སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།




ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ། 

དེ་མ་ཁད་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སླར་ཡང་འདི་སྐད་ཅེས་ཞུས་སོ། །ཚ་བ་སྟོངས་པའི་རྒྱུ་དང་རྐྱེན་དང་ངོ་བོ་གང་ཡིན་དང༌། སྟོངས་པའི་ཚ་བའི་མིང་དུ་དགོས་པ་ཅི་ཕྱིར་བཏགས་པ་ལགས་ཤིང༌། དེའི་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་རྣམས་གསལ་པོར་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་ལན་གསུངས་པ། སྟོངས་པའི་ཚ་བ་ཞེས་པ་འདིའི་རྒྱུ་ནི་རླུང་ཡིན་ཏེ། དེ་ཉིད་སྐྱེད་བྱེད་རྐྱེན་གསུམ་ཡོད་དེ་རང་བཞིན་གྱིས་སྟོངས་པ་དང་རྐྱེན་གྱིས་སྟོངས་ཞེས་དང་གནས་ཀྱིས་སྟོངས་པའོ། །རང་བཞིན་སྟོངས་པ་ལ་རླུང་རིམས་དང་སྟོངས་འཁྲུགས་གཉིས་ནི་ཡུལ་བསིལ་ངད་ཅན་གྲང་བ་དང༌། དུས་དབྱར་དགུན། རང་བཞིན་རླུང་གི་མི་ཤ་སྐམ་མདོག་སྔོ་སོགས་ན་སོ་རྒན་པོ་ནད་ཁམས་རླུང་ནད་ན་བ་གནས་ས་དཔྱི་རྐེད། རླུང་གི་རྐྱེན་དང་འདོམས་པས་རིམ་གྱིས་འགོས་པའི་ནད་དམ་འཁྲུགས་འབྱུང་བས། དང་པོ་རང་གནས་ཀྱི་ཚ་བ་རླུང་གི་འབུད་བྱེད་དང་བཅས་པ་དེ་ལ་ཚ་བ་རླུང་ཞོན་ཞེས་ཀྱང་བྱ། རྐྱེན་གྱིས་སྟོངས་པ་ནི་རླུང་རིམས་ལ་བསིལ་སྦྱོར་ཐལ་བ་དང་ཚ་བ་གཞན་ལའང་རླུང་མ་ཕྱེ་བར་བསིལ་སྦྱོར་ཐལ་བས་རི་ཐང་བརྒལ་བ་སོགས་དང༌། གཞན་ཡང་ཁམས་རླུང་ཤས་ཆེ་བའི་མི་ལ་ཚ་བ་བྱུང་བར་བསིལ་བའི་ཐང་དང་ཕྱེ་མ་རྩུབ་མོ་དང༌། སྟོད་སྨད་ཀྱི་རིགས་གཏར་བ་དང་བཤལ་དང་རྔུལ་དབྱུང་བ་དང༌། ཟས་སྐོམ་མེད་པར་ཡེན་ལ་གཏད་པ་སོགས་ཀྱིས་ཚད་པའི་གཉའ་ཆོགས་ནས་སླར་རླུང་སྐྱེས་ཏེ་ཚད་པའི་གཞུག་འབུད་དོ། །འབབས་གནས་ཀྱིས་སྟོངས་པ་ནི་སྲོག་རྩ་རླུང་གི་གནས་སུ་བབས་ན་ཚ་བ་ཡིན་ཡང་གནས་ཀྱི་དབང་གིས་ཚ་བ་དེ་ཡང་རླུང་གིས་འབུད་པར་བྱེད་དོ། །

དེ་ལྟར་བཤད་པའི་རྐྱེན་དེས་རླུང་དང་ཚད་པ་འཐབས་པའི་ནད་དུ་འགྱུར་ཞིང་རླུང་གིས་ཚ་བ་དེ་བུས་ཀྱིན། ཚད་པའི་རྟགས་འཕེལ་བར་འགྱུར་རོ། །དེ་ཡང་རླུང་ཉིད་ཀྱི་ངོ་བོ་གྲང་བས་ཚད་རྟགས་ཡོད་པ་འགལ་ཞེ་ན་མི་འགལ་ཏེ། སྟོངས་པའི་ཚ་བ་ནི་དཔེ་མགར་གྱི་མེ་སོ་བཞག་པའི་ཐབ་ཀྱི་མལ་དང་འདྲ་སྟེ་སྦུད་པ་ལྟ་བུའི་བསིལ་སྦྱོར་གྲང་ཡང་ཚ་བ་མེའི་གྲོགས་སུ་འགྱུར་བ་ལྟར་འབུད་བྱེད་ཀྱི་རླུང་དེ་མ་བཅད་ན་ཚ་བ་ཆེས་ཆེར་འཕེལ་བར་འགྱུར་བས་སོ། །དེའི་ཕྱིར་ན་འབུད་བྱེད་རླུང་དེ་མནན་པས་ཚ་བ་སྔར་ཡོད་ཕྱིས་མེད་པ་ལ་འཇིག་རྟེན་གྲགས་ཚོད་དུ་སྟོངས་པ་ཞེས་པ་ལྟར་གྱི་སྟོངས་པའི་ཚ་བ་ཞེས་སུ་བརྗོད་པའོ། །

དབྱེ་བ་དེ་ཕྱེད་ན་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས་སྤྱི་ལ་ཡང་ཚ་བ་སྟོངས་པ་དང་རྩ་སྟོངས་པ་དང༌། རླུང་སྟོངས་པ་ཞེས་བྱ་བ་རྣམ་པ་གསུམ་དུ་བཤད་དོ། །བྱེ་བྲག་ཏུ་ཕྱེ་བ་རིམས་སྟོངས་པ་དང༌། ཁྲག་སྟོངས་པ་དང་མཁྲིས་པ་སྟོངས་པ་དང༌། བད་ཀན་སྟོངས་པ་དང༌། ཆུ་སེར་སྟོངས་པ་དང་གློ་སྙིང་སྟོངས་པ་སྟེ་དྲུག་གོ། །

དེ་རྣམས་ངོས་འཛིན་པའི་རྟགས་ལ་དང་པོ་ཚ་བ་སྟོངས་པ་ནི། ཚད་པའི་ནད་གཉའ་ཆོགས་ནས་ཚད་གཞུག་རླུང་གིས་འབུད་པ་ཡིན་ཏེ་དེའི་རྟགས་སུ་ཆུ་མདོག་དམར་ཞིང་དངས་ལ་ལྦུ་བ་ཆེ་བ་དང༌། རྩ་རྒྱུད་ནི་སྟོངས་ལ་རྩའི་སྟོད་རྒྱུག་པ་དང༌། དབུགས་ཐུང་ཞིང་རྔམ་པ་རྒོད་ལ་ལུས་ཀྱི་ཕྱིའི་ཚད་པ་ཆེ་བ་དང་མིག་གི་སྤྲིན་པ་དམར་ཞིང་ལྕེ་ནི་དམར་སྐམ་ལ་རྩུབ་པ་དང་གཟེར་འཕོ་ཞིང་ཁ་སྐོམ་དད་ཆེ་ལ་མིག་གི་རྩ་གྲུང་བ་དང༌། སྣ་བུག་ཧར་ལ་ཉིན་མཚན་གཉིས་ཀར་གཉིད་ཆུང་ཞིང་སྐབས་སུ་དངངས་པ་དང་ལུས་ཀྱི་བ་སྤུ་ལངས་ལ་རླུང་གསང་ཚིགས་པ་དང་པོ་དྲུག་བདུན་དཀར་ནག་མཚམས་སོགས་མནན་ན་ན་བ་དང༌། སྐབས་སུ་གཏམ་ལ་ཅོ་འཁྲུལ་ཞེས་ལབ་པ་ཕལ་ཆེར་དྲན་པས་ཟིན་ལ་རེས་འགའ་ཙམ་འཁྲུལ་གཏམ་འབྱུང་བའི་མིང་སྟེ་བག་ཙམ་རེ་འོང་ལ། འདི་ནི་ལྟར་སྣང་ཙམ་གྱི་རླུང་གི་ཚ་བ་ཡིན་ཏེ་དེ་ལ་བསིལ་སྦྱོར་དང་སྟོད་སྨད་གང་རུང་གཏར་བ་སོགས་ཀྱིས་དེད་ན་གཤིན་རྗེའི་ལག་ཏུ་གཏོད་དོ། །དེ་ཡང་རྟགས་ལ་ཐེ་ཚོམ་བྱུང་ན་གསུར་དུད་དང་མར་ནག་སོགས་མཐིལ་བཞིར་བྱུག་ཅིང་རུས་ཐང་གི་རླུང་སད་མདའ་བཏང་བས་ལྕེ་རློན་ཞིང་རྔམ་པ་བདེ་ལ་ཁ་སྐོམ་དད་ཆུང་བ་དང༌། མཚན་གཉིད་ཆེ་ལ་དབང་པོ་གསལ་བ་སོགས་ཚད་པའི་རྟགས་རྣམས་ནུབ་ན་མཁས་པས་དེ་ལ་ཚད་པ་སྟོངས་པ་ཡིན་པར་ཐག་གཅོད་པ་ལས་སོམ་ཉི་མི་བྱའོ། །སྲོག་པའི་རྩར་ཚ་བ་བབས་པའི་རྩ་སྟོངས་ཀྱི་རྟགས་ལ་རྩ་ཆུ་ནི་གོང་དུ་བཤད་པ་དང་འདྲ་ལ་མིག་དམར་ཞིང་གནམ་དུ་བལྟ་བ་དང་ཕུས་ཡང་དུ་འདེབས་ཤིང་ཤེས་པ་འཁྲུལ་ལ་གོས་ཀྱི་རྔུལ་སེལ་བ་དང་གཉིད་མེད་ལ་ཤེས་པ་ཡང་ཞིང་འབྲོས་པའི་ཚུལ་སྟོན་པ་དང་སྐབས་སུ་ལུས་འདར་ལ་རང་གི་དྲུང་གི་མི་ལ་འཛིན་པ་དང་སོ་འཐབ་པ་དང་སོ་འཆའ་བ་ཀྲིད་པ་ལྟར་དང་སྣང་བ་ལོག་པར་མཐོང་བ་དེ་རྣམས་ནི་སྙིང་དང་སྲོག་རྩའི་གནས་སུ་རླུང་དང་ཁྲག་འཐབ་པ་ཡིན་ཏེ་དེའི་རྟགས་རྣམས་ཐམས་ཅད་ཚང་ན་མི་འཚོ་བས་འཚོ་འཆི་ཁ་དམར་དབང་ཐབས་ཀྱི་སྒོ་ནས་སྤང་བར་བཤད་དོ། །ཚད་པའི་གཞུག་རླུང་དུ་ལོག་པའི་རླུང་སྟོངས་ཀྱི་རྟགས་གཡལ་མང་ལ་ཚིགས་པ་དང་པོ་དྲུག་བདུན་དཀར་ནག་མཚམས་སོགས་རླུང་གསང་ན་ཞིང་སྟོང་སྐྱུགས་བྱེད་པ་དང་ཉིན་དང་མཚན་གཉིད་མེད་ཅིང་ཤེས་པ་འཕྱོ་ལ་ཞེ་ས་མཁས་ཤིང་རྐང་ལག་རྙོང་འདོད་ཅིང་མིག་ནི་དཔངས་མཐོ་ལ་སྐྲའི་འདབ་རྣམས་འདར་བ་དང་སེམས་ཀྱི་གཏིང་གི་དབང་པོ་མ་འཁྲུལ་ཀྱང་ལབ་ཆལ་ཆོལ་མང་དུ་སྨྲ་བ་དང༌། ལྕེ་སྟེང་མདོག་དམར་ལ་རྩུབ་ཅིང་རྩ་ཆུའི་ཚ་བ་མེད་པར་དེ་ཧ་ཅང་གི་ཐལ་ན་སྨྱོ་བར་འགྱུར་བའང་ཡོད་དོ། །

བྱེ་བྲག་ཏུ་རིམས་ཀྱིས་སྟོངས་པ་ནི་རྐང་ལག་རེངས་ཤིང་ན་བ་དང༌། ཁ་སླ་བས་ཟས་ཇི་སྙེད་འདོད་ཅིང་ཉིན་མཚན་གཉིས་ཀར་གཉིད་མེད་པ་དང་སྐྲ་རྣམས་འདར་ཞིང་གདོང་པའི་དབལ་ཏེ་མདོག་སྐྱ་སིང་བའོ། །ཁྲག་གིས་སྟོངས་པ་ནི་ཁ་གོང་ལྟར་སླ་ཞིང་གཉིད་ཆེ་ལ་ཟས་ཀྱི་དང་ག་འགགས་པ་དང༌། མཁྲིས་པས་སྟོངས་པ་ནི་གཉིད་མེད་ཅིང་གོང་བཞིན་ཁ་སླ་ལ་མིག་དང་ལྕེ་སེར་རོ། །བད་ཀན་གྱིས་སྟོངས་པ་ནི་རྔུལ་ཆེ་ལ་གཉིད་ལོག་དུས་ཟ་ཟི་མང་བ་དང༌། ཆུ་སེར་གྱིས་སྟོངས་པ་ནི་མིག་གིས་ཟ་ཟི་མང་དུ་མཐོང་ཞིང་གཉིད་མེད་ལ་དབང་པོ་རྣམས་འཁྲུལ་ཞིང་སྨྱོ་བའི་ཚུལ་སྟོན་ནོ། །གློ་བ་དང་སྙིང་སྟོངས་པ་ནི་གཉིད་དང་ཟུག་གཟེར་ཆུང་ལ་ལུས་རེངས་ཤིང་སོ་འཐམས་ལ་གཉིད་དུས་བླ་འཆོལ་བྱེད་པའོ། །

དེ་ལྟར་བཤད་པའི་སྟོངས་ཚད་རྣམས་བཅོས་པར་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་ལ་བཅོས་པའི་ཚུལ་དང་དེའི་གཉེན་པོ་གཉིས་སོ། །དེ་ནང་ནས་བཅོས་པའི་ཚུལ་ལའང་རྣམ་པ་གསུམ་ཡིན་ཏེ། ཚ་བ་སྟོངས་པ་ལ་དཔེར་ན་མི་ཁ་དྲག་ཅན་གཉིས་ཐུག་ན་དཔུང་པ་གཉའ་བོ་སྟེ་དྲག་པོའི་ཚུལ་དུ་ཉེ་རིང་མེད་པར་བཅོས་དགོས་ཀྱང་རླུང་ཚད་གཉིས་ལ་ཚ་བ་བཅོས་པ་རླུང་གི་གཉེན་པོ་དཔུང་གཡར་བའོ་ཞེས་པའང་ལ་ལར་ཡོད་རུང་གཞུང་དོན་བཤད་མ་ཐག་པ་གོང་ལྟར་རོ། །རྩ་སྟོངས་ནི་དགྲ་འོང་བའི་འཕྲང་ཁ་སོ་པ་ལྟ་བུས་བཅད་པའི་ཚུལ་དུ་རླུང་གི་འགྲོ་ལམ་གང་ཡིན་མེ་བཙས་བཅད་པའོ། །རླུང་སྟོངས་པ་ལ་སྨྱོན་པ་རང་མལ་དུ་འཇུག་པའི་ཚུལ་དུ་རླུང་ཞི་བར་བྱའོ། །གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་རྣམ་པ་བཞི་ལས།

ཚ་བ་སྟོངས་པ་ལ་ལུག་ཐོང་ཚེར་གྱི་གཞུག་ཆུང་གི་རུས་པ་ལྔ་ཆང་བྲེ་ཕྱེད་དུ་སུམ་གཉིས་ཙམ་བསྡུས་པའི་ཁུ་བ་རུ་ག་བུར་དང་ཅུ་གང་དང་ཀ་ར་རྣམས་བཏབ་ལ་བཏང༌། སྨན་ཞུ་ཚོད་དུ་རྔུལ་འདོན་ལ་རྔུལ་གྱི་རྗེས་སུ་རླུང་གི་སྣ་གླན་པ་གོང་བཤད་ལྟར་དང༌། དེ་ནས་ལུག་ཐོང་ཚེར་གྱི་བལ་ཚི་རུས་པའི་ཁུ་བར་བཙིར་ལ་བིག་པན་གོང་བཤད་དང་ཤིང་ཀུན་དང་བུ་རམ་སྦྱར་བ་དགོངས་དང་ཐོ་རངས་རླུང་གི་དུས་སུ་བཏང༌། ཡང་ན་བིག་པན་གོང་བཤད་ཐལ་བ་དང་ཨ་ག་རུ་ནག་པོ་ཛཱ་ཏི་དང་རུ་རྟ་དང་སྤོས་དཀར་དང་བུ་རམ་རྣམས་སྦྱར་བ་དགོངས་དང་ཐོ་རངས་ཀྱི་དུས་སུ་རུས་ཁུས་ཕུལ་ལ་བཏང་བས་རླུང་དང་ཚད་པ་གཉིས་དུས་གཅིག་ཏུ་འཇོམས་པར་བྱེད། ཙནྡན་དཀར་པོ་ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་ཨུཏྤལ་དང་སླེ་ཏྲེས་དང་སེ་འབྲུ་དང་པི་པི་ལིང་དང་བིག་པན་གོང་བཤད་ཐལ་བ་བུར་དཀར་རྣམས་སྦྱར་བ་ཉིན་དང་མཚན་གྱི་གུང་གཉིས་རུས་ཁུས་དབུལ། དཔྱད་དུ་དུས་དགོངས་ཀ་ཉི་མ་ནུབ་པ་དང་ཚིགས་པ་དྲུག་པ་དང་བདུན་པ་དང་ཨན་སྟོང་རྣམས་མེས་བསྲེག་ཅིང་གཟེར་གང་བྱུང་གི་སར་འབའ་ཆ་དང་རུས་རྙིང་དང་འབྲུ་མར་དང་རྩི་མར་ལ་བཟོས་པའི་འོལ་སྐོམ་མམ་ཕྱེ་མར་དང༌། འཁར་གོང་སྲིན་ཅན་ལ་ཆང་བྲན་པ་དེ་མེར་བསྲོས་པས་བདུག ཁ་ཟས་ལུག་ཤ་དང་ཉེའུ་ནི་ལུག་ཤ་མར་དུ་བརྔོས་པར་བཞེད་པ་ཡང་ཡོད་ནའང་སྦང་གླུམ་ཡིན་པ་ནང་ནུབ་དང༌། བ་ལང་དང་རི་དྭགས་ཀྱི་ཤ་གསར་ཉིན་གུང་ལ་བཏང༌། སྐོམ་དུ་སླེ་ཏྲེས་དང་བུ་རམ་རྙིང་པ་བསྡུས་པའམ། ཆང་གསར་འཇམ་དང་འོ་མ་བསྐོལ་བ་གྲང་དུ་བཅུག་པར་བུར་དཀར་བཏབ་པ་སོགས་མཁས་པའི་རིག་པས་དཔྱད་ཅིང་ནད་པའི་ཉམས་དང་སྦྱར་བ་བསྟེན། སྤྱོད་ལམ་དུ་རླུང་བསེར་བུ་དང་ཁ་གཡེར་བ་སྟེ་ལབ་མང་སྨྲ་བ་དང་མི་སྙན་པའི་གཏམ་ཐོས་པ། དྲག་ཤུལ་གྱི་ལས་དང་ཅ་ཅོ་མང་པོ་འདུ་འཛི་སྟེ་གཡེང་བ་སྤང་བར་བྱས་ལ་ཡིད་དུ་འོང་བའི་གྲོགས་བསྟེན་ཞིང་དྲོ་བའི་གནས་སུ་བསྡད་དོ། །དེ་ཡང་བཅོས་ཀ་མི་ལེན་པར་ཚ་བ་ཆེར་འཕེལ་བར་གྱུར་ན་ཟས་གསར་བཅུད་ཀྱིས་རླུང་གི་སྣ་བླང་ལ་སྨན་བསིལ་གྱིས་ཚ་བ་བསད་པར་བྱའོ། །

རྩ་སྟོངས་ཀྱི་ཚ་བ་བསིལ་དང་སྟོད་སྨད་གང་དུ་གཏར་བས་མི་གསོད་པས་དང་པོར་སྤྱི་གཙུག་དང་ཚིགས་པ་དྲུག་པ་རྐང་ལག་བཞིའི་མཐེབ་སྙིང་ཞེས་མཐེབ་ཆེན་མདུན་ནེ་ལེ་བསྲོ་བ་དང༌། ཨ་གར་དང་ཛཱ་ཏི་སྤོས་དཀར་ཨུཏྤལ་བཅས་བཞི་སྦྱོར་དང་བུར་དཀར་སྦྱར་བ་རུས་ཁུས་དབུལ། དེས་ཀྱང་མ་ཐུབ་ན་སྡུད་སྒོ་ཚིགས་པ་བདུན་པ་དཀར་ནག་མཚམས་སྤྲ་བ་ལྔས་བསྲེགས་པས་འཕྲང་བསྡམ་ཞིང་འབྲོས་པའི་སྒོ་འགེགས། ག་བུར་དང་ཙནྡན་དཀར་པོ་དང་ཛཱ་ཏི་དང་སྙིང་ཞོ་ཤ་ཅུ་གང་དང་ནཱ་ག་གེ་སར་ཀ་ར་རྣམས་སྦྱར་བ་བཤད་མ་ཐག་པའི་གུང་གཉིས་ལ་བཏང་བའི་རྗེས་སྦང་སྐམ་དང་རུས་རྙིང་བདུག་དགོས་པ་དེ་གཉིས་ཆང་དུ་བཙོས་པས་ལུས་ཀུན་དྲིལ་ལ་རྔུལ་མང་དུ་གདོན་ཅིང་དེའི་རྗེས་གོང་བཞིན་སྡུད་སྒོ་བདུན་པ་དཀར་ནག་མཚམས་རྣམས་ཀྱི་རྩ་འཕྲང་བསྡམ་པ་གཅེས་ཤིང་ཟས་དང་སྤྱོད་ལམ་གཉིས་གོང་མ་ཇི་ལྟ་བ་བཞིན་བྱ་དགོས་པ་ཡིན་ནོ། །

རླུང་སྟོངས་པའི་ཚ་བ་རླུང་དུ་ལྡོག་པར་འགྱུར་བས་ཟས་སྐོམ་ཆང་འཇམ་པོ་དང་བུར་དཀར་དང་ལུག་ཤ་དང༌། འདོན་སྦྱོར་ནི་ཕྱག་དྲེག་མར་མར་ཙག་བཅད་ལ་ཕྱེ་བཏབ་ཤ་ཁུ་དང་འོ་མ་ལ་བཙོས་སྒོག་སྐྱ་རྒྱམ་ཚྭ་བཏབ་ལ་བཏང་བས་ཕན་པ་བུ་རམ་སྒ་བཏབ་ལ་བཙོ་ཞེས་དང༌། ཟུར་མཁར་བའི་རྒྱུད་སྒམ་ནང་མར། མར་ཙག་བཅད་པར་ཕྱེ་གདབ་ཤ་ཁུ་དང་འོ་མ་ཆང་བཙོས་ལ་སྒ་རྒྱམ་ཚྭ་བཏབ་པ་བཏང༌། ཡང་ན་ཆང་དང་བུ་རམ་ལ་སྒ་བཏབ་བཙོས་པ་བཏང་ཞེས་སོགས་བཤད་ནའང་འདོན་ལ་དཀར་འདོན་དམར་འདོན་སྐྱུར་འདོན་སྒོག་འདོན་བཞི་ཡོད་པར་བཤད་པའི་དཀར་འདོན་ནི་མར་ཙག་བཅད་པར་ཕྱེ་གདབ་པའི་འོལ་སྐོམ་མམ་ཕྱེ་མར་དེ་ལ་སྒ་དང་རྒྱམ་ཚྭ་བཏབ། དམར་འདོན་ནི་ལུག་ལོ་གཅིག་སོང་བ་ཕོ་ཐོང་པ་མོ་ཚེར་མོ་དེའི་ཤ་ཁུ། སྐྱུར་འདོན་ནི་ཆང་གི་རྒྱུ་ཁུགས་པའི་གླུམ་ལ་བཙིར་བའི་ཉེའུར་བྱས་པ་ལ་མར་རྙིང་བུ་རམ་སྒ་སྐྱ་རྣམས་བཏབ་པ་ཚོས་པར་བཙོས། སྒོག་འདོན་ནི་སྒོག་སྐྱ་ཚོས་པར་བཙོ་ལ་བསྣུར་མར་དང་རུས་ཁུ་རྒྱམ་ཚའི་ཕྱེ་བཏབ་ལ་བཙོ་ཞེས་པའི་སྦྱོར་བ་གང་རུང་བྱས་ཏེ་ནང་ནུབ་བཏང་དེས་མ་ནོན་ན་ལོ་ལོན་པའི་ཤ་མར་རྙིང་པ་དང་ཤ་ཆེན་རྣམས་སྤྲུག་ཅིང་བསྲེས་པ་དང༌། རླུང་གསང་རྣམས་ལ་བསྐུ་མཉེ་བྱ་ཞིང་ཡོས་སམ་ས་བཟང་སོ་མ་བཏང་བའི་ཕ་གུ་ལ་སྤའུ་ཞེས་པས་བདུག་ཅིང༌། ཤིང་ཀུན་དང་སྒ་དང་ཛཱ་ཏི་དང་ཁ་རུ་ཚྭ་བིག་པན་གོང་བཤད་ལྟར་དང་སླེ་ཏྲེས་དང་བུ་རམ་རྣམས་རུས་ཁུས་དབུལ་ལ་ཚིགས་པ་དྲུག་པ་བདུན་པ་ཨན་སྟོང་དང་པོ་སྡུད་སྒོ་རྣམས་མེས་མནན་ཞིང་མི་དང་གཏམ་གྱི་རིགས་མི་ལབ་པར་མུན་ཁུང་དུ་བསྙལ་ལ་བཞག་གོ། །

བྱེ་བྲག་ཏུ་བཅོས་པ་ནི་རིམས་སྟོངས་ལ་སྟོད་སྨད་གར་ཡང་གཏར་ག་སྤང་ཞིང་ལུག་ཤ་དང་ཆང་འཇམ་པོ་བཏང་བ་དང་བསྐུ་མཉེ་བྱ་ཞིང་གཉིད་ལོག་པ་བཅས་ཀྱིས་བཅོས་པ་དང༌། གོང་བཤད་ཀྱི་བིག་པན་དང་སླེ་ཏྲེས་དང་ཀ་ར་བཅས་པ་རུས་ཁུས་དབུལ་ལོ། །ཁྲག་གིས་སྟོངས་པ་ལ་ཆང་དང་ཉིན་མོ་གཉིད་ཉལ་བ་དང་མེ་བཙའ་བྱ་བ་རྣམས་སྤང་ཞིང་བྱུག་པ་བྱ་བ་དང་ཤ་གསར་པ་དང་འཇམ་ཐང་ནི་ཏིག་ཏ་ཧོང་ལེན་སྐྱུ་རུ་བ་ཤ་ཀ་མཛོ་མོ་རྣམས་གཏང་བར་བྱ། མཁྲིས་པས་སྟོངས་པ་ན་ཤ་དང་ཆང་སོགས་མཆོག་ཏུ་གནོད་པས་སྤང་བ་དང་བསྐུ་མཉེ་བྱ་ཞིང་ཏིག་ཏ་ཀྱི་ལྕེ་དཀར་པོ་བོང་དཀར་གསེར་གྱི་མེ་ཏོག་དུག་ཉུང་ག་དུར་བ་ལེ་ཀ་ཨ་རུ་རྣམས་ཀྱི་འཇམ་ཐང་བཏང་ཞིང་གཉིད་མི་བསྲུང༌། བད་ཀན་གྱིས་སྟོངས་ན་མར་དང་སྟོད་སྨད་གང་དུ་ཡང་གཏར་གའི་རིགས་སྤང་ཞིང་ཆུ་བསྐོལ་དང་ཤ་གསར་པ་བཏང་ཞིང་བསྐུ་མཉེ་བར་བྱ་བ་དང་ཨ་རུ་བ་རུ་སྐྱུ་རུ་སྟེ་འབྲས་བུ་གསུམ་གྱིས་ཐང་བཏང་ལ་རྔུལ་མི་ཕྱི། ཆུ་སེར་གྱིས་སྟོངས་པ་ན་མར་ནག་སྟེ་སྣུམ་སྤང་བར་བྱ་བ་དང༌། ཤ་དང་ཆང་རྙིང་པ་བཏང་ཞིང་གཉིད་ཉལ་བཅུག་སྟེ་མི་བསྲུང་བ་དང༌། ཨ་རུ་བ་རུ་སྐྱུ་རུ་སྟེ་འབྲས་བུ་གསུམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ལ་ཚིགས་པ་ལྔ་པ་དང་བདུན་པ་མེས་བསྲོའོ། །གློ་བ་དང་སྙིང་སྟོངས་ན་བསིལ་སྦྱོར། ཐང་དང་གང་དུ་འང་གཏར་གའི་རིགས་སོགས་སྤང་ཞིང༌། སྲེ་ལོང་སོགས་ཀྱི་རུས་ཐང་དང་ཤ་གསར་པ་དང་བསྐུ་མཉེ་བྱ་བ་དང་ཆང་འཇམ་པོ་སོགས་བཏང༌། སྤྱི་ལ་བྱེ་བྲག་ཏུ་བཅོས་པའི་ཐབས་དེ་རྣམས་གང་བབས་སུ་མདའ་བཀང་ནས་འཕེན་པའི་རྩེའི་མདེ་ཁ་བསྒྱུར་བ་ལྟར་མདེ་ཁར་གདགས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྟོངས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།