སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅོ་བརྒྱད་པ། ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་ཟ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་བཅོ་བརྒྱད་པ། ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་ཟ་བ།



ལེའུ་བཅོ་བརྒྱད་པ། ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་ཟ་བ། 

མི་འཕྲོད་པའི་ཁ་ཟས་བསྡམ་པར་བྱ་བའི་ཚུལ་བསྟན་ཟིན་མ་ཐག་པ་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ལེགས་པར་བཤད་པར་བྱའོ་ཞེས་བསྡམས་ནས་ནད་མེད་ཅིང་བདེ་བར་གནས་པར་འདོད་པའི་སྐྱེ་བོ་བློ་དང་ལྡན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་དུ་ནི་ཁ་ཟས་ཀྱི་ཚོད་རན་པར་ཟ་བར་བྱ་ཞིང༌། དེ་རང་ཇི་ལྟར་ཞེ་ན། ཟས་རྣམས་ཀྱི་ནུས་པ་ལྕི་བ་དང་ཡང་བར་གནས་པའི་ཚད་ལས་རྗེས་སུ་དཔག་པར་བྱ་དགོས་པ་ཡིན་ཏེ། སྐམ་སའི་ནས་བརྔོས་པ་ལས་བྱུང་བའི་རྩམ་པ་དང༌། སྐམ་ས་ལ་གནས་པའི་རི་དྭགས་ཀྱི་ཤ་བཙོས་པ་སོགས་ཡང་ཞིང་དྲོ་བ་རྣམས་ལ་འགྲངས་པར་ཟ་ཞིང༌། དེ་ལས་གོ་ལྡོག་པའི་ཁ་ཟས་ལྕི་ཞིང་བསིལ་བ་རྣམས་ལ་ཕྱེད་འགྲངས་ཙམ་ཟ་བར་བྱ་བ་ཡིན་ལ། མདོར་ན་སྔ་དྲོ་ཟོས་པ་དགོང་མོ་དང༌། ཕྱི་དྲོ་ཟོས་པ་ཐོ་རངས་ཀྱི་དུས་སུ་བདེ་བླག་ཏུ་འཇུ་སླ་བར་གྱུར་པ་གང་ཡིན་པ་དེ་ལ་ཟས་ཚོད་ཟིན་པ་ཞེས་སུ་བཤད་པ་ཡིན་པས། དེ་ལྟ་བུ་དེ་ནི་ལུས་ཡུན་རིང་དུ་འཚོ་བར་བྱེད་པའི་རྒྱུའི་གཙོ་བོ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཟས་ཚོད་ཟིན་པ་དེས་ཞིང་ས་དང་འདྲ་བའི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་ཅིང་མེ་དྲོད་དེ་སྟོབས་དང་ལྡན་ན་གཅོང་ནད་ཐམས་ཅད་ཀྱི་རྩ་བའམ་རྒྱུ་མ་ཞུ་བ་སོགས་མི་འབྱུང་བ་ཡིན་པའི་ཕྱིར་རོ།།

ཟས་ཚོད་ཟིན་པ་ནི་མེ་དྲོད་ལ་སོགས་པ་བསྐྱེད་པའི་རྒྱུ་ཡིན་ཡང་གལ་ཏེ་ཟས་ཀྱི་ཚོད་མ་ཟིན་པར་ཆུང་པར་གྱུར་ན་ནི་ལུས་ཀྱི་སྟོབས་དང་མདངས་ལ་སོགས་པ་མི་འཕེལ་ཞིང་རྒྱུ་དེས་ལུས་ཉམས་པར་འགྱུར་ལ་ཁྱད་པར་རླུང་ནད་མ་ལུས་པ་འབྱུང་བར་བྱེད་པ་དང༌། ཡང་ན་ཁ་ཟས་ཚད་ལས་ཐལ་ན་ནི་མ་ཞུ་བེ་སྣབས་བསྐྱེད་ནས་དེས་མེ་དང་མཉམ་པའི་རླུང་རྒྱུ་བའི་རྩ་སྦུབས་བཀག་སྟེ་མེ་སྦར་བའི་རྒྱུན་ཆད་པ་ལ་བརྟེན་ནས་ཕོ་བའི་མེ་དྲོད་ཉམས་པས་གསུད་ནད་དང༌། ཤིང་རེངས་ལ་སོགས་པའི་ཉེས་པ་རྣམས་དང་གཅོང་ནད་མ་ལུས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཁོ་ན་ཡིན་པ་དེའི་ཕྱིར་ན་ཁ་ཟས་ཡང་ལྕི་དང་ཕོ་བའི་མེ་དྲོད་ཆེ་ཆུང་འགྲངས་ཚོད་རྣམས་གཅིག་ཏུ་སྦྱར་ཏེ་ལོངས་སྤྱོད་པར་བྱའོ།།

མེ་དྲོད་ཀྱི་ཤས་ཆུང་ཞིང་རླུང་མཁྲིས་ཀྱི་ནད་མེད་པ་དང་རྒྱལ་པོ་ལ་སོགས་པ་ལུས་བདེ་ཞིང་དལ་བར་འདུག་པ་རྣམས་ཀྱིས་ལྟོ་བའི་བཞི་ཆ་གཉིས་ཁ་ཟས་ཀྱིས་དགང་ལ་བཞི་ཆ་གཅིག་སྐོམ་གྱིས་དགང་བ་དང་ཆ་བཞི་པ་ནི་བད་ཀན་མྱག་བྱེད་དང༌། མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གསུམ་གྱི་གནས་སུ་གཞག་པར་བྱ་བ་ཡིན་གྱི། དར་མ་མེ་དྲོད་ཆེ་བ་དང་ལུས་བྲེལ་བ་སོགས་ལ་དེ་ལྟར་མ་ཡིན་ཏེ། དེ་ལས་ཅུང་ཟད་འགྲངས་པར་ཟའོ་ཞེས་དོན་གྱིས་རྟོགས་པར་བྱའོ།།

ཕོ་བའི་མེ་དྲོད་ཆེ་བ་རྣམས་ཀྱིས་རྩམ་པ་ལས་གཡོས་སུ་བྱས་པའི་ཟས་ཟོས་རྗེས་སུ་ཆུ་བསིལ་དྭངས་ཤིང་དྲི་མ་མེད་པའི་སྐོམ་འཐུངས་པར་གྱུར་ན་ངོམས་ཤིང་ཚིམ་པ་དང༌། ལུས་ཀུན་ལ་ཁྱབ་ཅིང་རྫོགས་པར་བྱེད་པ་དང༌། ཟས་སྐ་བའི་ཆ་ཤས་རྣམས་འདྲུལ་བ་དང༌། བདེ་བླག་ཏུ་འཇུ་ཞིང་ལུས་ཀྱི་ཉམས་ཚགས་བརྟས་ཤིང་ལུས་སྟོབས་ཆེས་ཆེར་འཕེལ་བར་བྱེད་པ་ལ་སོགས་པའི་ཕན་ཡོན་དང་ལྡན་པ་ཡིན་ལ། འོན་ཀྱང་སྐད་འགགས་པ་དང་གློ་རྡོལ་དང་ལུད་པ་དང་ཆམ་པ་ལ་སོགས་ཏེ་མདོར་ན་ནམ་ཚོང་ཡན་ཆད་ཀྱི་ནད་ཡོད་པ་རྣམས་ལ་གནོད་པ་ཡིན་ནོ། །མེ་དྲོད་ཆུང་བ་རྣམས་ལ་ནི་ཤ་ཟོས་པའི་རྗེས་ལ་ཆང་བཏུང་བར་བྱ་ཞིང༌། དེའང་ཅུང་ཟད་མི་འཇུ་བའི་རྣམ་པས་སྦོས་པར་གྱུར་ན་ཟོས་རྗེས་དེར་སླར་ཡང་ཆུ་བསྐོལ་བཏུང་བར་བྱ་བ་ཡིན་ལ། དེ་བཞིན་ལུས་སྐེམ་པོ་དེ་ཉིད་ཤས་ཆེར་རྒྱས་པར་བྱེད་འདོད་ན་མྱོས་པ་མ་ཡིན་ཙམ་དུ་ཆང་བཏུང་བར་བྱ་བ་དང༌། དེ་ལས་ལྡོག་སྟེ་ལུས་སྦོམ་པོའི་ཤ་དབྲི་ཞེས་འབྲི་བར་འདོད་པ་ལ་སྦྲང་རྩི་དང་སྦྱར་བའི་ཆུ་ཡང་ཡང་དུ་བཏུང་བར་བྱའོ། །གཞན་ཡང་འདི་ལྟ་སྟེ་ཞོ་དང་ཆང་དང་དུག་གིས་སྦགས་པའི་ཁ་ཟས་དང་སྦྲང་རྩི་རྣམས་ཟོས་པས་ན་བར་གྱུར་ཏམ། ན་བར་མ་གྱུར་ན་ཡང་དེ་ལ་རྗེས་ཐོག་དེ་ཉིད་དུ་ཆུ་བསིལ་འཐུངས་ན་ཟུག་རྔུ་འཇོམས་ཤིང་ཕྱིས་མི་ལྡང་བར་ཕན་པ་ཡིན་ལ། མདོར་ན་ཁ་ཟས་ཟན་དང་བཅས་པ་གཙོ་ཆེར་ཟོས་པའི་བར་དང་ཐ་མ་དང་ཐོག་མར་གོང་དུ་སྐོམ་སྟེ་ཆུ་འཐུང་བར་གྱུར་པ་དེ་ལས་རིམ་པ་བཞིན་དུ་དང་པོ་ལྟར་ན་ལུས་ཀྱི་ཉམས་ཚགས་རན་ཞིང་གཉིས་པ་ལྟར་ན་སྦོམ་པ་དང༌། གསུམ་པ་ལྟར་ན་རིད་ཅིང་སྐེམ་པོར་འགྱུར་བ་ཡིན་པས་དེ་ལྟར་ཡིད་དང་མཐུན་པར་སྤྱད་པར་གྱིས་ཤིག

རླུང་ལ་སོགས་པའི་ཉེས་པ་རྣམས་རང་རང་གི་ལམ་མ་ཡིན་པ་རྣམས་སུ་མི་འགྲོ་ཞིང་ལུས་ཀྱི་མེ་དྲོད་བཅུ་གསུམ་པོ་ཐམས་ཅད་ཆེས་ཆེར་འབར་ཞིང་འཇུ་བའི་ལས་བྱེད་པ་དང༌། ལུས་ཡང་ཞིང་དང་ག་བདེ་ལ་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་སོ་སོ་ལ་གསལ་བར་ལོངས་སྤྱོད་པ་དང༌། ཤེད་སྟོབས་ཆེ་ཞིང་བཤང་བ་དང་གཅི་བ་འོག་རླུང་དང་བཅས་པ་གནོད་མེད་བདེ་བར་རྒྱུ་བ་ལ་སོགས་པའི་ཡོན་ཏན་རྣམས་ནི་གོང་དུ་བཤད་པ་ལྟ་བུའི་ཟས་ཀྱི་ཚོད་ལེགས་པར་ཟིན་པ་དག་ལས་ངེས་པ་ཁོ་ནར་འབྱུང་བར་འགྱུར་རོ་ཞེས་གསལ་བར་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་ཟ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།