སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།




ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ། 

ཚ་གྲང་འཁྲུལ་གཞིའི་ལེའུ་གསུངས་པའི་རྗེས་དེ་མ་ཐག་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཡང་གསོལ་པ། སྨན་པའི་རྒྱལ་པོ་རིག་པའི་ཡེ་ཤེས་ལགས་ཚ་བའི་ནད་རྣམས་ལ་སྨན་གྱི་གཉེན་པོས་བཟློག་པར་སླ་ཡང་ཚ་བ་བཅོས་པའི་རྗེས་ལ་གྲང་བ་སྐྱེས་པ་ཡིས་ཚ་བ་དང་གྲང་བ་འཁྲུལ་ནས་གཞན་གྱི་སྲོག་འདོར་བས་ན་རི་དང་ཐང་གི་མཚམས་ལྟ་བུ་གནས་ཀྱི་ངོས་འཛིན་དང་བཅོས་པའི་ཐབས་འཁྲུལ་པ་མེད་པའི་གནད་ཀྱི་མན་ངག་བདག་ལ་བསྟན་དུ་གསོལ་ཞེས་ཞུས་པ་དང༌། རིག་པའི་ཡེ་ཤེས་ཀྱིས་དེའི་ལན་གསུངས་པ།

རི་ཐང་ཞེས་དཔེས་དོན་འཚོལ་བ་སྟེ་དཔེར་ན་རི་ཟད་ནས་ཐང་དུ་སླེབས་མཚམས་ཡིན་ལ། དེའི་མཚམས་སུ་རི་ཀླུངས་ཀྱི་བྱེ་བྲག་ཕྱེད་དགོས་པ་ལྟར་ཚད་པ་ཟད་མཚམས་སུ་གྲང་རླུང་སྐྱེ་བས་དེའི་སོ་མཚམས་བྱེ་བྲག་ཕྱེད་དགོས་པ་ནི་རི་ཐང་མཚམས་སམ་ཞུ་འཁྱགས་མཚམས་ཞེས་བྱ་བའང༌། དགུན་ཆུ་འཁྱགས་པ་ཉི་མའི་འོད་ཚ་མོས་ཞུ་ན་འང་སླར་དེ་གྲང་བས་འཁྱགས་པ་ལྟར་ཚད་པ་ཆོག་རླུང་སྐྱེས་པར་བསིལ་ཐལ་ན་སླར་ཚད་པར་ལྡོག་པས་དཔེར་ན་ཐེམ་པའི་ཁར་བྱེའུ་བབས་པ་ཕྱི་ནང་གང་འབབ་མི་ཤེས་པ་ལྟར་ཚ་གྲང་ལ་མཚམས་ཞེས་པའི་དོན་ནོ། །དེས་ན་ནོར་མི་ནོར་གྱི་སོ་མཚམས་ཀྱི་འགག་འདུས་ཤིང་ཉེན་ཆེ་བའི་དཀའ་གནད་འཕྲང་ལྟ་བུ་དེ་ལའང་ཉེས་པའི་འཕེལ་མགྱོགས་བུལ་ལ་ལྟོས་པའི་འཕྲང་རྣམ་པ་གསུམ་ཡོད་དེ། གང་ཞེ་ན་རླུང་གི་ཞུ་འཁྱགས་འབྱུང་སླ་ཞིང་ཐལ་སྐྱོན་ཆེ་བས་ཐོར་བུའི་རླུང་ལ་ཟས་ཀྱི་ཚ་བ་མ་ཟད་པའི་སྔུན་ནས་ཁ་གླན་ལ་བསུ་བ་དང༌། མཁྲིས་པའི་ཞུ་འཁྱགས་ཟློག་དཀའ་ལ་ཡང་ཞིང་རྣོ་མྱུར་ཆེ་བས་ཚད་པ་ཟད་རླུང་སྐྱེས་མཚམས་ལས་མི་ཕྱི་བར་འཕྲང་ལ་བསྒུག་པ་བར་དེར་བཅོས་པ་དང༌། བད་ཀན་གྱི་ཞུ་འཁྱགས་བུལ་ཞིང་བྱིངས་ཆེ་བས་ཚ་བ་ཟད་ངེས་པའི་ཕྱི་རྗེས་བཅད་པ་ཐ་མར་བཅོས་པ་སྟེ་ཉེས་པ་ལ་ལྟོས་པའི་དུས་གསུམ་ཡོད་པའོ། །དེ་ལྟར་རི་ཐང་མཚམས་གསུམ་ཡོད་པ་མི་ཤེས་པར་རི་ཐང་མཚམས་སོ་ཞེས་མཚམས་གཅིག་ཏུ་འདོད་པ་དེ་འདྲ་ནི་རྨོངས་པའི་ལུགས་སམ་དེའི་དབང་དུ་གྱུར་པ་ཡིན་པས་གཞན་གྱི་སྲོག་འདོར་བར་བྱེད་པས་ན་དེའི་ཕྱིར། འཕྲང་གསུམ་པོ་དེ་འདི་ལྟར་དུ་ཤེས་པར་གྱིས་ཤིག་ཅེས་ཉན་པར་གདམས་ཏེ།

དང་པོ་རླུང་གི་ཞུ་འཁྱགས་ནད་པ་དེ་རྒས་པ་དང༌། འདུ་བའམ་རང་བཞིན་འདོད་ནས་རླུང་ཆེ་བའི་ཚ་བ་དེ་རླུང་གི་གནས་དཔྱི་རྐེད་རུས་ཚིགས་རེག་བྱ་རྣ་བ་ཞུ་གནས་ལོང་བྱེ་བྲག་སྲོག་རྩ་རྣམས་སུ་འབབ་པ་དང༌། ཡིད་ལ་མྱ་ངན་དང་སེམས་ལས་སོགས་འཕྲལ་གྱི་རླུང་སྐྱེད་པའི་རྐྱེན་འདོམ་པ་དང་ག་བུར་སོགས་བསིལ་སྨན་དང་སྟོད་སྨད་ངེས་མེད་དུ་གཏར་ག་དང་བཤལ་གྱིས་ཚ་བ་བདའ་དྲགས་པ་སོགས་དེ་རྣམས་ཀྱི་རིགས་ལ་ཚད་པའི་གཉའ་ཆག་དུས་སུ་འོང་ངོ༌། །རླུང་གིས་སྣ་བསླང་ནས་ཐོར་བུའི་རླུང་སྐྱེས་པའི་རྟགས་འོང་ཞིང་ཐོར་བུའི་རླུང་གིས་ཚད་པའི་གཞུག་བུས་པས་རྩ་རྒྱུག་པ་དེ་མགྱོགས་པ་དང་ཆུ་མདོག་དམར་ཞིང་ལུས་དྲོད་དང་ཁ་སྐོམ་དད་ཆེ་བ་དང་ལྕེ་སྐམ་ཞིང་རྔམ་པ་རྒོད་པ་ལ་སོགས་པའི་ཚ་བའི་རྟགས་སྟོན་པས་འཁྲུལ་བའི་ས་གཅིག་འདི་ཡིན་པས་ན་སྐབས་འདིར་ལྟར་སྣང་ཚ་བའི་རྗེས་སུ་འབྲངས་ནས་བསིལ་སྦྱོར་གྱིས་དེད་པ་ན་བསིལ་དེས་རླུང་འཕེལ་ནས་ཁ་ཐལ་བའི་རླུང་གིས་ཚ་བ་དེ་དེད་ཅིང་སྲོག་རྩར་ཕུལ་བས་རྩ་སྟོངས་པ་ཞེས་སུ་བྱ་སྟེ་འདི་ལ་གསོ་བའི་ཐབས་དཀའ་བ་ཡིན་པས་དེ་ཕྱིར་དེ་མ་བྱུང་གོང་ནས་ཟས་ཀྱིས་རླུང་གི་སྔུན་བསུ་ཞིང་རླུང་གི་སྣ་གླན་དགོས་ལ། དེ་ཡང་ཧ་ཅང་གི་སྔུན་བསུ་བ་སྔས་ན་ཚ་བའི་གཞུག་དེ་ཟས་ཀྱིས་བཟུང་ནས་སླར་རྙིང་པའི་ཚད་པ་སྐྱེད་པ་ཡང་ཡོད་དོ། །

དེས་ན་རླུང་གི་ཞུ་འཁྱགས་འདི་མི་གསལ་ཞིང་འཁྲུལ་སོ་ཆེ་བའི་ཕྱིར་ན་དོན་དེའི་ཕྱིར་དུ་མི་འཁྲུལ་བར་ངོས་བཟུང་བ་ལ་ཕྱི་དང་ནང་གསང་བ་གསུམ་ཡོད་དེ་གང་ཞེ་ན་ཚད་པའི་གཞུག་དེ་རླུང་གིས་བུས་པའི་ཕྱིའི་རྟགས་སུ་རྩ་རྒྱུག་པ་སྟེ་མགྱོགས་པར་གྱུར་ཀྱང་མནན་ན་སྟོངས་ལ་མནན་མི་བཟོད་པ་དང་ཆུ་མདོག་དམར་ཡང་མི་ཉོག་པར་དྭངས་ལ་ལྦུ་བ་ཆེ་གཟེར་བ་ཡོད་ཀྱང་གནས་མ་ངེས་པར་གར་ཡང་འཕོ་བ་དང་ལྕེ་སྟེང་སྐམ་ཡང་མདོག་དམར་ལ་ཤིན་ཏུ་རྩུབ་ཅིང་ཁ་སྐོམ་དད་ཆེ་ཡང་སྐོམ་རིགས་མ་འཐུངས་ན་བསྲན་པར་ཚུགས་པ་དང༌། རྔམ་འདེགས་ཞེས་དབུགས་རྒོད་པར་གྱུར་ཀྱང་སྣ་བུག་ཧར་བ་དང་རླུང་གསང་རྣམས་བརྫིས་པ་སྟེ་མནན་ན་ན་སྟེ་སྲན་མི་བཟོད་ཅིང་བསིལ་སྦྱོར་དང་སྟོད་སྨད་གང་ཡང་གཏར་སོགས་བསྟེན་གྱིན་ཚད་པ་སླར་ཡང་སྐྱེ་བ་དང་བུ་རམ་དང་ཞོ་དང་རུས་པའི་ཐང་སོགས་རླུང་བཅོས་བསྟེན་གྱིན་ཚད་པའི་རྟགས་ནུབ་པའོ། །ནང་གི་བརྟག་པ་ལ་རྩ་ནི་སྟོང་པ་ལ་མྱུར་བ་དང༌། ཆུའི་མདོག་དམར་པོ་ལ་དྭངས་ཤིང་ལྦུ་བ་ཆེ་བ་དང་ལྕེ་སྟེང་གི་མདོག་དམར་ལ་སྐམ་ཞིང་རྩུབ་པ་འབྱུང་སྟེ་དེ་གསུམ་ག་ཕྲུགས་པར་མཐུན་ན་ཅི་འདྲ་ཡང་ཚད་པ་མེད་པས་ཁ་ཟས་རྣམས་གློད་པས་ཆོག་ཅིང་ལྕེ་སྐམ་པ་སོགས་ཕན་ཆད་ཀྱི་རྟགས་དེ་རྣམས་རླུང་གིས་འབུད་པ་ཡོད་པ་ཡིན། དེ་ཡང་ལྕེ་རྩེ་ཡར་འདྲིལ་བ་སྐམ་ལ་རིད་ན་རླུང་ལས་ཚད་པའི་ཁ་མཐོ་བའི་རྟགས་དང༌། སྐམ་ལ་མདོག་ནག་ན་རླུང་ཚད་ཕྱེད་མར་ཡོད་པའི་རྟགས་དང༌། མདོག་དམར་ལ་སྐམ་ཞིང་རེག་བྱ་རྩུབ་ན་རླུང་ཉིད་ཟང་མ་ཡིན་ཏེ་ཚ་བ་མེད་པའི་རྟགས་དང༌། མདོག་སེར་ལ་སྐམ་ཞིང་གྱོང་ན་ཁོག་པ་རླུང་དང་མཁྲིས་པར་ལྡན་པའི་རྟགས་དང༌། མདོག་སྐྱ་ལ་སྐམ་ཞིང་གྱོང་ན་ཁོག་པ་བད་རླུང་དང་ཚ་བ་ཡིན་པའི་རྟགས་དང༌། སྐྱ་གླེག་ལ་མདོག་མེད་པ་ལྟ་བུ་ཚ་བ་བྱེར་བ་ཡིན་ཞིང་རྙོགས་པའི་རྟགས་དང་དམར་ལ་འཇམ་པ་རློན་ཞིང་མཉེན་ན་ནི་ནད་རིགས་དང་བྲལ་བའི་རྟགས་ཡིན་ཏེ་དེ་ལྟ་བུའི་མན་ངག་དང་ལྡན་པས་ནི་ཞུ་འཁྱགས་གང་ཡོད་མིག་གིས་མཐོང་བས་གསལ་ལོ། །གསང་བ་ལ་ཕུགས་འཚོལ་བ་སྨན་གྱིས་བརྟག་པ་སྟེ་བུ་རམ་དང་གོ་སྙོད་དང་སྒ་སྐྱ་བཅས་པའི་བསྡུས་ཐང་ངམ་སྲེ་ལོང་སོག་ཡུ་གཞུག་ཆུང་སྟེ་རུས་བཅུད་གསུམ་མམ་བུར་ཞོ་ཞེས་ཞོ་སྨིན་པར་བུ་རམ་བཏབ་པ་དེ་གསུམ་གང་ཡང་རུང་བ་ཞིག་ཁྱོར་བ་གང་སྲོད་ལ་བཏང་བའི་དེ་ནུབ་ཏུ་ནད་པ་དེ་གཉིད་ཆེ་ལ་ཟུག་ཆུང་ཞིང་བླ་འཆོལ་ཉུང་བ་དང་ནང་པར་ལྕེ་རློན་ཞིང་ཤེས་པ་གསལ་ན་རླུང་གི་ཞུ་འཁྱགས་ཡིན་པར་ངེས་པས་དེ་ལ་རྔམ་རྒོད་དང་ལུས་འདར་ཞིང་བརྒྱལ་འབོག་དང་ཚིག་སྨྲ་བ་འཆལ་ཞིང་ལྕེ་གྲེ་བའི་ཕུགས་སུ་འབྲོས་པ་ན་འཕྲལ་དུ་རྩ་སྣེ་ཡོད་པས་རྐང་ལག་མཐིལ་བཞི་དང་སྒལ་པའི་ཚིགས་པ་ལ་བསྐུ་མཉེ་བྱ་ཞིང་ཚིལ་བུ་དང་བུ་རམ་དང་ཕྱེ་མར་གྱི་གསུར་གྱི་དུ་བས་བདུགས་པས་གོང་བཞིན་སྣ་ལོན་ཞུ་འཁྱགས་ཀྱི་མཚམས་སུ་ཕེབས་པར་ངེས་པ་ཡིན་པས་དེ་ལྟར་ངེས་པ་རྙེད་ན་རི་དྭགས་དང་བ་ལང་ར་ན་གཞོན་སོགས་བསིལ་བའི་རིགས་ཀྱི་ཤ་གསར་པའི་ཚོ་ཁུ་ཞེས་ཤ་དེ་གྲི་ཐགས་བྱས་མེ་མ་ཕྲད་ཅེས་པ་ཆུ་དང་བཅས་ལུང་རྡོ་བཟང་པོ་བསྲེགས་པར་བརྒྱབ་ནས་ཁུ་བ་བཏོན་པའི་ཤ་ཁུ་དང༌། གསར་འཇམ་གྱི་ཆང༌། བ་ཤ་བཙོས་པ་ཁེངས་པོ་དང་སྒོག་སྐྱ་བརྡུངས་པ་ཆུས་བསིངས་པའི་ཆབ་མིག་དང་བ་དང་རའི་མར་གསར་པ་ཀ་ར་དང་སྦྲང་ལ་སྦྱར་བ་རྣམས་དགོངས་མོ་དང་ཐོ་རངས་རླུང་གི་དུས་ལ་བསྟེན་པར་བྱ་ཞིང་དེ་ལས་རྒྱས་པ་འོག་ཏུ་ཚད་སྟོངས་ཞེས་པ་སྟོངས་ཚད་ཀྱི་དུས་བཤད་པ་ལྟར་གྱི་བཅོས་དང་མཐུན་ཁ་ཟས་ཚོད་ལས་སྔ་བར་གློད་ཅིང་བསིལ་སྨན་གྱིས་གཞུག་བསྲིངས་ལ་ཟས་ཀྱིས་རླུང་མནན་ནས་བསིལ་སྦྱོར་གྱི་སྨན་རིགས་ཀྱིས་ཚད་པའི་ལྷག་གདོན་པ་ཡིན་ནོ། །

གཉིས་པ་མཁྲིས་པའི་ཞུ་འཁྱགས་ནི་ནད་པ་དེ་ན་ཚོད་དར་མ་གདོད་ནས་ནད་ཀྱི་ཁམས་ཁྲག་དང་མཁྲིས་པ་ཆེ་བ་དང་མཁྲིས་པའི་གནས་གཙོ་ཆེ་བ་ལྟེ་བ་ཕོ་བ་ཁྲག་དང་རྔུལ་དྭངས་མ་ཆུ་སེར་མིག་དང་པགས་པ་ཁྱད་པར་ཞུ་བའི་གནས་ལོང་བྱེ་བྲག་ཁྲག་དང་རྔུལ་མིག་དང་མཆིན་མཁྲིས་རྒྱུ་མ་སོགས་སུ་ཚ་བ་བབས་པ་དང༌། ཤ་ཆང་བསྟེན་དྲགས་པ་དང་གཉིད་དང་དྲག་ཤུལ་གྱི་ལས་སོགས་ཚད་པའི་རྐྱེན་གྱི་རིགས་འདོམ་པ་དང༌། ཚ་བ་བཅོས་ཕྱིས་ནས་ཚ་བ་དེ་ཁ་ཐལ་བ་དང༌། ཚད་པ་ལ་བད་རླུང་གི་གྲོགས་མེད་རྐྱང་པ་རྣམས་ཚད་པ་ཟད་ཀྱང་བད་ཀན་དང་རླུང་གི་རྟགས་མི་འབྱུང་བས་དེ་ལ་ཟས་གློད་གྲུབ་ཀྱང་ཁ་ཟས་གང་ཡང་ཡེན་ལ་གཏད་པ་སྟེ་མ་ཟོས་པའི་རྗེས་ཀྱི་རྩ་སྦུབས་སྟོངས་པས་སླར་ཟས་ཚད་སྐྱེད་འགྱུར་བས་རྩ་དཔངས་འདེགས་པ་སྟེ་གྲིམས་པ་དང༌། དྲོད་ཆེ་ལ་ཁ་བསྐམ་ཞིང་ཤེས་པ་འཐིབས་པ་དེ་ལ་དུས་ཚད་པའི་ལྷག་མ་ཡོད་ཟེར་འཁྲུལ་པའི་ས་ཡིན་ཏེ། རིག་པ་རྨོངས་པས་དེ་ལ་ཟས་སྨན་སོགས་བསིལ་གྱིས་དེད་པས་ལུས་ཀྱི་ཟུངས་ཟད་ཅིང་རླུང་ལས་གྱུར་པའི་ཚ་བར་སླར་ལྡོག་སྟེ་ནད་པ་དེའི་སྲོག་འཆི་བདག་གཤིན་རྗེའི་ལག་ཏུ་གཏད་པ་དང་མཚུངས། ཡང་ཟས་གློད་པ་སྔས་པས་ན་སླར་རྒྱས་པའི་ཚ་བར་ལྡོག་ཅིང་གང་ཡང་མི་ཤེས་པར་རིག་པ་རྨོངས་པ་ནི་མགོ་བོ་འཁོར་བར་འགྱུར་བས་མ་སྔས་ཏེ་ཚད་པ་ཟད་པ་མ་ཕྱིས་ཏེ་ཟུངས་ཟད་རླུང་ལས་ཚ་བར་མ་ལྡོག་པའི་བར་གྱི་འཕྲང་དེ་ལ་བསྒུག་པ་གཅེས་སོ། །དེ་ངོས་བཟུང་བའི་རྟགས་ལ་ནི་དོན་མེད་རྔུལ་འབྱུང་ཞིང་དང་ག་མི་འགག་ཅིང་ཁ་སྐོམ་དད་ཆུང་བ་དང༌། གཉིད་ལ་སོང་བའི་དུས་ཟ་ཟི་མི་འོང་ཞིང་དབུགས་རྔམ་པ་བདེ་བ་དང་སྣའི་རྡོག་མཉེན་ཞིང་ཆུའི་མདོག་དམར་སེར་འབྱུང་བ་དང་རྩ་རྒྱུད་ཕྱི་གྲིམས་པ་ནི་ཚད་པའི་ལྟ་སྣང་དང་ཁོང་ལྷོད་པ་ནི་གྲང་བའི་ངོ་བོ་ཐ་མལ་གྱི་གྲངས་ནི་སྨན་པའི་དབུགས་ཁུག་པ་ཕྱི་ནང་གི་གཅིག་ལ་ལན་ལྔ་འཕར་བ་དང་ལྕེ་སྟེང་མདོག་སེར་ལ་སྐམ་ཁོག་གྱོང་ཐ་མ་དམར་བ་དང་ཤ་རྙིངས་དང་མར་རྙིངས་དང་བུ་རམ་གྱི་ཆང་ལ་སོགས་ཡང་ཡང་བསྟུད་དྲགས་པ་དང་ཧ་ཅང་མངས་པའི་ཚད་ལས་ཐལ་དྲོད་བཅུད་དེ་ཟོས་འགྲོག་སྟེ་ཟོས་མ་ཐག་ལ་ཚ་བ་སྐྱེ་ཡང་ཟས་དེ་རན་པར་བཟའ་བ་ལས་རྩ་བ་ནས་མི་བཅད་ཅིང་གལ་ཏེ་དེ་ལས་གཅོད་པར་ཐལ་ནས་ཟུངས་ཟད་ལ་རླུང་དུ་གྱུར་ན། ལུས་ཀྱི་ཤ་འཆོར་པགས་པའི་མདོག་སེར་ལ་ལྕེས་ཟས་ཀྱི་རོ་མི་ཚོར་བ་དང་དབུགས་རྔམ་པ་སྟེ་རྒོད་ལ་བ་སྤུ་ལྡང་ཞིང་ཁ་སྐོམ་དད་ཆེ་བ་དང་སྐྲ་རྩ་སེང་བ་སྟེ་འགྲེང་བ་ལ་སྐྲ་འདབ་བག་ཙམ་འདར་བ་འདི་རྣམས་ནི་མཁྲིས་པའི་ཞུ་འཁྱགས་མི་འགྱུར་བའི་ངོས་འཛིན་ཡིན་ནོ། །དེ་ལ་བཅོས་པའི་ཐབས་ནི་ཚད་པའི་རྟགས་ནུབ་པ་དང་དེ་མ་ཐག་གྲང་རླུང་གི་རྟགས་མི་བསྒུག་པར་བུ་རམ་དང་ཞོ་དང་ཤ་ཚོ་བའི་ཁུ་བ་དང་ཆང་འཇམ་པ་ཆུ་དང་བསྲེས་པ་རྣམས་ཐོག་མར་ཉུང་ཤས་ནས་རིམ་པས་བསྐྱེད་དེ་ཆས་བྲིད་ལ་བཏང་བ། དེས་ཚ་བ་མི་སྐྱེ་ན་འཁྲུལ་བར་མི་སྲིད། ཡང་ཚད་ནད་སྔ་མ་དེ་ཟད་ཀྱང་ཟས་ཀྱིས་ཚ་བ་སྐྱེ་བར་མངོན་ཡང་དེས་ནི་ལུས་ཟུངས་བསྲེག་པའི་ནུས་པ་མེད་པ་དཔེར་ན་མེ་ཤི་ཤུལ་གྱི་ཐལ་བ་ཚན་མོའི་དྲོད་དང་འདྲའོ། །གལ་ཏེ་ཚ་བ་དེ་ལ་སྨན་ཟས་བསིལ་གྱིས་བདའ་བ་སྟེ་བསྟེན་དྲགས་པའི་ཁ་ཐལ་ན་ཟུངས་ཟད་དེ་རླུང་དུ་གྱུར་ནས་སླར་ཚ་བར་ལྡོག་པས་ན་དེའི་ཕྱིར་རུས་རྙིང་བསྡུས་པའི་ཁུ་བར་ཤིང་ཀུན་དང་སྤོད་སྣ་འུ་སུ་གོ་སྙོད་སོགས་དང་བིག་པན་ནི་རྒྱས་པ་ཚ་བ་སྤྱིར་བཤད་པ་ལྟར་སྒོག་བསྲེགས་ནུས་པ་མི་འགལ་ཀྱང་དངོས་ཀྱི་ཐལ་བ་དྲོ་འཇམ་ཁྱེའུ་སུས་ཞེས་ནང་པར་ཐོ་རངས་ཟས་མ་ཟོས་པའི་སྔོན་དུ་བཏང༌། ཡང་ན་ཁ་རུ་ཚྭ་དང་ཛཱ་ཏི་དང་མར་རྙིང་རྣམས་སྦྱར་བ་གསུམ་ཡར་ཞེས་དུས་གསུམ་དུ་གཏང་བར་བྱ། དེས་ཀྱང་མ་ཐུབ་ན་ཛཱ་ཏི་གསུམ་མམ་ལྔ་ཁ་རུ་ཚྭ་ལ་ཞོ་བཞི་དང་བུ་རམ་སྲང་གཅིག་དང་མར་རྙིང་སྲང་བདུན་རྣམས་ལྡེ་གུར་བྱས་ཏེ་བཏང་ཞིང་མིའི་རུས་པ་བསྡུས་པའི་ཁུ་བར་སྒོག་སྐྱ་དང་ཤིང་ཀུན་བྲན་པས་རྐང་ལག་གི་མཐིལ་བཞི་དང་རྒྱབ་ཀྱི་ཚིགས་པ་དང་པོ་སོགས་རླུང་གསང་གོང་དུ་བརྗོད་པར་བསྐུ་མཉེ་དང༌། རླུང་གསང་བཞི་ནི་ཨན་སྟོང་དང་པོ་ཚིགས་པ་དྲུག་པ་སྐེ་སྟོང་དང་དཀར་ནག་མཚམས་བཞི་བསྲོ་ཞིང་མར་རྙིང་པའི་འཇམ་རྩི་བྱ་བ་དང་ཤ་ཆང་མར་རྙིང་པ་དང་བུ་རམ་དང་དྲོད་དང་བཅུད་ཀྱི་རིགས་བསྟེན་ནོ། །

གསུམ་པ་བད་ཀན་གྱི་ཞུ་འཁྱགས་ཀྱི་ནད་པ་དེ་བྱིས་པ་དང་གདོད་ནས་བད་ཀན་སྐྱ་བོ་དང་གྲང་ཤས་ཆེ་བ་དང་བད་ཀན་སྐྱ་བོའི་ཡུལ་མགུལ་པ་བྲང་གློ་བ་མགོ་དྭངས་མ་ཤ་ཚིལ་རྐང་ཁུ་བ་སྣ་དང་ལྕེ་ཁྱད་པར་མ་ཞུའི་གནས་ཕོ་མཁལ་སྙིང་རྣམས། བད་ཀན་གྱི་ཡུལ་དུ་ཚ་བ་བབས་པ་དང་ནད་མ་སྨིན་པར་རྩ་གང་ཡང་གཏར་བ་དང་བསིལ་སྦྱོར་གྱིས་ཚ་བ་བྱེར་བ་སོགས་རྐྱེན་དེ་དག་འདོམས་ནས་ཚད་གཞུག་མི་མངོན་པར་གྲང་བའི་རྟགས་ཁ་ཡར་འོང་སྟེ་རྩ་དལ་ཞིང་ཆུ་མདོག་སྔོ་ལ་ཟས་ཀྱི་དང་ག་འགག་ལྕེ་རློན་ཞིང་གདོང་སྐྱ་ལ་ཁ་ཟས་འཇུ་བ་དཀའ་ཞིང་ཚ་བའི་ནད་མི་མངོན་པར་ལྐོག་གྱུར་བག་ལ་ཉལ་དུ་ཡོང་བས་གྲང་བར་འཁྲུལ་བ་ཡོད་པས་དེ་ལ་བརྟེན་ནས་ཟས་གློད་སྔས་ན་སླར་ཚ་བར་ལྡོག་ཅིང་ཡང་སྡོམ་ཧ་ཅང་ཐལ་དྲགས་པས་དམུ་ཆུར་འགྱུར་བ་ཡོད་ལ་དེ་མ་ཡིན་པར་འདི་ལ་ཐལ་བའི་སྐྱོན་ཆུང་བས་དེའི་ཕྱིར་ན་ཚ་བ་ཟད་ངེས་པའི་རྟགས་མཐོང་ནས་ཕྱི་རྗེས་དྲོད་ལ་སྒོར་ནས་བཅད་དོ། །དེ་དག་ངོས་བཟུང་བ་ནི་རྩ་རྒྱུད་བྱིང་ཞིང་དལ་ལ་ལྷོད་པར་འཕར་བ་དང་ཡང་ཡང་འཚག་དགོས་པའི་ཆུ་ཁ་སྙི་ལ་མདོག་སྔོ་ཞིང་རྙོག་པ་མེད་པར་ཤིན་ཏུ་དྭངས་པ་དང་སྔར་གྱི་གོས་གྱོན་མུས་གྱིས་མི་དྲོས་ཤིང་སྐྲ་རྩ་སེང་བ་སྟེ་འགྲེང་བ་དང༌། ཁ་ཟས་གང་ཡང་འཇུ་བའི་སྟོབས་དང་ཁ་སྐོམ་དད་ཆུང་ཞིང་མིག་ཕུགས་ཏེ་མིག་ལྕིབས་དང༌། བྲང་དང་གསུས་པ་རྐང་པའི་བོལ་རྣམས་སྐྲངས་འོང་བ་དེའི་དུས་ལ་ཚ་བ་མེད་ངེས་པའི་རྟགས་ཡིན་པས་གོང་གི་མཁྲིས་པའི་ཞུ་འཁྱགས་དང་མི་འདྲ་བས་ཁ་ཟས་ཉུང་ངུ་ནས་བྲིད་པར་མི་དགོས་སོ། །ཤ་ཆང་སོགས་དྲོད་བཅུད་ཀྱི་རིགས་ལྷུག་པར་བཏང་བས་ཆོག་ཅིང་ཟས་འཇུ་དཀའ་ཞིང་ཕོ་བ་སྦོ་ལ་སྒྲེག་པ་འབྱུང་བ་དང་ཁ་མངལ་བས་རོ་མི་ཚོར་ཞིང་ཁ་ནང་དུ་མཆིལ་མ་མང་ན་ཕྱི་རྒྱུད་ཀྱི་རྒྱམ་ཚྭ་གསུམ་ཐང་ངམ་སེ་འབྲུ་བཞི་པའམ་རྒོད་མ་ཁའི་ཕྱེ་མས་ཕོ་བའི་མེ་དྲོད་སྐྱེད་ཐབས་གྱིས་ཤིག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བའི་རི་ཐང་མཚམས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།