སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།



ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་སྟོངས་པའི་རྒྱུ་རྐྱེན་ངོ་བོ་གང༌། །སྟོངས་པའི་མིང་དུ་ཅི་ཕྱིར་བཏགས་པ་ལགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

སྟོངས་པའི་ཚ་བའི་རྒྱུ་ནི་རླུང་ཡིན་ཏེ། །སྐྱེད་བྱེད་རྐྱེན་གསུམ་རང་བཞིན་སྟོངས་པ་དང༌། །རྐྱེན་གྱིས་སྟོངས་དང་གནས་ཀྱིས་སྟོངས་པའོ། །རང་བཞིན་སྟོངས་པ་རླུང་རིམས་སྟོངས་འཁྲུགས་གཉིས། །ཡུལ་དུས་རང་བཞིན་ན་སོ་ནད་ཁམས་གནས། །རླུང་རྐྱེན་འདོམ་པས་རིམས་སམ་འཁྲུགས་འབྱུང་བས། །དང་པོ་རང་གནས་ཚ་བ་རླུང་འབུད་བཅས། །རྐྱེན་གྱིས་སྟོངས་པ་རླུང་ཤས་ཆེ་བ་ཡི། །ཚ་བ་བསིལ་ཐང་ཕྱེ་མ་རྩུབ་མོ་དང༌། །གཏར་བཤལ་རྔུལ་དང་ཟས་སྐོམ་ཡེན་ལ་གཏད། །ཚད་གཉའ་ཆོགས་ནས་རླུང་སྐྱེས་ཚད་གཞུག་འབུད། །གནས་ཀྱིས་སྟོངས་པ་སྲོག་རྩར་རླུང་གནས་བབས། །གནས་ཀྱི་དབང་གིས་ཚ་བ་རླུང་གིས་འབུད།།

རྐྱེན་དེས་རླུང་ཚད་འཐབ་པའི་ནད་དུ་འགྱུར། །རླུང་གིས་ཚ་བ་བུས་ཀྱིན་ཚད་རྟགས་འཕེལ། །རླུང་ཉིད་གྲང་བས་ཚད་རྟགས་འགལ་ཞེ་ན། །སྟོངས་པའི་ཚ་བ་མགར་གྱི་སོ་མལ་འདྲ། །སྦུད་པ་གྲང་ཡང་མེ་ཡི་གྲོགས་སུ་འགྱུར། །འབུད་བྱེད་མ་བཅད་ཚ་བ་ཆེས་ཆེར་འཕེལ། །དེ་ཕྱིར་སྟོངས་པའི་ཚ་བ་ཞེས་སུ་བརྗོད།།

དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་ཚ་བ་སྟོངས་དང་རྩ་སྟོངས་དང༌། །རླུང་སྟོངས་ཞེས་བྱ་རྣམ་པ་གསུམ་དུ་བཤད། །བྱེ་བྲག་རིམས་སྟོངས་ཁྲག་སྟོངས་མཁྲིས་པ་སྟོངས། །བད་ཀན་ཆུ་སེར་གློ་སྙིང་སྟོངས་པ་དྲུག།

དེ་རྟགས་དང་པོ་ཚ་བ་སྟོངས་པ་ནི། །གཉའ་ཆོགས་ཚད་གཞུག་རླུང་གིས་འབུད་པ་སྟེ། །ཆུ་མདོག་དམར་ཞིང་དྭངས་ལ་ལྦུ་བ་ཆེ། །རྩ་རྒྱུད་སྟོང་ལ་རྩ་སྟོད་རྒྱུག་པ་དང༌། །དབུགས་ཐུང་རྔམ་པ་རྒོད་ལ་ཕྱི་ཚད་ཆེ། །མིག་སྤྲིན་དམར་ཞིང་ལྕེ་ནི་དམར་སྐམ་རྩུབ། །གཟེར་འཕོ་སྐོམ་དད་ཆེ་ལ་མིག་རྩ་གྲུང༌། །སྣ་བུག་ཧར་ལ་གཉིད་ཆུང་སྐབས་སུ་དངངས། །བ་སྤུ་ལངས་ནས་རླུང་གསང་མནན་ན་ན། །སྐབས་སུ་གཏམ་ལ་ཅོ་འཁྲུལ་བག་རེ་འོང༌། །འདི་ནི་ལྟར་སྣང་རླུང་གི་ཚ་བ་སྟེ། །བསིལ་གཏར་དེད་ན་གཤིན་རྗེའི་ལག་ཏུ་གཏོད། །རྟགས་ལ་ཐེ་ཚོམ་གསུར་བྱུག་རུས་ཐང་སད། །ལྕེ་རློན་རྔམ་པ་བདེ་ལ་སྐོམ་དད་ཆུང་། །གཉིད་ཆེ་དབང་པོ་གསལ་སོགས་ཚད་རྟགས་ནུབ། །མཁས་པས་དེ་ལ་སོམ་ཉི་མི་བྱའོ། །སྲོག་རྩར་ཚ་བ་བབས་པའི་རྩ་སྟོངས་རྟགས། །རྩ་ཆུ་གོང་འདྲ་མིག་དམར་གནམ་དུ་བལྟ། །ཕུས་འདེབས་ཤེས་པ་འཁྲུལ་ལ་གོས་རྔུལ་སེལ། །གཉིད་མེད་ཤེས་པ་ཡང་ཞིང་འབྲོས་ཚུལ་སྟོན། །སྐབས་སུ་འདར་ལ་དྲུང་གི་མི་ལ་འཛིན། །སོ་འཐབ་སོ་འཆའ་སྣང་བ་ལོག་པར་མཐོང༌། །སྙིང་སྲོག་གནས་སུ་རླུང་ཁྲག་འཐབ་པ་སྟེ། །རྟགས་རྣམས་ཚང་ན་མི་འཚོ་སྤང་བར་བཤད། །ཚད་གཞུག་རླུང་དུ་ལོག་པའི་རླུང་སྟོངས་རྟགས། །གཡལ་མང་རླུང་གསང་ན་ཞིང་སྟོང་སྐྱུགས་བྱེད། །གཉིད་མེད་ཤེས་པ་འཕྱོ་ལ་ཞེ་ས་མཁས། །རྙོང་འདོད་མིག་དཔངས་མཐོ་ལ་སྐྲ་འདབ་འདར། །གཏིང་གི་དབང་པོ་མ་འཁྲུལ་ཆལ་ཆོལ་སྨྲ། །ལྕེ་སྟེང་དམར་རྩུབ་རྩ་ཆུའི་ཚ་བ་མེད། །ཧ་ཅང་ཐལ་ན་སྨྱོ་བར་འགྱུར་བ་ཡོད། །བྱེ་བྲག་རིམས་སྟོངས་རྐང་ལག་རེངས་ཤིང་ན། །ཁ་སླ་གཉིད་མེད་སྐྲ་འདར་གདོང་དབལ་སྐྱ། །ཁྲག་སྟོངས་ཁ་སླ་གཉིད་ཆེ་དང་ག་འགག །མཁྲིས་སྟོངས་གཉིད་མེད་ཁ་སླ་མིག་ལྕེ་སེར། །བད་སྟོངས་རྔུལ་ཆེ་གཉིད་དུས་ཟ་ཟི་མང༌། །ཆུ་སེར་སྟོངས་པ་མིག་གིས་ཟ་ཟི་མཐོང༌། །གཉིད་མེད་དབང་པོ་འཁྲུལ་ཞིང་སྨྱོ་ཚུལ་སྟོན། །གློ་སྙིང་སྟོངས་པ་གཉིད་དང་ཟུག་གཟེར་ཆུང༌། །ལུས་རེངས་སོ་འཐམ་བླ་འཆོལ་བྱེད་པའོ།།

སྟོངས་ཚད་བཅོས་པ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་པའི་ཚུལ་ལ་རྣམ་པ་གསུམ་ཡིན་ཏེ། །ཚ་སྟོངས་ཁ་དྲག་དཔུང་པ་གཉའ་ཚུལ་བཅོས། །རྩ་སྟོངས་འཕྲང་ཁ་སོ་པས་བཅད་པའི་ཚུལ། །རླུང་སྟོངས་སྨྱོན་པ་མལ་འཇུག་ཚུལ་དུའོ། །གཉེན་པོ་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །ཚ་བ་སྟོངས་ལ་གཞུག་ཆུང་རུས་པ་ལྔ། །ཆང་བྲེ་ཕྱེད་དུ་སུམ་གཉིས་བསྡུས་ཁུ་རུ། །ག་བུར་ཅུ་གང་ཀ་ར་བཏབ་ལ་བཏང༌། །སྨན་ཞུ་རྔུལ་འདོན་རྔུལ་རྗེས་རླུང་སྣ་གླན། །དེ་ནས་ཐོང་ཚེར་བལ་ཚི་རུས་ཁུར་བཙིར། །བིག་པན་ཤིང་ཀུན་བུར་སྦྱར་རླུང་དུས་བཏང༌། །ཡང་ན་བིག་པན་ཐལ་བ་ཨ་ག་རུ། །ཛཱ་ཏི་རུ་རྟ་སྤོས་དཀར་བུ་རམ་སྦྱར། །དགོང་དང་ཐོ་རངས་རུས་ཁུས་འཕུལ་ལ་བཏང༌། །རླུང་དང་ཚད་པ་དུས་གཅིག་འཇོམས་པར་བྱེད། །ཙན་དན་བསིལ་གསུམ་ཨུཏྤལ་སླེ་ཏྲེས་དང་། །སེ་འབྲུ་པི་པི་ལིང་དང་བིག་པན་ཐལ། །བུར་དཀར་སྦྱར་བ་དགུང་གཉིས་རུས་ཁུས་དབུལ། །དཔྱད་དུ་དགོང་ཀ་ཉི་མ་ནུབ་པ་དང༌། །ཚིགས་པ་དྲུག་བདུན་ཨན་སྟོང་མེ་ཡིས་བསྲེག །གཟེར་སར་འབའ་ཆ་རུས་རྙིང་འོལ་སྐོམ་མམ། །འཁར་གོང་སྲིན་ཅན་ཆང་བྲན་བསྲོས་པས་བདུག །ཁ་ཟས་ལུག་ཤ་ཉེ་འུ་ནང་ནུབ་དང༌། །བ་ལང་རི་དྭགས་ཤ་གསར་ཉིན་དགུང་བཏང༌། །སྐོམ་དུ་སླེ་ཏྲེས་བུར་རྙིང་བསྡུས་པའམ། །གསར་འཇམ་འོ་མ་བསྐོལ་གྲང་བུར་དཀར་བཏབ། །མཁས་པའི་རིག་པས་དཔྱད་ཅིང་ཉམས་སྦྱར་བསྟེན། །སྤྱོད་ལམ་བསེར་བུ་ཁ་གཡེར་མི་སྙན་གཏམ། །དྲག་ཤུལ་ཅ་ཅོ་འདུ་འཛི་སྤངས་བྱས་ལ། །ཡིད་འོང་གྲོགས་བསྟེན་དྲོ་བའི་གནས་སུ་བསྡད། །བཅོས་ཀ་མི་ལེན་ཚ་བ་ཆེར་འཕེལ་ན། །ཟས་ཀྱིས་སྣ་བླང་བསིལ་གྱིས་ཚ་བ་བསད། །རྩ་སྟོངས་ཚ་བ་བསིལ་གཏར་མི་གསོད་པས། །དང་པོར་སྤྱི་གཙུག་དྲུག་པ་མཐེབ་སྙིང་བསྲོ། །ཨ་གར་(ཛཱ་ཏི་སྤོས་དཀར་ཨུཏྤལ་)བཞི་སྦྱོར་བུར་དཀར་རུས་ཁུས་དབུལ། །མ་ཐུབ་སྡུད་སྒོ་བདུན་པ་དཀར་ནག་མཚམས། །སྤྲ་བ་ལྔས་བསྲེག་འཕྲང་སྡོམ་འབྲོས་སྒོ་འགེགས། །ག་བུར་ཙན་དན་ཛཱ་ཏི་སྙིང་ཞོ་ཤ །ཅུ་གང་ནཱ་ག་གེ་སར་ཀ་ར་སྦྱར། །དགུང་གཉིས་བཏང་རྗེས་སྦང་སྐམ་རུས་རྙིང་བདུག །ཆང་བཙོས་ལུས་ཀུན་དྲིལ་ལ་རྔུལ་མང་གདོན། །དེ་རྗེས་གོང་བཞིན་རྩ་འཕྲང་བསྡམ་པ་གཅེས། །ཟས་དང་སྤྱོད་ལམ་གོང་མ་ཇི་བཞིན་ནོ། །རླུང་སྟོངས་ཚ་བ་རླུང་དུ་ལྡོག་འགྱུར་བས། །ཟས་སྐོམ་ཆང་འཇམ་བུར་དཀར་ལུག་ཤ་དང༌། །འདོན་གྱི་སྦྱོར་བ་བྱས་ཏེ་ནང་ནུབ་བཏང༌། །མ་ནོན་ལོ་ཤ་མར་རྙིང་ཤ་ཆེན་སྤྲུག  །རླུང་གསང་བསྐུ་མཉེ་ཡོས་སམ་སྤ་འུས་བདུག །ཤིང་ཀུན་སྒ་དང་ཛཱ་ཏི་ཁ་རུ་ཚྭ། །བིག་པན་སླེ་ཏྲེས་བུ་རམ་རུས་ཁུས་དབུལ། །དྲུག་བདུན་དང་པོ་སྡུད་སྒོ་མེ་ཡིས་མནན། །མི་དང་མི་ལབ་མུན་ཁུང་བསྙལ་ལ་བཞག །བྱེ་བྲག་བཅོས་པ་རིམས་སྟོངས་གཏར་ག་སྤང༌། །ལུག་ཤ་ཆང་འཇམ་བསྐུ་མཉེ་གཉིད་ཀྱིས་བཅོས། །བིག་པན་སླེ་ཏྲེས་ཀ་ར་རུས་ཁུས་དབུལ། །ཁྲག་སྟོངས་ཆང་དང་ཉིན་གཉིད་མེ་བཙའ་སྤང༌། །བྱུག་པ་ཤ་གསར་འཇམ་ཐང་བཏང་བར་བྱ། །མཁྲིས་པ་སྟོངས་ན་ཤ་ཆང་མཆོག་ཏུ་གནོད། །བསྐུ་མཉེ་འཇམ་ཐང་བཏང་ཞིང་གཉིད་མི་བསྲུང༌། །བད་ཀན་སྟོངས་ན་མར་དང་གཏར་ག་སྤང༌། །ཆུ་སྐོལ་ཤ་གསར་བཏང་ཞིང་བསྐུ་མཉེ་བྱ། །འབྲས་བུ་གསུམ་གྱི་ཐང་བཏང་རྔུལ་མི་ཕྱི། །ཆུ་སེར་སྟོངས་ན་མར་ནག་སྤང་བར་བྱ། །ཤ་ཆང་རྙིང་པ་བཏང་ཞིང་གཉིད་མི་བསྲུང༌། །འབྲས་གསུམ་མར་སྦྱར་ལྔ་བདུན་མེ་ཡིས་བསྲོ།  གློ་སྙིང་སྟོངས་ན་བསིལ་ཐང་གཏར་ག་སྤང༌། །རུས་ཐང་ཤ་གསར་བསྐུ་མཉེ་ཆང་འཇམ་བཏང༌། །སྤྱི་ལ་བྱེ་བྲག་བཅོས་པའི་མདེ་ཁར་གདགས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྟོངས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།