པ་རལ་བ་གདུང་གསེབ་ཀྱི་ས་མ་འདྲེས་པ། བ་ཆུ་འམ་ཆང་བསིངས་ཀྱི་སྙིགས་མ་རྣམས་སྦྱར། མཚོན་ཕོག་ན་ཁ་བསྒྱུར་གྱི་སྦྱོར་བར་མཁྲིས་པ་བསྡེབས་པ་དང༌། གླང་ཐབས་ལ་དབྱི་མོང་དཀར་པོ། སྨད་ཚད་ལ་ལྕུམ་རྩ། ལྟོ་བ་སྦོས་པ་ལ་ཨུག་ཆོས་ཞེས་པ་རིགས་དཀར་དམར་གཉིས་ལས་དམར་པོ་བཟང་བས་དེ་དང༌། མ་རྙེད་ན་ཁྲོག་ཆེན་པའམ། ཁ་སྟར་བ་ཞེས་བྱ་བའི་འབྲས་བུས་ཚབ་རུང༌། སྲིན་ལ་སྒོག་སྐྱ། གྲང་བ་ལ་པི་པི་ལིང་རྣམས་བསྡེབ་ཅིང༌། ཁ་བསྒྱུར་རྣོན་པོ་བྱེད་ན། རེ་ལྕག་པ་ཐམས་ཅད་ལ་བསྣན། འཇམ་པོ་བྱེད་པ་ན་ཨ་རུ་ར་དང༌། སེང་ཕྲོམ། བཙོད། ཀྱི་ལྕེ། དུར་བྱིད། ལྕུམ་རྩ་རྣམས་བ་འོ་དངྭས་པའི་ཆུ་ལ་གདབ་པར་བྱའོ་ཞེས་བཤད་དོ།།

        བཞི་པ་ཇི་ལྟར་བཏང་ཚུལ་ནི། བཏང་ཐབས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་བཞི་སྟེ། དེ་ལྟར་ནི་རུ་ཧ་བཏང་བའི་ཐབས་ནི། བྲེ་ཕྱེད། ཕུལ་བཞི། ཕུལ་དོ་རྣམས་འོ་དྲོད་ཙམ་བསྲོས་ལ་འབྲུ་མར་ཅོར་ཅིག་བླུགས། གྲོད་པ་བཀང་ལ། དེའི་ཁར་གཅེའུའི་རྩེའུ་སྤུབས་སྲན་མ་ཤོང་ཙམ་ལ། རྩ་བའི་སྦུབས་མཐེ་བོང་ཤོང་བ། རྩ་བ་ནས་མཐོ་གང་རྩེ་མོ་ནས་སོར་བརྒྱད་ཀྱི་མཚམས་སུ་འཕང་ལོ་ཡོད་པའི་ཚད་ལྡན་གཞུག་ཅིང༌། སྔས་སྨད་སྒུར་ལ་གསེང་འཕོངས་ཀྱི་བུག་པར་སྣུམ་བྱུགས་ཏེ་གྲོད་པའི་དབུགས་བཏོན་ནས། བཤང་ལམ་མ་བསྣད་པར་དལ་བུས་གཅེའུའི་རྩེ་ངོས་སོར་བཞི་འཕོངས་ནང་དུ་གཞུག སླར་ཐུར་མ་དེ་ཅུང་ཟད་ཅིག་ཕྱིར་བསྣུར་ལ་གྲོད་པ་དལ་བུས་བཙིར་ལ་ཡར་བཏང༌། གལ་ཏེ་འགྲོར་མ་འདོད་ན་གཡས་གཡོན་སྟེང་འོག་ཏུ་གཅུ་ཞིང་གྲོད་པའི་ནང་གི་སྨན་ལྷག་མ་ཅུང་ཟད་རླུང་ཡོད་པ་ཐོགས་རྫོགས་པར་མི་བཏང་བར་བཞག དེ་མ་ཁད་གཅེའུ་བཏོན་ལ་འཕོངས་སུ་རས་ལྟོ་བརྡེག རས་དྲིལ་བས་འཕོངས་ལ་ཐེམ་འཚངས་རྒྱབ་སྟེ། གཞོགས་གཡོན་འོག་ཏུ་བཅུག་ནས་སྨན་མར་འགྲིམས་པ་དེ་ཡར་ལན་གཉིས་སམ་ལན་གསུམ་ཙམ་ལྡོག་ལ། མ་ལྡོག་ན་མི་ཐེབས་ཤིང་ལོག་དྲགས་ན་ལ་བརྒལ་བར་འགྱུར་རོ། །གལ་ཏེ་སྨན་ཁོང་པར་འཛིན་མི་ཐུབ་ན་ཙོག་པུར་འདུག་ལ་སྣོད་དུ་སྨན་ཕྱིར་བཏང་བ་དེ་ཟག་པ་དང་བསྲེས་པའི་སྐྱོ་བ་འདུར་རེ་བའམ། གོང་བུའམ། ཁུ་བ་དང་སྦྲགས་པ་ཅོལ་ལེ་བྱུང་ན་ཐེབས་ལ། མ་ཐེབས་པར་མར་བཏང་བ་དེ་ཆུ་རུ་ལོག་ན་སླར་བསྐྱར་ལ་བཏང་བར་བྱའོ། །སྨན་རོ་བདའ་ཕྱིར་རྒྱམ་ཚྭའི་ཆུ་བསྐོལ་ཁ་ནས་བཏུང་ཞིང༌། ཞག་གཅིག་ལྟོ་སྐྱུངས་ཏེ་མི་ཟ། དེས་ནི་སྨན་ནད་ཀུན་འདྲེན་པའི་མཆོག་ཡིན་ནོ། །ཞེས་གསུངས་སོ་ཞེས་སོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ཀྱི་ལས་ལྔ་པ་ནི་རུ་ཧའི་ལེའུ་སྟེ་བཅོ་བརྒྱད་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:04 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།