སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།



ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ། 

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས༌།  ཚ་བ་གབ་པའི་རྒྱུ་རྐྱེན་ངོ་བོ་གང༌། །གབ་པའི་ཚ་བའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

གབ་པའི་ཚ་བའི་རྒྱུ་ནི་གྲང་རླུང་ཡིན། །དེ་ལ་རྐྱེན་གསུམ་རང་བཞིན་གབ་པ་དང་། །གནས་ཀྱིས་གབ་དང་རྐྱེན་གྱིས་གབ་པའོ། །ཡུལ་དུས་རང་བཞིན་ན་ཚོད་ནད་ཁམས་རྣམས། །གྲང་རླུང་ཅན་ལ་ཚ་བ་ཕྲན་བུ་བྱུང༌། །དང་པོ་རང་གནས་བད་རླུང་འོག་ཏུ་གབ། །དེ་ཕྱིར་རང་བཞིན་ཡེ་ནས་གབ་ཅེས་བྱ། །གནས་ཀྱིས་གབ་པ་ཕོ་མཁལ་སྙིང་དང་གསུམ། །ཚ་བ་ཞུགས་ཀྱང་གྲང་རླུང་གནས་ཡིན་པས། །ཚ་བ་གཏིང་གབ་སྤྱི་རྟགས་གྲང་རླུང་སྟོན། །རྐྱེན་གྱིས་གབ་པ་མ་སྨིན་བཅོས་སྔས་དང༌། །བད་ཀན་རི་ཐང་མཚམས་སུ་བཅུད་སྔས་པས། །གྲང་བའི་འོག་ཏུ་ཚ་བ་གབ་པ་ཡིན།།

གབ་པའི་ཚ་བ་སྦས་པའི་མེ་དང་འདྲ། །གྲང་རླུང་གཉིས་ཀྱིས་ཚ་བའི་མགོ་བྱིབས་པས། །བད་རླུང་འོག་ཏུ་ཚད་རྟགས་བག་ལ་ཉལ། །ཕྱི་གྲང་ནང་ན་ཚ་བས་གབ་ཅེས་བྱ།།

དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །བྱེ་བྲག་སྙིང་ལ་ཚ་བ་གབ་པ་དང༌། །ཕོ་བར་གབ་དང་མཁལ་མར་གབ་པའོ།།

བརྟག་ཐབས་བཞི་སྟེ་རྟགས་ལ་ནད་ངོས་བཟུང༌། །རྩ་ཆུས་མཚང་འབྲུ་གཏར་གྱིས་ཕུགས་བཙལ་ཏེ། །ཟས་དང་སྨན་གྱིས་མགོ་ཕུར་བཤུ་བར་བྱ། །རྟགས་ཀྱིས་ངོས་བཟུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཚ་སྟོབས་ཅན་དང་གྲང་སྟོབས་ཅན། །ཚ་སྟོབས་ཅན་དེ་རྩ་དཔངས་དམའ་ལ་གྲིམས། །ཆུ་མདོག་དམར་ལ་ལྡོག་དཀའ་ཤེས་པ་ལྕི། །ངོ་སྣུམ་གཉིད་ལོག་རྗེས་ལ་ཁ་ལྕེ་སྐམ། །ཁ་ཁ་དང་ག་མི་བདེ་སྐབས་སུ་རྔུལ། །ལུས་ལྕི་མིག་དམར་མགོ་ལྕི་སྣ་ཁྲག་འཛག །ནུབ་གཉིད་ཆུང་ལ་ཉིན་གཉིད་ཆེ་བ་དང༌། །མེ་ཉིས་ཕོག་ན་ཁམས་ལྕི་གྱེན་ལ་ངལ། །བསིལ་དྲགས་དྲོས་དྲགས་གཉིས་ཀ་གནོད་པར་ཚོར། །གྲང་སྟོབས་ཅན་དེ་རྩ་རྒྱུད་བྱིང་ལ་བུལ། །ཆུ་སྔོ་ལྡོག་ཏུ་མི་འདོད་གདོང་པ་སྐྱ། །ལུས་གྱོང་དང་ག་མི་བདེ་སྣ་ཆུ་འཛག །ཤེས་པ་བྱིང་ལ་ཟས་སྤྱོད་དྲོ་ན་འཕྲོད། །བྱེ་བྲག་སྙིང་ལ་གབ་ན་སེན་མོ་དཀར། །སྲོད་ལ་གཉིད་ཡེར་ཉིན་མོ་གྲིབ་མ་སྙེག །བྲང་རྒྱབ་གདོང་པ་སྲིན་ཐོར་རྒྱུན་མི་ཆད། །ཆང་འཐུངས་རྗེས་ལ་དྲན་པ་མི་གསལ་འཕྱོ། །ཕོ་བར་གབ་ན་ཚ་གྲང་གཉིས་ཀ་གནོད། །ཁྱད་པར་དྲོད་དྲགས་ཕུར་པ་བཙུགས་ལྟར་ན། །གསར་ཤ་མི་འཕྲོད་ཟས་སྐོམ་དྲོ་འཇམ་ཕན། །མཁལ་མར་གབ་ན་ཟགས་ཆུ་ཁྲག་ཏུ་འབྱུང༌། །ཆང་འཐུངས་འགྲོ་འདུག་རྗེས་ལ་རྐང་པ་ལྕི། །མཁལ་རྩ་གར་ཁྲིད་ས་ནས་གཟེར་རམ་ན། །དེ་ལྟར་ནད་ཀྱི་རྟགས་ལ་ཐེ་ཚོམ་ན། །རྩ་དང་ཆུ་ཡི་སྒོ་ནས་མཚང་འབྲུ་སྟེ། །རྩ་རྒྱུད་མ་ངེས་ཇི་ལྟར་འདུག་ཀྱང་རུང༌། །གཏིང་ན་ཅུང་ཟད་གྲིམས་ལ་མཁྲང་བར་འོང༌། །ཆུ་མདོག་མ་ངེས་ཇི་ལྟར་འདུག་གྱུར་ཀྱང༌། །རླངས་པ་སངས་བུལ་ཀུ་ཡ་ལིང་གི་འོང༌། །དེས་མ་རྟོགས་ན་གཏར་གྱིས་ཕུགས་འཚོལ་ཏེ། །སྙིང་ལ་གབ་ན་སྣོད་ག་གཏར་བས་གསལ། །ཕོ་བར་གབ་ན་རུ་ཐུང་གཏར་བས་ཤེས། །མཁལ་མར་གབ་ན་བྱིན་གཞུག་གཏར་བས་གསལ། །ལུས་སྤྱིར་གབ་ན་གསུམ་ག་གཏར་བར་བྱའོ། །རྣག་མཁྲིས་ལྕགས་གཡའ་ཆགས་ན་གབ་པར་ངེས། །ངེས་ཤེས་མ་སྐྱེས་ཟས་སྨན་མགོ་ཕུར་བཤུ། །དང་པོ་ཁ་ཟས་དྲོད་བཅུད་ཕྱོགས་གཅིག་བསྟེན། །ཐོག་མར་གྲང་བ་ཞི་བས་བདེར་མངོན་ཞིང༌། །བར་དུ་ཕན་དང་གནོད་པ་གང་ཡང་མེད། །མཇུག་ཏུ་གཏིང་ཚད་སླེབ་ནས་གནོད་པར་ཚོར། །དེ་རྗེས་སྨན་གྱིས་མགོ་ཕུར་བཤུ་བ་ནི། །སྤྱི་རུ་གབ་ན་ཅུ་གང་བདེ་བྱེད་སྦྱར། །སེ་འབྲུ་བཞི་པས་བད་རླུང་མགོ་ཕུར་བཤུ། །གུར་ཀུམ་ཅུ་གང་ཨུཏྤལ་ཚ་བ་འཇོམས། །ཁྱད་པར་སྣ་ཁྲིད་ནང་ཡན་ཕུགས་འཚོལ་གསུམ། །རང་གནས་སྣ་ཁྲིད་བཟང་པོ་གསུམ་པོ་ལ། །ནང་ཡན་ཀུན་ལ་པི་པི་ལིང་གིས་བྱེད། །ཕུགས་འཚོལ་གཙོ་བོ་ཙན་དན་གི་ཝཾ་དང༌། །གུར་ཀུམ་གསུམ་ལ་འཁོར་གྱིས་ཁ་སྒྱུར་བ། །སྙིང་ལ་རུ་རྟ་སྤོས་དཀར་ཨ་ག་རུ། །མཁལ་མར་བྲག་ཞུན་གླ་རྩི་ཨ་རུ་ར། །ཕོ་བར་བོང་ང་དཀར་པོ་ལི་ག་དུར། །བྲག་ཞུན་གསེར་གྱི་མེ་ཏོག་ཀ་ར་སྦྱར། །ཐུན་སྐྱུངས་ཆུ་ཚན་འཕུལ་ཏེ་བྲིད་ལ་བཏང༌། །དང་པོར་བད་རླུང་ལ་ཕོག་མི་འཕྲོད་འདྲ། །བར་དུ་གྲང་བ་ཐལ་ནས་གནོད་པ་མེད། །ཐ་མ་ཚ་བར་སླེབ་ནས་ཕན་པར་ཚོར། །དེ་དག་གསུམ་འགྱུར་སྨན་གྱི་མན་ངག་ཡིན།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་ཚུལ་དང་པོ་རྐུན་ཆེན་ཕུགས་སུ་གཞུག །བར་དུ་དུད་ཁུང་རྒྱ་སྐར་བྱེ་བ་དང༌། །ཐ་མ་མེ་ལྷག་ཆུ་ཡིས་བསད་ཚུལ་གསུམ། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །སྨན་གྱིས་བཅོས་པ་ཐང་དང་ཕྱེ་མ་གཉིས། །ཐང་སྦྱོར་འབྲས་བུ་གསུམ་དང་བ་ལེ་ཀ །ཨུཏྤལ་སླེ་ཏྲེས་ཏིག་ཏ་བོང་ང་དཀར། །ག་དུར་བ་ཤ་ཀ་ཡི་བསྡུས་གྲང་བཏང༌། །ཚ་བ་ཁོང་གསོད་ཕྱིར་འཕུལ་ཁྲག་ངན་འབྱེད། །དེ་རྗེས་ཕྱེ་མ་ག་བུར་ཨ་ག་རུ། །བསིལ་གསུམ་ཏིག་ཏ་བོང་ང་ལི་ག་དུར། །ཀ་ར་དཀར་པོའི་རྟ་ལ་བསྐྱོན་ལ་བཏང༌། །གི་ཝཾ་ཙན་དན་བསིལ་གསུམ་ཨ་རུ་ར། །གླ་རྩི་བོང་ང་དཀར་པོ་ཀ་ར་སྦྱར། །གུར་ཀུམ་ཅུ་གང་ཏིག་ཏ་ཨ་རུ་ར། །བྲག་ཞུན་ཨུཏྤལ་མཚེ་ཚིགས་བ་ལེ་ཀ །ཀ་ར་སྦྱར་བ་ཚ་བ་རབ་འབྲིང་ཐ། །སྙིང་མཁལ་ཕོ་བ་གནས་དང་སྦྱར་ཏེ་བསྟེན། །ཡང་ན་གོང་གི་ནང་ཡན་བཞག་པ་ཡི། །སྣ་ཁྲིད་ཕུགས་འཚོལ་སྦྱར་བས་ཚ་བ་འཕུལ། ཁ་ཟས་འབྲས་དང་བ་ལང་ཤ་གསར་དང༌། །ཆག་ཚེ་མར་གསར་ཞོ་དཀྲུགས་མཁས་པས་སྦྱར། །སྤྱོད་ལམ་བསིལ་གནས་དལ་འདུག་གཉིད་མི་ལོག །དེ་ཡིས་ཚ་བ་ཁོང་ནས་ཕྱིར་འཕུལ་ཏེ། །གྲོག་ཚང་བཤིག་འདྲ་ཕྱི་ཚད་སྐྱེས་པ་ན། །དཔྱད་དུ་གང་རྒྱས་རྩ་གཏར་བཤལ་གྱིས་སྦྱང༌། །རུས་བབས་བདུད་རྩི་ལྔ་ཡི་རླངས་ལུམས་བྱ། །ཤ་དང་ལྤགས་ལ་བབ་པ་རྔུལ་དུ་དབྱུང༌། །མཁལ་མ་ནང་རྩར་བབས་ན་རྩ་ནས་སྦྱང༌། །དེ་དག་ཚ་བ་རང་སར་དབྱུང་བ་སྟེ། །དུ་བ་འཁྱིམས་ལ་རྒྱ་སྐར་འབྱེད་བཞིན་ནོ། །ཐ་མར་ཚད་གཞུག་མ་ཐོན་རོ་མ་ལས། །རྐྱེན་དང་ཕྲད་ན་མེ་སྟག་སྤྲ་བ་འདྲ། །དེ་ཕྱིར་གི་ཝཾ་ཙན་དན་བསིལ་གསུམ་དང༌། །ཤིང་མངར་རྒུན་འབྲུམ་ཛཱ་ཏི་པི་པི་ལིང༌། །སེ་འབྲུ་ཤིང་ཚ་ཀ་ར་སྦྱར་བ་ཡིས། །ཕོ་བའི་མེ་གསོ་ཚ་བའི་ལྷག་མ་འདོན། །བལ་ཚིའི་ཆུ་ལུམས་ཏིག་ཏའི་སྨན་མར་སྦྱར། །ཚད་ལྷག་མེད་པའི་རྟགས་ཐོབ་ཁ་ཟས་གློད། །དེ་རྗེས་བྱེ་བྲག་གང་བབས་གསང་ཁ་བསྡམ། །བྱེ་བྲག་སྙིང་ལ་ཚ་བ་གབ་པ་ལ། །ག་བུར་ཙན་དན་དཀར་དམར་ཨ་ག་རུ། །བསིལ་གསུམ་ཛཱ་ཏི་ཞོ་ཤ་གེ་སར་དང༌། །ཨ་རུ་ར་དང་ཀ་ར་སྦྱར་ལ་བཏང་། །ཚད་སྟོབས་ཆུང་ན་ཙན་དན་དཀར་པོ་དང༌། །ཨུཏྤལ་ནཱ་ག་གེ་སར་ཨ་རུ་ར། །ཛཱ་ཏི་སྐྱུ་རུ་ཀ་ར་སྦྱར་ལ་བཏང༌། །རྩེ་ཆུང་སྣོད་ཀ་ལྕེ་རྩ་ཐོང་རྩ་གཏར། །ཚ་བ་ཆོམས་ནས་ནུ་དབྲག་དྲུག་བདུན་བསྲེག །ཁ་ཟས་ཕྱིས་ན་སྙིང་རླུང་འཇུག་པས་ན། །སྔ་རུ་ཟས་གློད་འབྲས་གསུམ་སྨན་མར་སྦྱར། །ཕོ་བར་གབ་ན་སེ་འབྲུ་ལྔ་པའམ། །ད་ལིས་བདུན་པས་ཕོ་བའི་གཞི་བཟུང་ལ། །གུར་ཀུམ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བྲག་ཞུན་དོམ་མཁྲིས་ག་དུར་བ་ལེ་ཀ །ཀ་ར་སྦྱར་བ་དགུང་གཉིས་བསྐོལ་གྲང་དབུལ། །ཡང་ན་བདེ་བྱེད་ཆེན་པོ་དུས་བཞིར་བསྟེན། །རུ་ཐུང་སྣོད་ཀ་གཏར་ལ་(ཆུ་ཆུང་རྩ་བ་བསྡུས་ལ་དུར་བྱིད་པི་ལིང་ཁ་ཚར་བཏབ་པའི་)ཐང་ཁྲུས་བྱ། །ཁ་ཟས་ཁྲེའུ་རྗེས་ལ་ཕོ་གསང་བསྲེག །མཁལ་མར་གབ་ན་དམར་པོ་བཞི་ཐང་བཏང༌། །ཕྱེ་མ་ཙན་དན་གུར་ཀུམ་སུག་སྨེལ་དང༌། །ཏིག་ཏ་བྲག་ཞུན་ཤུག་ཚེར་ཨ་རུ་ར། །ཡང་ན་ཙན་དན་གླ་རྩི་ཨ་རུ་ར། །སུག་སྨེལ་ལི་ཤི་གུར་ཀུམ་ཏིག་ཏ་དང༌། །འཇམ་འབྲས་ཀ་ར་སྦྱར་བཏང་བྱིན་ལོང་གཏར། །གཟེར་སར་གླ་རིལ་དྲི་ཆུར་བཙོས་པས་བདུག །རྗེས་ལ་སྦྲང་ཆང་བོང་ཤས་མཁལ་ཟུངས་གསོ། །རྩ་བ་ལྔ་སྦྱར་ཚིགས་པ་བཅུ་བཞི་བསྲེག །དེ་ལྟར་གབ་པའི་ཚ་བ་རྣམ་པ་གསུམ། །ཚ་རྗེས་དྲོད་ཀྱིས་མ་བཅོས་གྲང་བར་ལྡོག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གབ་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།