སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་བརྒྱད་པ། ནི་རུ་ཧའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅོ་བརྒྱད་པ། ནི་རུ་ཧའི་སྐོར།



ལེའུ་བཅོ་བརྒྱད་པ། ནི་རུ་ཧའི་སྐོར། 

སྦྱོང་བྱེད་བཞི་པ་འཇམ་རྩིའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། སྦྱོང་བྱེད་ཀྱི་ལས་ལྔ་པ་ནི་རུ་ཧ་ལ་སྤང་བའི་ཡུལ་དང་ཕན་ཡོན་དང་སྦྱོར་བ་དང་ཇི་ལྟར་བཏང་བའི་ཚུལ་དང་རྣམ་པ་བཞིར་ཡོད་དེ།

དེ་ཡང་བརྒྱད་པ་ལས། དེ་ནས་ནི་རུ་ཧ་འདི་ནི། །སྣུམ་འཇམ་སྐྱིད་པ་དག་དང་ནི། །ལས་ཀྱི་ལུས་སྙོམས་གྱུར་བའི་སྨན། །ཞེས་སོགས་གསུངས་པ་ལྟར་རྟོགས་པ་དང༌། འདིར་ནི་རུ་ཧ་སྤང་བའི་ཡུལ་ནི་གཞང་ལུག་པ་དང༌། འཁྲུ་བ་འབྱམས་དྲགས་པ་དང༌། ཚད་པ་གསར་པ་དང༌། ཕོ་བའི་མེ་དྲོད་ཉམས་པ་དང༌། ས་བོན་འཛག་པ་རྣམས་ལ་སྤང་བར་བྱའོ། །

ནི་རུ་ཧ་བཏང་རུང་བའམ་ཕན་ཡོན་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། དང་པོ་སྤྱིར་སྨད་དུ་མཚོན་ཕོག་པ་དང༌། རྟུག་སྐམ་དང༌། གླང་ཐབས་དང༌། སྨད་ཀྱི་ཚད་པ་དང༌། དྲི་ཆུ་བསྡམས་པ་དང༌། ལྟོ་བ་སྦོས་པ་དང༌། སྲིན་ནད་དང༌། སྐྲན་གསར་དང༌། རིམས་རྙིང་རྣམས་དང༌། ཁྱད་པར་རམ་བྱེ་བྲག་ཏུ་ནད་སྟོབས་ཆེ་བ་ལ་རྣོན་པོ་བསྔགས་ཤིང༌། གཅིན་སྙི་བ་དང༌། ཚད་པས་འཁྲུ་བ་དང༌། གསོ་དཀའ་བའི་རིམས་དང༌། དྲེག་ནད་དང༌། འོར་དང་ཁུ་བ་ཟད་པ་རྣམས་འཇམ་པོས་སེལ་བར་བྱེད་དོ་ཞེས།

ནི་རུ་ཧ་ལ་སྦྱོར་བ་བར་མ་གཅིག་དེ་ལ་ཁ་བསྒྱུར་བ་དྲུག་དང་རྣོན་པོ་ཁ་བསྒྱུར་བཅས་པའི་སྦྱོར་བ་དྲུག་འཇམ་པོའི་སྦྱོར་བ་གཅིག་བཅས་ཁྱོན་བཅུ་བཞི་པོ་དེ་དག་རྣམས་གསུམ་དུ་འདུ་སྟེ། བར་མ་ལ་དུར་བྱིད། ལུག་སུག་པ། བུལ་ཏོགཕབས། བྱང་པ་དམར་ཁྲ། དུད་པ་རལ་པ་གདུང་གསེབ་ཀྱི་ས་མ་འདྲེས་པ་རྣམས་བ་ཆུའམ་ཆང་བསིངས་ཀྱི་སྙིགས་མ་ལ་སྦྱར་དགོས་ཤིང༌། ཁ་བསྒྱུར་རིག་པས་དཔག་དགོས་ནི་མཚོན་ཕོག་ན་གོང་སྟེང་ལ་མཁྲིས་པ་བསྡེབས་པ་དང༌། གླང་ཐབས་ལ་དབྱི་མོང་དཀར་པོ། སྨད་ཚད་ལ་ལྕུམ་རྩ། ལྟོ་བ་སྦོས་པ་ལ་ཨུག་ཆོས་ཞེས་པ་རིགས་དཀར་དམར་གཉིས་ལས་དམར་པོ་བཟང་བས་དེ་དང་མ་རྙེད་ན་ཁྲོག་ཆེན་པའམ་ཁ་སྟར་བ་ཞེས་བྱ་བའི་འབྲས་བུས་ཚབ་རུང༌། སྲིན་ལ་སྒོག་སྐྱ། གྲང་བ་ལ་པི་པི་ལིང་རྣམས་བསྡེབས་ཤིང༌། ནད་དེ་དག་སོ་སོའི་སྟེང་ཁ་བསྒྱུར་རྣོན་པོ་བྱེད་ན་རེ་ལྕག་པ་ཐམས་ཅད་ལ་བསྣན་དགོས་ཤིང༌། འཇམ་པོ་བྱེད་པ་ན་ཨ་རུ་ར་དང་སེང་ཕྲོམ་ཞེས་ཞུ་མཁན། བཙོད་ཀྱི་ལྕེ་དཀར་པོ། དུར་བྱིད། ལྕུམ་རྩ་རྣམས་བ་འོ་དང་བའི་ཆུ་ལ་སྦྱོར་བ་དང༌།

དེ་ལྟར་བཤད་པའི་ནི་རུ་ཧ་བཏང་བའི་ཐབས་ནི་བྲེ་ཕྱེད་དང་ཕུལ་བཞི་དང་ཕུལ་ལུ་དོ་རྣམས་མང་ཉུང་དཔགས་ཏེ། བཞོས་ཐོག་གི་འོ་མའི་དྲོད་ཙམ་བསྲོས་ལ་འབྲུ་མར་ཅོར་གཅིག་བླུགས་པ་དེ་གྲོད་པར་བླུགས་ཏེ་བཀང་ལ་དེའི་ཁར་གཅེའུ་རྩེའི་སྦུབས་སྲན་མ་ཤོང་ཙམ་ལ་རྩ་བའི་སྦུབས་མཐེ་བོང་ཤོང་བ་རྩ་བ་ནས་མཐོ་གང་རྩེ་མོ་ནས་སོར་བརྒྱད་ཀྱི་མཚམས་སུ་འཕང་ལོ་ཡོད་པའི་ཚད་ལྡན་དེའི་རྩ་བའི་འཁོར་ལོ་གཞུག་ཅིང་ཁ་བསྡམས་པ་དེ་བཏང་ཡུལ་སྔས་སྨད་དེ་སྒུར་ལ་གསེང་འཕོངས་ཀྱི་བུག་པར་སྣུམ་བྱུགས་ཏེ་གྲོད་པའི་དབུགས་བཏོན་ནས་བཤང་ལམ་མ་བསྣད་པར་དལ་བུས་གཅེའུའི་རྩེ་ངོས་སོར་བཞི་འཕོངས་ནང་དུ་གཞུགསླར་ཐུར་མ་དེ་ཅུང་ཟད་ཅིག་ཕྱིར་བསྣུར་བ་ཞེས་འཐེན་ཏེ་གྲོད་པ་དལ་བུས་བཙིར་ལ་སྨན་དེ་ཡར་བཏང༌། གལ་ཏེ་འགྲོར་མ་འདོད་ན་གཡས་དང་གཡོན་དང་སྟེང་དང་འོག་ཏུ་གཅུ་ཞིང་གྲོད་པའི་ནང་གི་སྨན་ལྷག་མ་ཅུང་ཟད་རླུང་ཡོད་པས་རྫོགས་པར་མི་བཏང་བར་བཞག དེ་མ་ཁད་གཅེའུ་བཏོན་ལ་འཕོངས་སུ་རས་ལྟོ་བརྡིག་ཅེས་རས་དྲིལ་བས་འཕོངས་ལ་ཐེམ་འཚངས་རྒྱབ་སྟེ་གཞོགས་གཡོན་འོག་ཏུ་བཅུག་ནས་བསྡད་ལ་འབྱམས་འོང་གྲབས་བྱུང་བ་ལན་གཉིས་ཙམ་ལན་གསུམ་ཙམ་མ་བཏང་བར་ལྡོག་དགོས་ཏེ། དེ་ལྟར་མ་བྱས་པར་ལྡོག་ན་མི་ཐེབས་ཤིང་ལོག་དྲགས་ན་ལ་བརྒལ་བར་འགྱུར་རོ། །གལ་ཏེ་སྨན་ཁོང་པར་འཛིན་མི་ཐུབ་ན་ཙོག་པུར་འདུག་ལ་སྣོད་ཏུ་སྨན་ཕྱིར་བཏང་བ་དེ་ཟག་པ་དང་འདྲེས་པའི་སྐྱོ་མ་འདུར་རེ་བའམ། གང་བུའམ་ཁུ་བ་དང་སྦྲགས་པ་ཅོལ་ལེ་བྱུང་ན་ཐེབས་པ་ཡིན་ལ། མ་ཐེབས་པར་མར་བཏང་བ་དེ་ཆུ་རུ་ལོག་བྱུང་ན་སླར་བསྐྱར་ལ་བཏང་བར་བྱ་ཞིང༌། སྨན་རོ་བདའ་ཕྱིར་རྒྱམ་ཚྭ་བཏབ་པའི་ཆུ་བསྐོལ་ཁ་ནས་བཏུང་ཞིང་ཞག་གཅིག་ལྟོ་བསྐྱུངས་ཏེ་མི་ཟ་བར་བསྡད་ན་དེས་ནི་སྨད་ཀྱི་ནད་ཀུན་འདྲེན་པའི་མཆོག་ཡིན་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་ནང་ཚན་ལྔ་པ་ནི་རུ་ཧའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།