སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བཞི་པ། ལས་ལྔ་བཤལ་གྱི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་བཞི་པ། ལས་ལྔ་བཤལ་གྱི་སྐོར།



ལེའུ་བཅུ་བཞི་པ། ལས་ལྔ་བཤལ་གྱི་སྐོར།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔའི་མཆོག་གྱུར་བཤལ་ལ་བརྟག་པ་དང༌། །བཏང་ཐབས་སྐྱོན་ཡོན་རྣམ་པ་བཞི་ཡིས་བསྟན།།

དང་པོ་རུང་དང་མི་རུང་ནད་གཞི་བརྟག །རན་དང་མི་རན་དུས་ཚོད་བརྟག་པ་དང༌། །ཐུབ་དང་མི་ཐུབ་ལུས་ཤེད་བརྟག་པར་བྱ། །རུང་བ་རིམས་འཁྲུགས་ཚ་བ་སྨིན་རྒྱས་དང༌། །དུག་དང་སྣོད་ཚད་མ་ཞུ་སྐྲན་ནད་དང༌། །སྐྱ་རྦབ་དམུ་ཆུ་བད་སྨུག་ཆུ་སེར་མཛེ། །དྲེག་གྲུམ་སྲིན་ནད་རབ་རིབ་རྨ་རྙིང་སོགས། །ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །ཁྱད་པར་མཁྲིས་པའི་ནད་ལ་མཆོག་ཏུ་བཤད། །མི་རུང་དགུན་དུས་ཟུངས་ཟད་རྒས་པ་དང༌། །གདོན་ཅན་སྦྲུམ་མ་རླུང་ནད་མེ་དྲོད་ཉམས། །གཞང་ནད་ཐུར་སེལ་ལོག་དང་སྐྱུག་ལང་ཅན། །ཟུག་རྔུ་ཁོང་དུ་ལས་ལ་བཏང་མི་བྱ། །རན་དང་མི་རན་དུས་ཚོད་བརྟག་པ་ནི། །ནད་གང་སྨིན་འདུས་བཤིག་སློང་རྒྱས་དུས་སྦྱང༌། །དེ་ལྟར་མ་ཡིན་སྔས་ན་ནད་མི་འདྲོངས། །དུས་སུ་མ་སྦྱངས་འཕྱིས་ན་བརྟས་པར་འགྱུར། །དེ་ཕྱིར་སྦྱང་བའི་དུས་ཚོད་ཤེས་པ་གཅེས། །ཐུབ་དང་མི་ཐུབ་ལུས་ཤེད་བརྟག་པ་ནི། །ཟུངས་ཟད་སྟོབས་མེད་ཟས་ཀྱིས་བོར་བ་དང༌། །རྩ་ཡི་ཤེད་ཤོར་སྤུན་སྡོད་སྦྱོངས་མི་ཐུབ། །ཅི་ཕྱིར་མི་དེའི་ནད་ལ་སྲོག་གནས་པས། །སྦྱོངས་ཞན་ནད་སློང་སླར་ཡང་དང་ག་འགག །སྦྱང་བ་དྲགས་ན་ནད་སྲོག་གཉིས་ཀ་འཇོམས། །དེ་ཕྱིར་བཀྲུ་སྨན་མི་བཏང་དུག་དང་མཚུངས། །དེ་འདྲ་འཇམ་རྩི་ནི་རུ་ཧ་སྤེལ་བསྔགས།།

བཏང་ཐབས་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ། །སྔོན་དུ་འགྲོ་ལ་རིང་དང་ཉེ་བ་གཉིས། །རིང་བའི་སྔོན་འགྲོ་གློ་བུར་ནད་མིན་ལ། །ཐང་དང་ཕྱེ་མས་བྱེར་བསྡུ་འདྲིལ་བ་བཤིག །ཞེན་པ་འགོགས་དང་གབ་པ་སློང་བ་དང༌། །མ་སྨིན་སྨིན་པར་བྱས་ལ་བཏང་བ་བསྔགས། །ཉེ་བའི་སྔོན་འགྲོ་གཟའ་སྐར་ཚེས་བཟང་ལ། །མཁན་པ་སྦང་མ་ཆུ་འཇམ་བསྲོས་པ་ཡིས། །ལུས་ཀུན་དག་པར་བཀྲུས་རྗེས་མར་གསར་དང༌། །འབྲུ་མར་ཚ་གྲང་ནད་དང་སྦྱར་བྱས་ཏེ། །ལྟོ་བ་མ་གཏོགས་བསྐུ་མཉེ་འཐེམ་པར་བྱ། །རླུང་ཤས་ཆེ་དང་ལྟོ་བ་སྲ་བ་ལ། །ཞུན་མར་ལྟོར་བཏང་ཨ་རུ་མཆུ་རིང་མུར། །འཇམ་རྩི་མས་བཏང་རླུང་གཞིལ་བད་མཁྲིས་བསླང༌། །མདོར་ན་བཤལ་དགྲ་རླུང་ཡིན་དེ་འདུལ་གཅེས། །ཤིན་ཏུ་ཉེ་བ་གཏོང་གོང་ཞག་གཅིག་ནས། །གྲོ་སྲན་སྔོ་ངད་ཉ་ཕག་རུལ་སྐྱུར་དང༌། །འོ་མ་ལ་སོགས་གང་གནོད་ཟས་ཀྱིས་བསླང༌། །གཏོང་ནུབ་ཟྭ་ཚོད་སྡོར་ཐལ་མེད་པ་བཏུང༌། །དེ་ཡིས་ནད་སློང་ལྟོ་སྙི་རླུང་ཁ་གནོན། །དངོས་གཞི་སྨན་གྱི་སྦྱོར་སྡེ་བཏང་ཚུལ་དང༌། །ལྕག་དང་འདོན་ཚད་ལོག་གནོན་རྣམ་པ་ལྔ། །སྦྱོར་སྡེ་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དང༌། །ཐོར་བུ་ནད་ཀྱི་སྒོས་བཤལ་རྣམ་པ་གཉིས། །དང་པོ་སྣ་སེལ་དེད་དཔོན་ཁ་འཛིན་གསུམ། །སྣ་སེལ་ཨ་རུ་མཆུ་རིང་ལྕུམ་རྩ་དང༌། །ཆུ་མ་རྩི་དང་རྒྱམ་ཚྭ་པི་པི་ལིང་། །བསྡུས་ཐང་དྲོ་འཇམ་ནམ་དགུང་བཏང་བྱས་པས། །འཁྲུ་ནུས་རྒྱུ་འཁྲོག་ཅི་ཡང་མེད་དང་གསུམ། །དེ་ལས་ལྟོ་བ་སྲ་སྙི་དཔགས་བྱས་ཏེ། །དེད་དཔོན་ཐུན་ཚད་ཆེ་ཆུང་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་ལྟོ་སྲ་ཐུན་ཆུང་པས། །ནད་སློང་ཕྱིར་མི་ཐོན་ཏེ་ཉེས་པ་ཆེ། །ལྟོ་སྙི་ཐུན་ཆེས་མི་ཆོད་ལུས་ཟུངས་འཇོམས། །དེས་ན་ལྟོ་བ་བརྟག་ཕྱིར་སྣ་སེལ་གཅེས། །ལྟོ་སྙི་མི་སྐྱུག་རྣོ་འཇམ་གྲོགས་སུ་འགྱུར། །དེད་དཔོན་ཨ་རུ་མཆུ་རིང་དན་རོག་དང༌། །ཤྲཱི་ཁཎྜ་དུར་བྱིད་རྣམ་པ་བཞི། །ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་གདུལ། །དནྡ་རོག་པོ་ལྕེ་གདོན་ཕྱེ་ལ་གདུལ། །ཤྲཱི་ཁཎྜ་མར་དཀར་ནང་དུ་གདུལ། །དུར་བྱིད་རྐང་ཤུན་དུག་ཕྲལ་ཡོས་སུ་གདུལ། །ཆ་མཉམ་ཞིབ་བཏགས་རིལ་བུ་དྲིལ་བ་ཡིས། །རྣོ་ལ་དྲག་སྟེ་སྟོབས་ལྡན་ནད་ཀུན་འཇོམས། །ཡང་ན་ཐར་ནུ་དུར་བྱིད་ཨ་རུ་ར། །ལྕུམ་རྩ་སྔོན་བུ་ཁྲོན་བུ་ཤྲཱི་ཁཎྜ། །དན་རོག་དན་ཁྲ་དོང་ག་བ་ཆུར་བསྡུས། །སྣ་མ་ཚིག་པའི་ཁཎྜ་རྣོ་ལ་འཇམ། །མི་སྐྱུག་མི་འགྱིང་ལྷེན་དང་རླུང་མི་སྐྱེ། །ནད་དང་སྦྱར་ནས་དྲག་ཞན་ཟོ་ཡིས་འཁྲུ། །དགུན་དུས་སྦྲུམ་མ་རྒས་དང་ཟུངས་ཟད་དང༌། །ལམ་ཁའི་འགྲོན་པོ་ལ་ཡང་བཏང་དུ་བཏུབ། །གཙོ་བོ་དེ་ལ་འཁོར་གྱིས་ཁ་བསྒྱུར་བ། །ཙན་དན་ཨ་ག་རུ་དང་སྙིང་ཞོ་ཤ །བསྡེབས་པས་སྙིང་གི་ཚ་བ་སྦྱོང་བར་བྱེད། །ཚ་ལ་ཤིང་མངར་རྒུན་འབྲུམ་ཨ་ཀྲོང་བསྡེབས། །གློ་བའི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། །གུར་ཀུམ་བ་ཤ་ཀ་དང་བྲག་ཞུན་བསྡེབས། །མཆིན་པའི་ཚ་བ་འཁྲུ་བར་བྱེད་པ་ཡིན། །ཡ་བཀྵ་ར་ཐལ་ཚྭ་པི་པི་ལིང༌། །བསྡེབས་པས་མཆེར་ནད་འཁྲུ་བར་བྱེད་པ་ཡིན། །ལྕམ་པ་སུག་སྨེལ་དབྱི་མོང་བསྡེབས་པ་ཡིས། །མཁལ་མའི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། །མ་ནུ་རྒྱམ་ཚྭ་པི་པི་ལིང་དང་གསུམ། །ཕོ་བའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བསྡེབས་པས་མཁྲིས་པའི་ནད་རྣམས་སྦྱོང་བར་བྱེད། །སྙ་ལོ་བཙོད་དང་ཁ་རུ་ཚྭ་བསྡེབས་པས། །རྒྱུ་ལོང་སྣོད་ནད་སྦྱོང་བར་བྱེད་པ་ཡིན། །བྱང་པ་སྡིག་སྲིན་སྤོས་དཀར་བསྡེབས་པ་ཡིས། །རྩ་ནད་ཐམས་ཅད་སྦྱོང་བར་བྱེད་པ་ཡིན། །དབྱི་མོང་སྲུབ་ཀ་བྱང་པ་བསྡེབས་པ་ཡིས། །མགོ་སྐྱོན་རྩ་ནད་སྦྱོང་བར་བྱེད་པ་ཡིན། །ལི་ག་དུར་དང་དོམ་མཁྲིས་ཉི་དགའ་བསྡེབས། །སྟོད་ཀྱི་རྩ་ནད་ཐམས་ཅད་སྦྱོང་བར་བྱེད། །རྒྱ་ཚྭ་སྡིག་སྲིན་སུག་སྨེལ་བསྡེབས་པ་ཡིས། །སྨད་ཀྱི་རྩ་ནད་ཐམས་ཅད་སྦྱོང་བར་བྱེད། །སེ་རྒོད་བར་ཤུན་དབྱི་མོང་སོ་མ་ར། །པགས་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། མེ་ཏོག་ལུག་མིག་བིལ་བ་ཨ་འབྲས་བསྡེབས། །མགོ་བོའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ཨ་བ་ཨ་རུ་ར་དང་ལྕགས་དྲེག་བསྡེབས། །མིག་གི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ག་བུར་ཙན་དན་གི་ཝཾ་བསྡེབས་པ་ཡིས། །ཚད་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །པི་པི་ལིང་དང་རྒྱམ་ཚྭ་ན་ལེ་ཤམ། །བསྡེབས་པས་གྲང་བའི་ནད་རྣམས་སྦྱོང་བར་བྱེད། །འབྲས་བུ་གསུམ་བསྡེབས་ཚ་གྲང་འདྲེས་པ་སྦྱོང༌། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །བསྡེབས་པས་ཆུ་སེར་ནད་རྣམས་སྦྱོང་བར་བྱེད། །ཁྱུང་སྡེར་རེ་རལ་བོང་ང་དཀར་པོ་བསྡེབས། །དུག་གི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །བསེ་ཡབ་འུ་སུ་པུས་ཀར་མཱུ་ལ་བསྡེབས། །བད་ཀན་སྨུག་པོའི་ནད་རྣམས་སྦྱོང་བར་བྱེད། །དབྱི་མོང་སྲུབ་ཀ་ཤུ་དག་བསྡེབས་པ་ཡིས། །སྐྲན་གྱི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །གླ་གོར་ཞོ་ཤ་སྔོན་བུ་པད་མེ་བསྡེབས། །དམུ་ཆུའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ནིམ་པ་རྒྱ་ཚྭ་ཛཱ་ཏི་ཕ་ལ་བསྡེབས། །སྐྱུག་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ཟར་མ་ཤུ་ཟུར་ཟོམ་རྩི་བསྡེབས་པ་ཡིས། །ཕོ་ལོང་སྦོས་པའི་ནད་རྣམས་སྦྱོང་བར་བྱེད། །ཛཱ་ཏི་པི་པི་ལིང་དང་ན་ལེ་ཤམ། །གྱེན་ལོག་རླུང་དང་རྒྱུ་ལོང་འཁྲོལ་བ་སྦྱོང༌། །བྱི་ཏང་ག་དང་གཡེར་མ་མ་རུ་རྩེ། །བསྡེབས་པས་སྲིན་ནད་མ་ལུས་སྦྱོང་བར་བྱེད། །གུར་ཀུམ་དབྱི་མོང་སོ་མ་ར་ཛ་བསྡེབས། །དྲེག་གི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། །རུ་རྟ་མུ་ཟི་རྒྱ་ཚྭ་བསྡེབས་པ་ཡིས། །ཤ་རུས་རྩ་ཡི་འབྲས་ནད་སྦྱོང་བར་བྱེད། །ཨ་ཤོ་གནྔྷ་འོལ་མོ་ཡ་བཀྵ། །བསྡེབས་པས་བུ་སྣོད་ནད་རྣམས་སྦྱོང་བར་བྱེད། །མི་རུས་བཙའ་མ་ཡ་བཀྵ་ར་བསྡེབས། །རྩམ་པ་མི་འཁྲུ་ནད་རྣམས་སྦྱོང་བར་བྱེད། །བ་སྤྲུ་བསྡེབས་པས་སྦྲུམ་མའི་བུ་མི་འཆོར། །ཆུ་མ་རྩི་དང་བསྡེབས་པས་སྐྱུག་མི་སྲིད། །དངུལ་ཆུ་དུང་ཐལ་རྒྱ་ཚྭ་བསྡེབས་པ་ཡིས། །མི་སྐྱུག་མི་འགྱིང་མྱུར་དུ་འབིགས་པར་བྱེད། །མྱང་རྩི་སྤྲས་དང་བསྡེབས་པས་འབྱམས་མི་སྲིད། །དྲི་ཆུ་ཆུ་རུག་བསྡེབས་པས་ཆུ་མི་གནོད། །ཉི་དགའི་འབྲས་བུ་བསྡེབས་པས་ཁ་མི་སྐོམ། །ཁ་བསྒྱུར་སུམ་ཅུ་གནད་ཀྱི་མན་ངག་བདུན། །འདི་ལྡན་ནད་ཡུལ་འབྱིན་པར་ཐེ་ཚོམ་མེད། །ཐོར་བུ་ནད་ཀྱི་སྒོས་བཤལ་བསྟན་པ་ནི། །ཐར་ནུ་དུས་བརྐོས་བ་ཆུར་བཏུལ་བ་དང༌། །ཆུ་རྩ་ཁྲོན་བུ་ཧོང་ལེན་གསེར་མེ་ཏོག །འཁྲུགས་རིམས་རྒྱས་པའི་ཚད་པ་སྦྱོང་བར་བྱེད། །ཐར་ནུ་ཆུ་རྩ་རེ་ལྕག་རྩ་བ་གསུམ། །གག་ལྷོག་རྒྱུ་གཟེར་གཉན་གླང་གཟེར་ཐུང་སྦྱོང༌། །དུར་བྱིད་ཧོང་ལེན་ཚ་ལ་སྟར་བུ་ཡིས། །བད་ཀན་སྨུག་པོའི་ཚད་པ་སྦྱོང་བར་བྱེད། །ཁྲོན་བུ་ཚ་ལ་པ་ཏོལ་མཁྲིས་ནད་སྦྱོང༌། །དུར་བྱིད་སྟར་བུ་དུང་ཐལ་སྦྲུལ་གྱི་ཤ། །རྒྱ་ཚྭ་བུ་རམ་སྦྱར་བའི་རིལ་བུ་ཡིས། །ཁྲག་མཁྲིས་མ་ཞུ་གླང་ཐབས་སྦོས་པ་འཇོམས། །ཤྲཱི་ཁཎྜ་སྔོ་ཡི་ཚ་བ་གསུམ། །རྒྱ་ཚྭ་བུ་རམ་རིལ་བུས་སྐྲན་ནད་སྦྱོང༌། །དུར་བྱིད་སྒྲོན་ཤིང་བཅའ་སྒ་ལྕགས་ཕྱེ་དང༌། །བ་ཆུ་སྦྱར་བས་སྐྱ་རྦབ་སྦྱོང་བར་བྱེད། །དནྡ་དུར་བྱིད་ཤྲཱི་ཁཎྜ་དང༌། །ཐར་ནུ་ཁྲོན་བུ་ལྕུམ་རྩ་རེ་ལྕག་པ། །དོང་ག་སྔོན་བུ་རྒྱ་ཚྭ་ཆུ་མ་རྩི། །ཟངས་དྲེག་པི་པི་ལིང་དང་བུ་རམ་སྦྱར། །རིལ་བུས་འོར་དང་དམུ་ཆུ་སྦྱོང་བར་བྱེད། །ཨ་རུ་སྐྱེར་ཤུན་སོ་མ་ར་ཛ་དང༌། །སྤང་རྒྱན་འབྲི་ཏ་ས་འཛིན་དོང་ག་ལྕུམ། །བསྡུས་ཁུར་དུར་བྱིད་བཏབ་པས་དུག་ནད་སྦྱོང༌། །དུར་བྱིད་ཧོང་ལེན་རྒྱ་སྐྱེགས་ཚ་ལ་དང༌། །འགྲོན་ཐལ་གླ་རྩིའི་རིལ་བུས་ཤ་དུག་སྦྱོང༌། །དུར་བྱིད་དནྡ་མཚལ་དང་པི་པི་ལིང༌། །རྒྱ་ཚྭ་རྒྱམ་ཚྭ་ཨ་རུ་ར་དང་སྒ། །བྱང་ཁོག་ནང་དུ་ཁྲག་བབས་སྦྱོང་བར་བྱེད། །ལྕུམ་རྩ་ཨ་རུ་མཆུ་སྙུང་ཆ་མཉམ་སྟེ། །ཉི་དགའ་ཤིང་མངར་རྒྱམ་ཚྭ་པི་པི་ལིང༌། །བསྐོལ་ཐང་མ་ཞུ་གསར་དང་རིམས་ནད་དང༌། །ལྷག་པར་ཕོ་མཆིན་ནད་རྣམས་སྦྱོང་བའི་མཆོག །ཨ་རུ་མཆུ་རིང་བ་རུ་སྐྱུ་རུ་ར། །ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་བསྡུས། །རྒྱུན་སྦྱོངས་དྲེག་དང་གྲུམ་བུ་ཆུ་སེར་དང༌། །རྙོགས་ཚད་རྙིངས་ཚད་ལུས་ལ་ཞེན་པ་སྦྱོང༌། །བཏང་ཚུལ་ཐང་ཕྱེ་རིལ་བུ་སྨན་མར་བཞི། །རྒས་དང་ཟུངས་ངན་རྣམས་ལ་བསྐོལ་ཐང་ཤིས། །དེ་ཡིས་བཏང་བཞག་རན་པར་ཚོད་ཟིན་འགྱུར། །ཟུངས་བཟང་ནད་རྒྱས་ཕྱེ་མ་རིལ་བུ་ཤིས། །དེ་ཡང་སྐྱུག་པ་རྣམས་ལ་རིལ་བུ་བཏང༌། །ཤིན་ཏུ་ལྟོ་སྲ་སྐྱུག་ལང་ཡོད་པ་ལ། །སྨན་མར་སྦྱར་ཏེ་གསངས་ལ་རྒྱུན་སྦྱོངས་བྱ། །སྨན་དྲེད་ཡི་ག་སྡར་ལ་ཟས་དང་སྡེབ། །གཏོང་དུས་ཐོ་རངས་སྨན་ལ་ཤིས་པ་བརྗོད། །སྨན་བཏང་ཁ་བཤལ་མངར་བ་ཅུང་ཟད་མུར། །འགྲུལ་བསྲུང་མི་སྨྲ་མི་ཉལ་ཙོག་པུར་འདུག །འོག་རླུང་གློད་ལ་ནད་གདོན་འཁྲུ་བར་བསམས། །ལྕག་ནི་བཤལ་ཐེངས་གཉིས་གསུམ་ཁྲུས་པ་དང༌། །དང་ག་མེར་བ་སངས་ནས་ཆུ་སྐོལ་བཏང༌། །སྔས་ན་སྐྱུག་ལ་ཕྱིས་ན་ནད་མི་ཁྲུས། །རླུང་ཤས་ཆེ་ན་རུས་ཁུའི་ལྕག་གིས་བསྐུལ། །ཟུངས་ཟད་མི་ལ་བུར་ཁུའི་ལྕག་གིས་འཕུལ། །ཚ་བ་སྨིན་རྒྱས་དུས་སུ་གངས་ཆུའི་ལྕག །ཆུ་སེར་ཚད་རྙིང་ནད་ལ་བ་ཆུའི་ལྕག །ཁྲུ་བའི་ཤུགས་དལ་ཨ་རུ་མཆུ་སྙུང་ལྕག །ཐུན་མོང་ལྕག་ཏུ་རྒྱམ་ཚྭའི་ཆུ་སྐོལ་ཤིས། །ཤེད་ཆུང་ཤེས་པ་ཟི་ཉོག་སྟོང་སྐྱུགས་མང༌། །བསྐུ་མཉེ་གསུར་དུད་རུས་ཁུས་རླུང་སྣ་མནན། །འདོན་ཚད་གྲངས་དང་བུངས་དང་ཁ་དོག་ལས། །གྲངས་ཚད་སུམ་ཅུ་ཉི་ཤུ་ཐ་མ་བཅུ། །བུངས་ཚད་བྲེ་གསུམ་བྲེ་དོ་བྲེ་གང་ལ། །ཁ་དོག་ཆུ་དང་བད་ཀན་མཁྲིས་པ་གསུམ། །རབ་འབྲིང་ཐ་མ་གསུམ་གྱི་ཚད་ཡིན་པས། །ནད་ཀྱི་སྟོབས་དང་ལུས་ཤེད་རྗེས་དཔགས་ལ། །ཤེད་ཆེ་ནད་མ་ཟད་ན་ལྕག་གིས་བསྐུལ། །ནད་མ་དག་ཀྱང་ཟུངས་ཟད་ལྕག་འཕྲོ་བཅད། །ནད་དག་ཆུར་འཁྲུ་ཇི་ལྟར་འདུག་ཀྱང་བཅད། །ལོག་གནོན་རྒལ་བ་མནན་དང་སྟོར་བ་བཙལ། །འགྱིངས་པ་དྲང་དང་འབྱམས་པ་བཅད་པ་དང༌། །སྲོག་གི་བྱ་ར་བཞག་དང་རྣམ་པ་ལྔ། །སྐྱུག་ན་རྡོ་གྲང་སྐེར་བདུག་དྲི་ཞིམ་མནམ། །སྤྱི་བོའི་སྐྲ་འཐེན་གདོང་དུ་ཁ་ཕྲུ་གདབ། །ཕྲག་པ་གཉིས་ནས་མནན་ཞིང་སྒུལ་བསྐྱོད་གཟབ། །སྨན་རྩུབ་ཐུན་ཆེས་རླུང་མ་ནོན་པ་དང༌། །ནད་ལས་བྱུང་དང་སྨན་སུན་ཡི་ག་སྡར། །སྨྲ་འགུལ་གདོན་དགུ་སྐྱུག་པའི་རྒྱུ་ཡིན་པས། །སྨན་རྩུབ་དུས་སུ་བརྐོས་ཤིང་གདུལ་ལེགས་གཅེས། །ཐུན་ཆེས་ཐུབས་སུ་བཅད་ལ་ཞུ་རྗེས་མནན། །རླུང་མ་ནོན་ལ་སྔོན་འགྲོ་འཐེམས་པ་གཅེས། །ནད་ལས་བྱུང་ལ་ཆུ་མ་རྩི་མཆོག་ཡིན། །སྨན་སུན་ཡི་ག་སྡར་ལ་གསངས་ཏེ་བཏང༌། །མི་སྨྲ་མི་འགུལ་ཙོག་པུར་འདུག་པ་དང༌། །གདོན་ལས་བྱུང་ལ་འགྲུལ་བསྲུང་བསྐྲད་ལས་བྱ། །བཤལ་སྟོར་བ་ལ་སྨན་སྟོར་ནད་སྟོར་གཉིས། །སྨན་སྟོར་ཟུག་མེད་བསྐྱར་ལ་བཏང་བར་བྱ། །ནད་སྟོར་ན་འགྱུ་བྱེད་ན་སྐྱུར་བག་བཏང༌། །འགྱིངས་པ་ཕོ་བར་རྫིང་ལ་ཧྲེམ་པ་སྟེ། །ཕོ་བར་དུགས་བྱ་བཅག་ཅིང་ནི་རུས་བསུ། །གཡའ་ཀྱི་མ་དང་སྔོན་བུ་ཆ་མཉམ་སྟེ། །ཞིབ་པར་བཏགས་ལ་བསྐོལ་ཁུ་ཕུལ་གང་བཏང༌། །བཤལ་སྐྱུག་གཉིས་འབྱུང་ཕོ་བར་ནད་མི་ལུས། །འབྱམས་ལ་ཚ་འབྱམས་གྲང་འབྱམས་རྣམ་པ་གཉིས། །སྨན་རོ་ལུས་དང་ནད་ཁ་བྱེ་བ་བཞི། །ཚ་འབྱམས་དམར་སེར་དྲི་ཆེ་རྩ་ཆུ་ཚ། །བྱིན་ཉྭ་ཆུས་བསྒྲངས་རེ་སྐོན་སྐར་ཆུས་བཅད། །གྲང་འབྱམས་དྲི་མེད་ཆུར་འཁྲུ་ཚོ་ཁུའམ། །ཞུན་མར་ད་ཏྲིག་ཤིང་ཚ་བཏབ་པས་གཅོད། །སྨན་རོ་ལུས་ལ་རྒྱམ་ཚྭའི་ཆུ་སྐོལ་བཏང༌། །ནད་ཁ་བྱེ་ན་མི་བཅད་ལུས་ཟུངས་གསོ། །མཁྲིས་པའི་རྩ་ཁ་བྱེ་ན་མྱུར་དུ་བཅད། །ཨིནྡྲ་བཞི་ཐང་དོམ་མཁྲིས་བཏབ་པས་གཅོད། །ཐུན་མོང་སྤྱི་རུ་འབྲས་ཀྱི་ཐུག་པའམ། །ནས་ཐུག་ཤ་གསར་ཚོ་ཁུ་གང་རུང་ལ། །སྤྱིན་དང་ད་ཏྲིག་ཀ་པེད་མོན་ཆ་ར། །སྨག་དང་ཐ་རམས་བཏབ་ལ་ཙེ་གུར་བཏང༌། །ཁ་སྐོམ་མི་བཏང་དེ་ཡིས་ཆོད་པར་ངེས། །སྲོག་གི་བྱ་རའི་གནད་ནི་རྣམ་ལྔ་སྟེ། །ཐོར་བུའི་རླུང་སྐྱེས་སྣ་མ་ནོན་པ་དང༌། །སྨན་དང་ནད་དུ་མ་འཕྲོད་གཟེར་བ་དང༌། །སྐྱུག་པ་མནན་པས་གློ་རྩར་ཤོར་བ་དང༌། །སྲིན་ཁྲོས་གླང་ཐབས་ནད་དུ་སོང་བ་དང༌། །ནད་ལ་སྲོག་གནས་བཏོན་ན་འཆི་བའོ། །ཁྲུས་བཞིན་མི་བདེ་སྟོང་སྐྱུགས་བྱེད་པ་དང༌། །ཤེད་ཆུང་ཤེས་པ་ཟི་ལ་ཉོག་ཉོག་བྱེད། །ཐོར་བུའི་རླུང་ཡིན་གསུར་བདུག་བསྐུ་མཉེ་བྱ། །རུས་ཐང་མེ་བཙས་སྣ་གླན་སྦྱོངས་འཕྲོ་གཅད། །རུང་དང་མི་རུང་དུས་ཚོད་མ་ཟིན་ན། །ནད་དང་དཔྱད་དུ་འཛོལ་བས་གཟེར་ཟུག་འབྱུང༌། །ཚ་གྲང་བརྟགས་ལ་གཉེན་པོ་བསིལ་དྲོད་བསྟེན། །ཚད་གཟེར་མ་ནུ་རུ་རྟའི་གྲང་ཐང་བཏང༌། །བསིལ་གྱི་དུགས་དང་ཕྱེ་མ་གང་ཤིས་དཔྱད། །གྲང་གཟེར་ཆ་མཉམ་ཐང་བཏང་དྲོད་དུགས་བྱ། །བཤལ་སྨན་གློར་ཤོར་གློ་མང་རོ་སྟོད་གཟེར། །གློ་སྐྱུགས་གཏར་ག་ཕྱེ་མ་སྐེམ་སྨན་སྦྱར། །སྲིན་ཁྲོས་ཕོ་ལོག་བྱུང་ན་གཉེན་པོས་བསད། །ཟུངས་ངན་ནད་མ་ཐོན་ཡང་གཅོད་པར་གཅེས། །ཅི་ཕྱིར་ནད་ཐོན་ཟུངས་ཟད་སྲོག་འཕྲོག་བྱེད། །ཕྱི་རྗེས་བཅད་པ་སྦྱོང་བ་ཚར་ཆོད་ནས། །འབྲས་སམ་ཕྱེ་ཐུག་གཡོས་སུ་མ་བྱས་པའི། །ཚྭ་སྡོར་བག་ཤས་ཡོད་པ་རྐྱང་རྐྱང་པོས། །ཁམས་གསོ་སྨན་རོ་འདོན་ཞིང་ནད་ལྷག་འདེད། །དེ་རྗེས་སླ་དང་བར་མ་སྐ་བ་དང་། །ཚོ་ཁུ་ཟན་དྲོན་རིམ་པས་ཆ་ཡིས་བསྐྱེད། །ཁྱད་པར་ཚ་རྗེས་གྲང་རྗེས་རྣམ་པ་གཉིས། །ཚ་བའི་རྗེས་ལ་གསར་དང་རྙིང་པ་གཉིས། །རིམས་འཁྲུགས་ཚ་བ་གསར་པའི་བཤལ་རྗེས་རྣམས། །ཆུ་གྲོག་ནས་ཐུག་ཞོ་ཕྲུམ་བསིལ་གྱིས་བཅད། །ཚ་བ་རྙིངས་པ་རྣམས་ལ་བསིལ་ཤ་གསར། །ཚིལ་མེད་ཚོ་ཁུ་ཇ་དང་བསྐོལ་གྲང་ཆུ། །ཞོ་ཕྲུམ་ལ་སོགས་བསིལ་བཅུད་ཟས་ཀྱིས་བཅད། །གྲང་རྗེས་ལུག་ཤ་གསར་རྙིང་ཚོ་ཁུ་དང་། །ཆང་འཇམ་ཞུན་མར་ཟན་དྲོན་དྲོད་ཀྱིས་བཅད། །ཆ་དང་བགས་ཀྱི་རིམ་པས་བསྐྱེད་ལ་བཏང་། །ཚ་རྗེས་དྲོད་ཀྱིས་བཅད་ན་མེ་རོ་འཕེལ། །གྲང་རྗེས་བསིལ་གྱིས་བཅད་དམ་བཟའ་བ་དྲགས། །ཕོ་བའི་མེ་འཆི་མ་ཞུ་དམུ་སྐྲན་སྐྱེད།།

སྦྱོངས་ཉེས་སྐྱོན་ལ་དྲགས་ཞན་རྣམ་པ་གཉིས། །སྦྱོངས་དྲགས་ཟུངས་ཟད་རླུང་སྐྱེ་མེ་དྲོད་འཆི། །དེ་ལ་ཟས་སྨན་དྲོད་བཅུད་མེ་ཡིས་གསོ། །སྦྱོངས་ཞན་ནད་དེ་བསླང་ནས་མ་དག་པས། །དང་ག་འགགས་ལ་ཟས་སྐོམ་འཇུར་མི་འདོད། །ནད་ཀྱི་སྟོབས་སྐྱེད་བད་མཁྲིས་འཕེལ་བར་འགྱུར། །བཀྲེས་སྐོམ་རྒྱམ་ཚྭ་སེ་འབྲུས་མེ་གསོས་ལ། །ཟུངས་བཟང་སྔོན་འགྲོ་བྱས་ལ་སྦྱང་བ་བསྐྱར། །ཟུངས་ངན་ནི་རུ་ཧ་དང་འཇམ་རྩི་སྤེལ།།

སྦྱོང་ལེགས་ནད་ཀྱི་རྩད་ཆོད་བད་མཁྲིས་དག །ལུས་ཡང་ཁོང་པའི་དྲོད་འབར་ཡི་ག་འབྱེད། །བཀྲེས་སྐོམ་དུས་འབྱུང་བཤང་གཅི་བདེ་བར་འབྱིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྔ་བཤལ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།