སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བདུན་པ། ལས་ལྔ་འཇམ་རྩིའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་བདུན་པ། ལས་ལྔ་འཇམ་རྩིའི་སྐོར།



ལེའུ་བཅུ་བདུན་པ། ལས་ལྔ་འཇམ་རྩིའི་སྐོར།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔ་འཇམ་རྩི་རུང་དང་མི་རུང་དང༌། །སྦྱོར་བ་བཏང་ཐབས་ཕན་ཡོན་ཉེས་དམིགས་སོ།།

རུང་བ་རླུང་སྐྲན་ལྟོ་སྦོས་རྩམ་པ་འཁྲུ། །ཁུ་བ་ཟད་དང་ཟླ་མཚན་འབྱམས་པ་དང༌། །རྒྱུ་ལོང་མཁལ་རྐེད་གྲང་བ་རྒྱས་པ་དང༌། །སྟོབས་ཆུང་སྨད་སྲིན་རླུང་ནད་ཀུན་ལ་བཏང༌།།
མི་རུང་དམུ་འོར་ནད་དང་ཡི་ག་འཆུས། །དུག་ནད་མཆིན་པ་རྒྱུ་ལོང་སྣོད་ཚད་དང༌། །ཚིལ་ཆེས་མ་ཞུ་བད་ཀན་རྒྱས་ལ་སྤང༌།།

སྦྱོར་བ་སླེ་འཇམ་བཀྲུ་འཇམ་བཀྲུ་མ་སླེན། རླུང་རྐྱང་མཁྲིས་པ་བད་ཀན་ལྡན་ལ་སྦྱར། །དང་པོ་ལུག་ཤ་འབྲི་ཡི་འོ་མ་མར། །རུ་རྟ་དེ་བ་དཱ་རུ་པི་པི་ལིང༌། །རྒྱམ་ཚྭ་ཨ་རུ་ར་སྦྱར་སླེ་འཇམ་ཡིན། །གཉིས་པ་ཆུར་གནས་ཤ་ཁུ་བ་འོ་མར། །གོང་སྨན་དུར་བྱིད་སྦྱར་བ་བཀྲུ་འཇམ་མོ། །གསུམ་པ་སྐམ་སའི་ཤ་ཁུ་ར་འོ་མར། །གོང་སྨན་སོ་ཆ་སྦྱར་བ་བཀྲུ་མ་སླེན། །མར་རབ་ཤ་ཁུ་འབྲིང་ལ་འོ་མ་ཐ། །ཤ་གྲོགས་འོ་མ་འོ་གྲོགས་མར་ཉིད་གཅེས། །ཁ་འཛིན་རླུང་ལ་ཤིང་ཀུན་ཁ་རུ་ཚྭ། །བད་ཀན་ལྡན་ལ་སྒ་དང་པི་པི་ལིང་། །མཁྲིས་པར་ལྡན་ལ་སླེ་ཏྲེས་ཀྱི་ལྕེ་བ། །སྐྲན་ལ་རྒྱ་ཚྭ་སྲིན་ལ་བྱི་ཏང་ག །ཕོ་ལོང་སྦོས་ལ་རུ་རྟ་སྡེབ་པར་བྱ།།

བཏང་ཐབས་ཁྱོར་གང་ཕུལ་གང་ཕུལ་ལུ་ཕྱེད། །འོ་དྲོད་ཙམ་བསྲོས་གྲོད་པ་གཅེ་འུ་ཡིས། །དགོང་དུས་བཤང་བསལ་ལུས་ཀྱི་བཅས་བྱས་ལ། །གྲོད་པའི་དབུགས་བཏོན་མ་སྣད་བཅུག་ལ་བཏང༌། །གན་རྐྱལ་ཉལ་ལ་རྐུབ་བཅོས་རྐང་མཐིལ་བརྡུང༌། །རྐང་མཐེབ་ནས་བཟུང་གནམ་དུ་བཏེག་ལ་གསིག །སྔས་སྨད་འཕོངས་སྟོད་གན་རྐྱལ་མ་གྲང་བསྙལ། །སླེ་འཇམ་དབྱུང་དུས་ཉི་ནུབ་སྲོད་དུས་ཡིན། །དེ་མ་བྱུང་ན་ནི་རུ་ཧ་ཡིས་བསུ། །རླུང་ཤས་མེ་དྲོད་ཆེ་ལ་བསྟུད་ལ་བཏང༌། །དེ་མ་ཡིན་ན་ལྕག་ལན་བཏང་བར་བྱ།།

ཕན་ཡོན་རླུང་གནོན་བད་མཁྲིས་ནད་ཞེན་སློང༌། །བཏང་དྲགས་ཡི་ག་འགག་ཅིང་མེ་དྲོད་འཆི། །ནི་རུ་ཧ་སྤེལ་གནོད་མེད་ནད་ཀུན་འདྲེན། །དེ་ཕྱིར་ཟུངས་ངན་ནད་རྙིང་གསོ་དཀའ་ལ། །གཅིག་དང་གཉིས་སྤེལ་ལན་མང་བཏང་བས་ཆོག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་འཇམ་རྩིའི་ལེའུ་སྟེ་བཅུ་བདུན་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:55 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།