སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་བསྡམ་པར་བྱ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་བསྡམ་པར་བྱ་བ་བསྟན་པ།

གཉིས་པ་ཟས་མི་འཕྲོད་པ་བསྡམ་པར་བྱ་བ་ལ་གསུམ་སྟེ། ཉོན་ཅིག་པར་གདམས་པ་དང༌། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། རྒྱལ་པོའི་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོའི་སློབ་དཔོན་གཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལས་ནི་བསྲུང་བར་འགྱུར། །ཞེས་བྱ་བ་ལ། རྒྱལ་པོ་ནི་ས་བདག་གོ།  ཕོ་བྲང་ཉེ་འཁོར་ནི་རྒྱལ་པོའི་བཞུགས་གནས་དང་འདབས་ཉེ་བར་རོ། །སྲོག་འཚོའི་སློབ་དཔོན་ནི་སྨན་པ་སྟེ་སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ནི་བཞག་པར་བྱ་ཞེས་པ་ཕོ་བྲང་དང་ཉེ་བ་ཁོ་ནར་བཞག་པར་བྱ་ཞིང་གནས་པར་བྱ་བ་སྟེ། དེར་དེའི་ཁང་བ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་པས་ཞེས་པ་དེ་ལྟར་ཉེ་བར་བསྟེན་པར་གྱུར་པས་སྨན་པ་ཐམས་ཅད་དུ་ཞེས་པ། ཐམས་ཅད་ལས་ཞེས་པ་ཟས་དང་སྐོམ་ལ་སོགས་པ་རྣམས་ལས་བསྲུང་ཞིང་བསྡམ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། ཁྱད་པར་དུ་ནི་ས་བདག་གི། །ཟས་སྐོམ་དུག་ལས་བསྲུང་བར་བྱ། །ཆོས་ལ་སོགས་དང་གང་འབྲེལ་བའི། །འབྱོར་བ་དེ་ལ་རག་ལས་སོ། །ཞེས་བྱ་བ་ལ། ཁྱད་པར་དུ་ཞེས་བྱ་བ་རབ་ཏུ་འབད་པས་ས་བདག་སྟེ། རྒྱལ་པོའི་ཟས་ལ་སོགས་པ་བསྲུང་ཞིང་བསྡམ་པར་བྱའོ། །ཟས་དང་སྐོམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། དེས་ན་རྒྱལ་པོའི་ལོངས་སྤྱོད་དུ་དགོས་པ་ནི་ན་བཟའ་དང༌། གཟིམས་མལ་དང༌། དྲི་དང་ཕྲེང་བ་དང༌། རིན་པོ་ཆེ་ལ་སོགས་པ་དག་ཀྱང་དུག་ལས་བསྲུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་པ་དང༌། སོགས་པ་ཞེས་བྱ་བས་ནོར་དང་འདོད་པ་དང་ཐར་པ་རྣམས་དང་གང་འབྲེལ་ཞིང་རྒྱུར་གྱུར་པའི་སྐྱེ་རྒུ་དང་བདག་ཉིད་ཀྱི་འབྱོར་བ་དང་བདེ་བ་ནི་རྒྱལ་པོ་དེ་ཁོ་ན་ལ་རག་ལུས་པ་ཡིན་ནོ། །དེ་ལ་འབྱོར་བ་ནི་ལོངས་སྤྱོད་མ་ཐོབ་པ་རྣམས་འཐོབ་པར་བྱེད་པ་ཡིན་ནོ། །ཐོབ་པ་རྣམས་ཡོངས་སུ་བསྲུང་བ་ནི་བདེ་བ་དེ། དེ་གཉིས་ཀ་ཡང་རྒྱལ་པོ་དེ་ལ་རག་ལས་པ་ཡིན་ནོ། །དེ་བས་ན་དེའི་གནོད་པ་བསྲུང་བར་བྱ་དགོས་སོ། །ཞེས་དང༌། སྨན་པ་ཐོས་སྤྱོད་ཕུན་ཚོགས་ལྡན་ཞིང་ལས་མཁས་སྙིང་རྗེ་ཅན། །གེགས་དང་གནོད་མེད་ལུས་བསྲུང་བྱེད་པ་ཉེ་བར་བཞག་བྱས་ནས། །རྒྱལ་པོ་རང་གི་དགེ་བའི་འབྲས་བུའི་ལོངས་སྤྱོད་བདེར་སྤྱོད་ཅིང༌། །ནད་མེད་མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིངས་འཕེལ་བར་འགྱུར། །ཞེས་རྒྱལ་པོ་རྣམས་ཀྱིས་སྲོག་འཚོའི་སློབ་དཔོན་བསྟེན་པར་བཤད་མོད་ཀྱང༌། གངས་ཅན་གྱི་ཉི་འོག་འདི་ན་ནི་སྨན་པ་མཁས་པ་དང་དེ་ལྟར་བསྟེན་པ་གཉིས་ཀ་ཤས་ཆུང་བར་སྣང་ངོ༌། །གཉིས་པ་ཚིག་གི་དོན་ནི། ཟས་སྐོམ་ཞེས་པ་ནས་ཐར་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཟས་སྐོམ་ནི་བཟང་ཞིང་བཏུང་བར་བྱ་བ་ཁོ་ན་ཡིན་མོད་དུ་ཟིན་ཀྱང༌། འགའ་ཞིག་ནི་བསྡམ་པར་བྱ་བ་དག་ཀྱང་ཡོད་དེ། གང་ཞེ་ན་སྦྱར་བ་ལ་སོགས་པའི་དུག་དང་ལྡན་ཞིང་མི་འཕྲོད་པའི་ཟས་གང་ཡིན་པ་ཀུན་ཡིན་ལ། དེ་མ་བསྡམས་པར་ཟོས་ན་འཕྲལ་དུ་སྲོག་འདོར་བའམ་རླུང་ལ་སོགས་པའི་ཉེས་པ་རིམ་པས་འཁྲུགས་པས་ཏེ་མི་བཟོད་པའི་ཟུག་རྔུ་འདེབས་པར་འགྱུར་བ་དེའི་ཕྱིར་འབད་པས་བསྲུང་བར་བྱའོ། །དེ་ཡང་སྐྱེ་རྒུ་ཐམས་ཅད་ཀྱི་བདེ་བ་དང་འབྱོར་བ་ནི་ས་དེའི་བདག་པོ་ཉིད་ལ་རག་ལས་པ་དེའི་ཕྱིར་གཙོ་བོར་རྒྱལ་པོའི་ཕོ་བྲང་ཉིད་དམ། དེ་དང་ཉེ་བར་སྲོག་འཚོ་བའི་སློབ་དཔོན་སྨན་པ་ཤིན་ཏུ་མཁས་པ་བཞག་ཅིང་གནས་པར་བྱས་པ་དེས་ནི། རྒྱལ་པོ་ལ་གནོད་པ་རྣམས་ཀྱི་ཟས་སྐོམ་ལ་སྦྱར་བ་ལ་སོགས་པའི་དུག་ཡོད་མེད་ལེགས་པར་བརྟགས་ཤིང་ལོངས་སྤྱོད་པར་བྱེད་དུ་བཅུག་ན་ངེས་པར་དུག་གི་འཇིགས་པ་ལས་ཐར་བར་འགྱུར་བ་ཡིན་པ་དེས་ན་སྨན་པ་མཁས་པ་རྟག་ཏུ་བསྟེན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །སྨན་པ་དེས་ཀྱང་སྔར་བྱུང་བ་ཞི་བ་དང་ཕྱིས་མི་འབྱུང་བའི་ཐབས་ཤེས་ཤིང་དཔྱད་པར་བྱ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཁ་ཟས་དུག་ཡོད་མེད་བརྟག་པ། ཁ་ཟས་དུག་ཏུ་འགྱུར་ཚུལ། བསླབ་བྱ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི།

སློབ་དཔོན་གྱིས། འབྲས་ཆན་དུག་བཅས་གཤེར་བག་ཀྱང༌། །སྐམ་བག་ཅན་ནི་འདྲ་བར་འགྱུར། །ཡུན་རིངས་ཚོས་པར་གྱུར་པ་དང༌། །ཚོས་པའང་ཞག་ལོན་ལྟ་བུར་འགྱུར། །རླངས་པ་རྨ་བྱའི་མགྲིན་འདྲ་ཞིང༌། །ཁོང་སྨྱོས་བརྒྱལ་དང་ལུས་རྔུལ་བསྐྱེད། །དྲི་དང་མདོག་སོགས་ཉམས་པར་འགྱུར། །རུལ་ཞིང་རྨ་བྱའི་སྒྲོ་ལྟར་འཚེར། །ཚོད་མ་མྱུར་དུ་སྐམ་པ་དང༌། །བསྐོལ་བའི་མདོག་ནི་གནག་འགྱུར་ཞིང༌། །དེར་གཟུགས་ཆུང་བའམ་ཆེ་བའམ། །མི་སྡུག་པའམ་མི་སྣང་འགྱུར། །ལྦུ་བ་སྟེང་འབྱུང་རི་མོ་འཚམ། །ཁ་ཆུ་འདྲ་དང་ཆུ་བུར་འབྱུང༌། །བཏུང་བ་མངར་སྐྱུར་ཚོད་མ་དང༌། །ཤ་དང་མཚམས་བྱེ་རོ་དང་བྲལ། །ཤ་ཁུ་རི་མོ་སྡོར་སྣང་ཞིང༌། །འོ་མ་ཟངས་མདོག་ཞོ་དྲི་མ། །དར་བ་ལ་ནི་སེར་དང་ནག །མར་ཁུ་ཆུ་དང་འདྲ་བར་སྣང༌། །ཆང་དང་ཆུ་གནག་སྦྲང་རྩི་ལ། །ལྗང་སྣང་ཏིལ་མར་དག་ལ་དམར། །ཤིང་ཏོག་མ་སྨིན་སྨིན་པར་སྣང༌། །སྨིན་པ་དག་ནི་ཡོངས་སུ་འདྲུལ། །ཁ་ཟས་རློན་དང་སྐམ་པ་དག །རྙིང་ཞིང་མདོག་ནི་ཉམས་པར་འགྱུར། །སྙི་བ་དང་ནི་སྲ་བ་དག །རེག་པའི་གོ་ནི་བཟློག་པར་འགྱུར། །མེ་ཏོག་ཕྲེང་རྩེ་ལོ་མ་འགས། །རྙིང་ཞིང་དྲི་ནི་མི་ཞིམ་འགྱུར། །གོས་ལ་ནག་པོ་ཐལ་རིས་དང༌། །སྤུ་རྣམས་ཐུལ་ཞིང་ཁ་ཚར་ཆད། །གསེར་དངུལ་མུ་ཏིག་ཤིང་དང་རྡོ། །རིན་ཅེན་སོགས་ལ་དྲི་མ་ཆགས། གཟི་མདངས་རེག་པ་འོད་ཉམས་འགྱུར། །ས་ཡི་སྣོད་ནི་མདོག་བཅས་བྱེད། །དུག་སྟེར་ཁ་ནི་སྔོ་སྐམ་ལ། །གནོང་བག་གིས་ནི་ཕྱོགས་སུ་བལྟ། །དངུལ་ཞིང་འདར་ལ་སྐྲག་པ་དང༌། །འཇིགས་ཤིང་འགྲོས་འཁྱོར་གླལ་བར་འགྱུར། །དུག་ལྡན་ཟས་ནི་མེར་བསྲེགས་ན། །མེ་ལྕེ་གཅིག་འཁྱིལ་མེ་སྟག་བརྒལ། །དུ་བ་རྨ་བྱའི་མགྲིན་འདྲ་འབྱུང༌། །མེ་ལྕེ་མི་འབར་འབར་ཡང་གནམ། །སྦྲང་མས་ཟོས་ན་འཆི་བར་འགྱུར། །བྱ་རོག་གིས་ཟོས་སྐད་ཞན་འགྱུར། །འདི་ནི་ནེ་ཙོ་ད་རུ་ཏ། །རི་སྐྱེགས་ཀྱིས་མཐོང་ཅ་ཅོ་འབྱིན། །ངང་པས་ཟོས་ན་རྡེག་འཆོས་པ། །ཤང་ཤང་དེའུ་ན་བར་འགྱུར། །སྲེག་པ་མིག་ནི་མི་ཆགས་བྱེད། །ཁྲུང་ཁྲུང་དག་ནི་འཛུར་བར་འགྱུར། །ཕུག་རོན་ཁུ་བྱུག་བྱ་གག་དང༌། །ངུར་པས་ཟོས་ན་འཆི་བར་འགྱུར། །བྱི་ལ་སྐྱོ་ཞིང་འདོར་བར་འགྱུར། །སྤྲེའུ་མི་གཙང་འདོར་བར་བྱེད། །རྨ་བྱས་དེ་མཐོང་དགའ་འགྱུར་ཞིང༌། །དུག་གི་དབལ་ནི་ཉམས་པར་འགྱུར། །དེ་ལྟར་ཟས་ནི་དུག་ལྡན་པར། །ཤེས་ཤིང་ཅི་ནས་དེ་ཡིས་ནི། །སྲོག་ཆགས་ཕྲ་མོ་ཡན་ཆད་ལའང༌། །གནོད་མི་འགྱུར་བར་འབད་དེ་དོར། །རེག་ན་གཡའ་ཞིང་ཚ་ལ་ན། །རིམས་འདེབས་འབྲུམ་ཆུང་ཚོར་བ་ཆུང༌། །སེན་མོ་སྤུ་འབྱུང་ལུས་སྐྲངས་ཏེ། །དེ་ལ་དུག་ནི་རྣམ་འཇིག་པའི། །ཙན་དན་ཤུག་པ་སྤུ་ཤེལ་རྩེ། །སོ་མའི་ཤུན་བཅས་བལ་བུའི་འདབ། །རུ་རྟ་སླེ་ཏྲེས་ཨ་ག་རུའི། །ཆུས་བཀྲུས་བླུག་ཅིང་བསྐུ་བར་བྱ། །ཁར་ཆུད་ན་ནི་མཆིལ་སྣབས་མང༌། །ལྕེ་མཆུ་སྦྲིད་ཅིང་བེམ་པོར་བྱེད། །ལུས་ཚ་ན་ཞིང་སོ་བརྩེ་ལ། །རོ་མི་ཚོར་ཞིང་འགྲམ་སོ་འཐམས། དེ་ལ་དུག་ཀུན་འཇོམས་སྨན་དང༌། །ཨུར་ཤི་སོ་ཁུས་མཁུར་བཀང་དབོ། །མ་ཞུས་གནས་དབབ་རྔུལ་བ་དང༌། །བརྒྱལ་ཞིང་ལྟོ་སྦོས་མྱོས་མགོ་འཁོར། །བ་སྤུ་ལྡང་ཞིང་སྐྱུག་ལུས་ཚ། །མིག་མི་གསལ་ཞིང་སྙིང་མི་དྲན། །ཡན་ལག་ཐིག་ལེས་ཁྱབ་པར་འགྱུར། །ཞུ་བའི་ནགས་སུ་ཕྱིན་ན་ཡང༌། །ཁ་དོག་སྣ་ཚོགས་སྐྱུག་པ་དང༌། །གཅིན་མང་རབ་ཏུ་འཁྲུ་བར་འགྱུར། །རྨྱ་སྙོམས་སྐེམ་ཞིང་མདོག་སྐྱ་ལ། །གསུས་པ་སྐྱེ་ཞིང་ཉམས་སྟོབས་འཛད། །དེ་གཉིས་རློན་དང་ཁྲུས་བྱས་ནས། །སེར་གཉིས་བུ་རམ་ཀི་ཀར་ནི། །སིནྡུ་བ་རི་ནིས྄ས་དང༌། །བང་ཤི་ཀ་དང་ཚིགས་བརྒྱ་བ། །ཏནྡུ་ལི་ཡའི་རྩ་བ་དང༌། །བྱ་གག་སྒོ་ང་བལ་གུ་ཟ། །སྣར་བཏང་མིག་སྨན་བླུགས་བྱ་བ། །དུག་ཞིའི་ཕྱིར་ནི་སྦྱར་བར་བྱ། །དུག་འཐུང་པ་དག་སྟེང་དང་ནི། །དེ་བཞིན་འོག་གིས་སྦྱངས་གྱུར་ན། །དུས་སུ་ཟངས་བཟང་འདར་ཕྱེ་མ། སྦྲང་རྩིར་བྱས་པ་སྙིང་སྦྱོང་སྦྱིན། །སྙིང་ནད་སྦྱངས་ནས་གསེར་ཕྱེ་ནི། །ཞིབ་མོ་ཞོ་གཅིག་སྦྱིན་བྱས་ན། །པདྨའི་འདབ་མར་ཆུ་བཞིན་དུ། །གསེར་གྱི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །སྦྱར་དུག་ལ་ཡང་ཆོ་ག་འདིའོ། །ཞེས་འགྲེལ་པ་དང་བཅས་པས་རྒྱས་པར་བཤད་པ་རྣམས་ཀྱང་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། དུག་ལྡན་ཞེས་པ་ནས་འགྱུར་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། བློ་དང་ལྡན་པ་རྣམས་ཀྱིས་དོགས་པའི་གནས་སམ་གཞན་དུའང་རུང་སྟེ་བཟའ་བཏུང་གི་རིགས་རྣམས་ལ་སྦྱར་བ་ལ་སོགས་པའི་དུག་ཡོད་མེད་ལེགས་པར་བརྟགས་ཤིང་དཔྱད་ནས་སྤང་བླང་ཤེས་པར་བྱའོ། །དེ་ཡང་སྦྱར་བ་དང་གྱུར་པ་དང་དངོས་ཀྱི་དུག་དང་ལྡན་པའི་ཟས་དང་སྐོམ་གང་ཡང་རང་རང་གི་རང་བཞིན་དེ་ལས་ཁ་དོག་དང་དྲི་རོ་ལ་སོགས་པ་བཟློག་ཅིང་མི་འདྲ་བར་གྱུར་ལ། ཁྱད་པར་དུ་མེར་བསྲེགས་པའི་ཚེ་དུ་བ་རྨ་བྱའི་མགྲིན་པ་འདྲ་བ་སྔོན་པོར་འབྱུང་ཞིང༌། །མེ་ལྕེ་ཡང་གྱེན་དུ་མི་འགྲོ་བར་ཕྱོགས་གཅིག་ཏུ་འཁྱིལ་ཞིང་མེ་སྟག་རྒྱང་རིང་དུ་བརྒལ་ཏེ་འགྲོ་བ་དང༌། ཁ་ཟས་དེ་ཉིད་གཞན་གྱིས་མཐོང་བར་གྱུར་པ་ན་བྱ་རོག་རྣམས་སྐད་འདོན་ཞིང་རྨ་བྱ་ནི་དགའ་བར་འགྱུར་བ་དང༌། ཁྱི་ལ་བྱིན་ན་ལྟོ་བ་དྲོས་པའི་ཚོད་ཙམ་ནས་སྐྱུག་པར་འགྱུར་ཏེ། བྱེ་བྲག་ཏུ་ཤ་ལ་དུག་ཡོད་ན་དམར་པོར་ཡོད་དུ་ཟིན་ཀྱང་ལྕགས་བསྲེགས་པ་ལ་སྦྱར་ན་མི་ལེན་པ་དང༌། ཡང་ན་སྦོས་པ་ལྟར་འབྱུང་ཞིང༌། ཤ་དེ་ཉིད་ཆང་དང་སྦྱར་ནས་རླངས་པ་མིག་ལ་བདུགས་པ་ན་ཚ་ཞིང་འཁྲུག་པར་འགྱུར་ལ། གལ་ཏེ་ཉོན་མོངས་པས་ཀུན་ནས་བླངས་ནས། དུག་སྟེར་བའི་ཆག་ཚང་གི་མི་སྟེ་གཡོས་མཁན་དེ་ཉིད་ཁ་སྐམས་ནས་ལུས་རྔུལ་ཞིང་འདར་ལ་སྐྲག་ཅིང་ས་གཅིག་ཏུ་འདུག་མི་ཚུགས་པ་དང༌། གནོང་བག་གི་རྣམ་འགྱུར་དང་ལྡན་པས་དོན་མེད་ཀྱི་ཕྱོགས་རྣམས་སུ་བལྟ་བར་བྱེད་པ་ཡིན་པ་དེ་ལྟར་ཞིབ་ཏུ་ཤེས་པར་བྱས་ནས་ལུས་ཅན་ཕྲ་མོ་དང་བཅས་པ་ཀུན་ལ་གནོད་པར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་དུག་ལྡན་གྱི་བཟའ་བཏུང་དེ་དག་ས་འོག་ལ་སོགས་པ་གཞན་དུ་དོར་བའམ་ལྷག་མ་མེད་པའི་ཐབས་ལ་ནན་ཏན་བྱའོ། །གཉིས་པ་ཁ་ཟས་དུག་ཏུ་འགྱུར་ཚུལ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི།

འཚོ་བའི་མདོ་ལས། དུས་བཞིར་དྲོ་བབ་རན་པར་ཟས་བཟའ་ངོམས་པར་སྐོམ་བཏུངས་ཏེ། །ཐུག་པ་ཁུ་ཚན་ལ་སོགས་སྣུམ་ལྕི་དྲོད་ཀུན་སྔར་བཟའ་ཞིང༌། །འབྲས་ལ་སོགས་པ་བསིལ་ཡང་ཕྱིས་བཟའ་ཕྲད་མེད་ཕྱེ་མ་འགམ། །བབ་ཆོལ་ཧ་ཅང་འགྲངས་བར་བཟའ་མིན་མྱོས་པར་ཆང་མི་བཏུང༌། །འབྲས་ཀྱིས་འགྲངས་རྗེས་ཕྱེ་ཟན་མི་ཟ་དྲོད་རྗེས་སྐོམ་མི་བཏུང༌། །སྐྱོ་མ་རན་པར་འཐུངས་ན་ལུས་བརྟ་ནང་ན་རྒན་ལ་གསོད། །རོ་དྲུག་གང་ཡང་གཅིག་ལ་ཆེར་ཟོས་ནད་ལྡང་རན་པར་བཟའ། །འགྲངས་པའི་རྗེས་ལ་ཉལ་པོ་བང་སྟོབས་རྟ་རྒྱུག་ལ་སོགས་སྤང༌། །ཤིང་ཏོག་ལྔ་ལྡུམ་མངས་ན་ནད་ལྡང་བ་མོས་ཕོག་པ་གནོད། །དབྱར་ཟླ་འབྲིང་པོའི་ཚེས་ལ་འདམ་འདུམ་མང་དྲགས་ནད་དུ་འགྱུར། །ནད་ཅན་ལུམས་ཀྱིས་དྲངས་ཏེ་མགྱོགས་ན་ནད་ལྡང་སྐྲན་དུ་འོང༌། །མཆིན་པ་གཡེར་མ་སྦངས་ཏེ་ཟོས་ན་ཅུང་ཟད་སྙིང་ལ་གནོད། །ཟས་མཆོག་སྦྲང་རྩི་མར་རྙིང་ཆ་མཉམ་ཟོས་ན་དུག་བཞིན་གནོད། །མི་མཉམ་ཆེ་ཆུང་བྱས་ཀྱང་ཟོས་རྗེས་ཆང་ཆུ་འཐུང་ན་གནོད། །མ་ལངས་ཞོ་དང་ལངས་མ་ཐག་པའི་ཞོ་དྲོན་ནད་ཀུན་སློང༌། །ཆུ་བྱ་དབྱར་སྤང་ལྡུམ་མཆོག་ཀིའུ་དབྱར་ཟླ་འབྲིང་པོའི་སྨན། །སྨན་འཐུང་ཤ་བའི་ཤ་གནོད་ག་གོན་ཞོར་འདྲེས་རིམས་སུ་འགྱུར། །བཙོང་སྲེག་སྦྲང་རྩིར་མི་འཕྲོད་ལྷན་ཅིག་ཟོས་ན་འཆི་བར་འགྱུར། །ཀིའུ་སྣག་ཤ་ལྷན་ཅིག་ཟོས་ན་སྐྲན་ཡང་བྱེད། །དགུན་སྟོད་རྒྱ་གཡེར་ཟོས་ན་སྙིང་ན་དྲགས་ན་མིག་ཀྱང་མདོངས། །མར་ཚིལ་ཟོས་དང་མི་འཕྲོད་ལྷ་བ་བཟའ་དྲགས་ན་སོ་འབྱུང༌། །བྲའུ་མང་དུ་ཟོས་པར་གྱུར་ན་རླུང་དང་ལུས་གཡའ་སྟེ། །ནུབ་མོ་ཆུ་འཐུངས་ཆང་དྲོན་ལ་ཕུག་རྙིང་དང་ཤ་སྐམ་སྤང༌། །ཉ་དང་ཁ་ཚ་མར་ཚིལ་མི་འཕྲོད་སྣོད་ཀྱང་གཅིག་མི་བྱ། །ཉ་དང་འོ་མ་ལྷན་ཅིག་མང་ཟོས་ནང་ན་ཟེར་མ་གནོད། །ཤིང་ཏོག་ཆང་ལ་སོགས་ཏེ་སྐྱུར་དང་ཤང་ཚེ་ལ་ཕུག་རློན། །ཉུང་རྙིང་འདི་རྣམས་གང་ཡང་འོ་མར་འཕྲོད་མིན་མང་ཟོས་གནོད། །འོ་ཚན་འཐུངས་རྗེས་ཆུ་གྲོག་འཐུང་དང་རྒྱ་སྲན་ནག་པོ་གནོད། །ཟླ་བ་སྤྱང་ཀིས་ཟིན་ཚེ་ཟན་ཟོས་སོ་ན་ཤུ་པ་འབྱུང༌། །གནག་ཤ་རྟ་ཤ་ལྷན་ཅིག་ཟོས་ན་ལུས་ལ་གཡན་པ་འོང༌། །གནག་ཤ་ཕག་ཤ་ལྷན་ཅིག་ཟོས་ན་ལྟོ་བའི་སྲིན་བུ་སྐྱེད། །ཉ་དང་ཁྱིམ་བྱའི་ཤ་གཉིས་ལྷན་ཅིག་ཟོས་ན་སྐྲན་དུ་འགྱུར། །ཁྱིམ་བྱའི་སྒོ་ངའི་སྤྲི་དང་སྒོག་སྐྱ་ཟོས་ན་དབུགས་མི་བདེ། །ཁྱིམ་བྱའི་ཤ་དང་རི་བོང་གཉིས་ལྷན་ཅིག་ཟོས་ན་ཅུང་ཟད་འཁྲུ། །ཤ་མོ་ཡུངས་མར་ནང་དུ་བརྔོས་པ་ཟོས་ན་ལུས་ལ་གནོད། །མ་ནུའི་ས་བོན་ཀ་པ་རྩམ་རྩི་སྦྲང་རྩིར་འཕྲོད་མ་ཡིན། །ལ་ཕུག་བུ་རམ་མི་འཕྲོད་ཞོ་དང་བྱ་གག་ཤ་མི་འཕྲོད། །ཅེས་པ་དང༌། སློབ་དཔོན་གྱིས། ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་འདྲ་བར་ཤེས་པར་བྱ། །བརླན་ཅན་ཤ་དང་མོན་སྲན་གྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་གམ། །བུ་རམ་དང་བཅས་མི་འཕྲོད་ཡིན། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཙི་ལི་རྩིམ། །འོ་མ་ལྷན་ཅིག་སྐྱུར་ཀུན་ནི། །མི་འཕྲོད་ཤིང་ཏོག་དེ་བཞིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང༌།  །བ་ལ་ཀུ་མུཥྛ་མི་འཕྲོད། །ལ་ཕུག་ལ་སོགས་སྔོ་ངད་ནི། །ཟོས་ན་འོ་མ་སྤང་བར་བྱ། །ཕག་རྒོད་བྱི་དུར་ཤ་མི་ཟ། །ཁྱིམ་བྱ་སྲི་ཤ་ར་ཞོར་མིན། །ཤ་རློན་མཁྲིས་པ་དག་དང་ནི། །ལ་ཕུག་མ་ཤའི་ཚོད་མར་མིན། །ལེ་བརྒན་རྩི་ཚོད་ལུག་ཤར་མིན། །མྱུ་གུའི་ཚོད་མ་པད་རྩར་མིན། །མ་ཤའི་སྲན་ཚོད་བུ་རམ་ཞོ། །མར་འོ་ལི་གུ་རྩེ་འབྲས་མིན། །ཆུ་ཤིང་འབྲས་བུ་དར་བར་མིན། །ཏ་ལའི་འབྲས་བུ་ཞོར་མི་འཕྲོད། །ཚ་བ་གཉིས་པོ་བུ་རམ་དང༌། །སྦྲང་རྩི་ཀ་ཀ་མ་རྩིར་མིན། །དེ་ནི་ཉ་བཙོས་པའི་སྣོད་དང༌། །དོང་གྲ་བཙོས་པར་གཡོས་པ་མིན། །ཀ་མ་ཏ་ནི་སྣོད་གཞན་དུ། །བཙོས་ནས་ཉིན་མཚན་ལོན་མི་ཟ། །ཉ་བརྔོས་པ་ཡི་སྣུམ་ལ་ནི། །པི་པི་ལིང་བརྔོས་སྤང་བར་བྱ། །མར་གསར་འཁར་སྣོད་ཞག་བཅུ་ལོན། །གོ་ཕྱེའི་འབྲས་བུ་དྲོར་མི་བཟའ། །བ་ས་སྲེག་ཤར་མི་འཕྲོད་ཅིང༌། །དར་བར་སྐོམ་པ་ལི་བཙོས་མིན། །འོ་ཐུག་དང་ནི་ཀྲི་ས་དང༌།  །ཆང་དང་ལྷན་ཅིག་མི་འཕྲོད་སྤང༌། །སྦྲང་རྩི་མར་གསར་ཞག་ཏིལ་མར། །ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། །ཆ་མཉམ་ལྷན་ཅིག་ཟོས་པ་དག །ཕན་ཚུན་དག་ནི་མི་མཐུན་ནོ། །མར་སྦྲང་ཆ་ནི་མི་སྙོམ་ཡང༌། །ཆར་པའི་ཆུ་ནི་འཐུང་ན་གནོད། །སྦྲང་རྩི་པདྨའི་ས་བོན་དང༌། །སྦྲང་རྩི་འབྲུ་ཆང་ཁ་རར་མིན། །འོ་ཐུག་རྗེས་ལ་སྐྱོ་མར་མིན། །ཤ་མོ་ཡུངས་མར་བརྔོས་མི་འཕྲོད། །ཨུ་སོ་ཏ་ཀ་ཏིལ་ཚིགས་ལ། །བཙོས་པ་འཁྲུ་བར་བྱེད་པ་ཡིན། །བྱ་གག་ཤ་ནི་ཆང་དངས་དང༌། །ཀུ་ལ་མ་ཤའི་ཐུག་མི་འཕྲོད། །དེ་ཉིད་ངག་རྒོད་ཚིལ་ལ་བརྔོས། །སྲོག་ནི་འཕྲལ་ལ་འཇོམས་པར་བྱེད། །དེ་བཞིན་སྲེག་པ་རྨ་བྱ་དང༌། །ལ་བ་ཀ་པིན་ཛ་ལ་སྲན། །ཨེ་རནྟ་ཡི་མེ་ལ་ནི། །ཨེ་རནྟ་མར་རྔོས་མི་འཕྲོད། །ཧ་རི་ཏྲ་ཤ་སྐྱེར་པ་ཡི། །ཐུར་མ་དག་ལ་བསྐྱོན་ནས་ནི། །སྐྱེར་པའི་མེ་ལ་བསྲེགས་གྱུར་ན། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད། །དེ་ཉིད་ཐལ་བ་རྡུལ་གྱིས་གོས། སྦྲང་རྩིར་བྱས་པ་འཕྲོད་མ་ཡིན། །གང་ལ་ཉེས་པ་མ་སྦྱངས་པ། །མདོར་ན་དེ་ནི་མི་འཕྲོད་ཡིན། །ཉེས་འདིར་སྦྱང་བར་འདོད་པའམ། །ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱི་དང་པོ་ནི། །ལུས་ནི་མངོན་པར་སྦྱང་བར་བྱ། །ཞེས་པ་དང༌།

ཟླ་ཟེར་ལས། དེ་བཞིན་དུ་མི་མཐུན་པ་གཞན་དག་སྟེ། གྲང་བ་དང༌། དྲོ་བ་དང༌། གསར་བ་དང༌། རྙིང་པ་དང༌། བཙོས་པ་དང༌། མ་བཙོས་པ་དག་ནི་རླུང་དང༌། བད་ཀན་དང༌། མི་མཐུན་པའི་སྨན་རྣམས་ནི་བད་ཀན་གྱི་ཁམས་དང་མི་འཕྲོད་པར་འགྱུར་བ་ཡིན་ནོ། །ལ་ལ་ནི་ཕན་ཚུན་གཅིག་ལ་གཅིག་མི་འཕྲོད་པ་ཡིན་ལ། ཁ་ཅིག་ནི་སྦྱོར་བའི་དབང་གིས་འཕྲོད་པ་ལས་མི་འཕྲོད་པ་དང༌། གཞན་དག་ནི་གཡོས་སུ་བྱས་པ་ལ་སོགས་པའི་དབང་གིས་མི་འཕྲོད་པ་དང༌། ཡང་གཞན་དག་ནི་དུས་དང་ཡུལ་དང་ཚད་ལ་སོགས་པས་མི་འཕྲོད་པ་ཡིན་པ་དང༌། དེ་བཞིན་དུ་རང་བཞིན་གྱིས་མི་འཕྲོད་པའང་ཡིན་ཏེ། གཞུང་རྩོམ་པར་བྱེད་པས་བསྡུས་པ་ལས་བཤད་པ། རྫས་མཐུ་དང་ལྡན་པ་དག་གིས་ནི་ཡོན་ཏན་ཕན་ཚུན་མི་མཉམ་པ་ཉིད་ཀྱིས་གཡོས་སུ་བྱས་པ་ལ་སོགས་པའི་དབང་གིས་མི་འཕྲོད་པར་འགྱུར་ཏེ། འོ་མ་ནི་རྒྱ་སྲན་ཀུ་ལཏྠ་དང་མི་འཕྲོད་ལ། པ་ན་ས་ནི་ཉ་དང་མི་འཕྲོད་པ་དང༌། མར་དྲོན་མོ་དང་སྦྲང་རྩི་དང་ཞོ་དྲོན་མོར་མི་འཕྲོད་པ་དང༌། ཚ་སྒོ་ཅན་གྱི་ཆུ་དང་ཕྱེར་བསྲེས་ཏེ་མཚན་མོ་བཟའ་བར་མི་འཕྲོད་པ་དང༌། དེ་བཞིན་དུ་ཆུ་གཞན་དག་དང་ནས་འདྲར་མི་འཕྲོད་པ་ལྟ་བུའོ། །ཞེས་དང༌། གང་ཡང་རུང་བའི་ཁ་ཟས་ལས་བྱུང་བའི་ཉེས་པ་ཁྲུས་དང་རློན་ལ་སོགས་པས་མ་སྦྱངས་པ་དེ་ནི། མདོར་ན་ཞེས་པ་མདོར་བསྡུ་ན་མི་འཕྲོད་པ་ཡིན་པས་བསྟེན་པར་མི་བྱའོ་ཞེས་དང༌། ཟས་མི་འཕྲོད་པ་ཟོས་པ་ལས་བྱུང་བའི་ཉེས་པ་འདི་ནི་སྦྱང་བ་ཞེས་བྱ་བའི་རློན་དང་ཁྲུས་ལ་སོགས་པའི་ཚུལ་བྱ་བ་ནི་འདོད་ཅིང་བསྔགས་པར་བྱ་བ་ཡིན་ནོ། །ཡང་ན་དེ་དང་མི་མཐུན་པའི་རྫས་ཀྱི་སྨན་གྱིས་ཞི་བར་བྱ་བར་འདོད་པ་ཡིན་ཏེ། མི་འཕྲོད་པའི་ཁ་ཟས་དེའི་གཉེན་པོར་གྱུར་པའི་སྨན་ཡོན་ཏན་གོ་བཟློག་པ་ཡོད་པ་དེས་ཞི་བར་བྱ་བའི་ཡུལ་དང་དུས་ལ་བལྟོས་ནས་བྱ་བ་ཉིད་ཡིན་ནོ། །ཡང་ན་གང་ཕན་པར་གྱུར་པའི་སྨན་དང་ཟས་ཀྱི་རྫས་དེ་ཉིད་ཀྱིས་དང་པོ་ཁོ་ནར་ལུས་མངོན་པར་སྦྱངས་ཤིང་ཕན་པའི་དཔྱད་དུ་བྱ་བ་སྟེ། མདོར་ན་དང་པོ་ཉིད་ནས་ཟས་ཕན་པ་ཉིད་བཟའ་བར་བྱ་ཞིང་བསྟེན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཞེས་པ་དང༌། དྲང་སྲོང་ཙ་ར་ཀས། མི་འཕྲོད་ཟས་ཟོས་ལས་གྱུར་ན། །རློན་དང་ཁྲུས་ཀྱིས་སྦྱང་བྱ་ཞིང༌། །རྣམ་པར་གསལ་ནས་ཞི་བའམ། །དང་པོར་འཕྲོད་པ་བསྟེན་པས་སོ། །ཞེས་པ་ལྟར་རྟོགས་ཤིང་དཔྱད་པར་བྱའོ། །འདི་སྐབས་ཧ་རི་ཏྲ་ཞེས་པ་བྱ་ལྗང་གུ་སྟེ། །ཆ་མཐུན་ཙམ་ནེ་ཙོ་ཡིན་ཞེས་མཁས་པའི་དབང་པོ་སྐྱོགས་ལོ་ཙཱ་བས་གསུངས་ཤིང༌། རི་བོང་གི་ཤ་ཡང་འདི་དང་ནུས་པ་མཚུངས་སོ། །ཞེས་སྔ་རབས་པ་རྣམས་ཀྱིས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། ཁ་ཟས་ཞེས་པ་ནས་དུག་ཏུ་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། སྦྱར་བ་དང་དངོས་ལྟ་བུའི་དུག་མ་ཡིན་ཡང་ཁ་ཟས་ཀྱི་བྱེ་བྲག་ཕན་ཚུན་ནུས་པ་མི་འཕྲོད་པ་འགའ་ཞིག་ཟོས་པ་ལ་བརྟེན་ནས་སྦྱར་དུག་དང་མཚུངས་པར་འགྱུར་བ་དག་ཀྱང་ཡོད་དེ། དེ་ཡང་ཞོ་མ་ལངས་པ་དང་ཆང་གསར་ལྷན་ཅིག་ཏུ་འཐུང་བ་མི་འཕྲོད་དེ། ཉའི་ཤ་དང་འོ་མ་གཉིས་ཀྱང་ནུས་པ་འཕྲོད་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང༌། ཁམ་སྟར་ལ་སོགས་པའི་ཤིང་ཏོག་གཉིས་ཕན་ཚུན་མི་འཕྲོད་ཅིང༌། བྱའི་སྒོ་ང་དང་ཉའི་ཤ་ཡང་ལྷན་ཅིག་ཏུ་མི་འཕྲོད་པ་དང༌། སྲན་མའི་ཚོད་མ་དང་བུ་རམ་དང་ཞོ་གསུམ་པོ་ཡང་མཉམ་དུ་བཟའ་བར་མི་འཕྲོད་པ་དང༌། སེར་ཤ་ལ་སོགས་པ་ཤ་མོའི་རིགས་སུ་གཏོགས་པ་ཀུན་ཀྱང་ཡུངས་ཀར་ནག་གི་མར་ལ་བརྔོས་པ་ཡང་མི་འཕྲོད་ལ། དེ་བཞིན་དུ་ཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་ཟ་བ་དང༌། མར་གསར་འཁར་བ་དང་ཟངས་ཀྱི་སྣོད་དུ་ཞག་བཅུའམ་བཅུ་ལས་ལྷག་པ་ལས་ཏེ་ཟ་བ་དང༌། སྐྱེར་པའི་མེ་ལ་བྱ་ཧ་རི་ཏྲ་ཤ་སྟེ་བྱ་ལྗང་གུ་ཞིག་གི་ཤ་བསྲེགས་ཏེ་ཟ་བ་དང༌། ཅོང་ཞིའི་བྱེ་མ་ཟོས་པའི་རྗེས་ལ་ཤ་མོ་དང་ཁུར་བའི་བྱེ་བྲག་ཟ་བ་དང༌། ཞུན་མར་ཟོས་པའི་རྗེས་ལ་ཆུ་གྲང་སོགས་སྐོམ་གྲང་མོ་འཐུང་བ་དང༌། ཤ་རློན་པ་ལ་འོ་མ་དང་ཞོ་སོགས་དཀར་དང་ཆང་སོགས་སྐྱུར་དང་རྩམ་པའི་དྲི་ཕོག་སྟེ་ཞག་ཏུ་ལས་པ་ཟ་བ་དང༌།  ཤ་བཙོས་པའི་རླངས་པ་ཕྱིར་མ་དོན་པར་བསུབས་ཏེ་ཞག་བདུན་ལོན་པ་ཟ་བ་དང༌། སྟར་བུ་དང་ཆུ་རྐང་སོགས་སྐྱུར་དུ་གཏོགས་པ་རྣམས་དང་འོ་མ་ལྷན་ཅིག་ཏུ་ཟ་བ་དང༌། གཞན་ཡང་ཁ་ཟས་ཕན་ཚུན་མཐུན་པ་དག་ཀྱང་སྔ་མ་ཟོས་པ་རྣམས་མ་ཞུ་བའི་ཁར་ཕྱི་མ་ཡང་ཡང་བཏུད་ནས་ཚད་ལས་འདས་ཏེ་ཐལ་བར་ཟ་བའི་ཉེས་པ་དང༌། ཁ་ཟས་ཅུང་ཟད་མི་འཕྲོད་པ་དག་ཀྱང་མཉམ་དུ་ཟོས་ན་ཕན་ཚུན་འཐབ་པར་འགྱུར་བ་དང༌། སྔར་ཟ་བར་མ་གོམས་པའི་བཟའ་བཏུང་བྱེད་པ་དང༌། དུས་མ་ཡིན་པ་བབ་ཆོལ་དུ་ཟོས་ཤིང་འཐུངས་པ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་ཀྱང་དུག་ཏུ་སོང་ནས་ཟུག་རྔུ་མི་བཟད་པས་འདེབས་ཤིང་སྲོག་གི་དབང་པོ་འཇོམས་པར་འགྱུར་བས་ན་བདེ་འདོད་རྣམས་ཀྱིས་རྟོགས་དཔྱོད་དང་ལྡན་པའི་སྒོ་ནས་སྤང་བླང་ཤེས་པར་བྱོས་ཤིག

གསུམ་པ་མཇུག་བསྡུ་བ་ལའང་གཉིས་ཏེ། སྤྱི་དོན་དང་ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། རྩོལ་ཅན་སྣུམ་བསྟེན་དྲོད་ཆེས་དང༌། །དར་ལ་བབ་ཅིང་ཉམས་སྟོབས་ལྡན། །གོམས་པར་ཟོས་དང་ཅུང་ཟད་ཟོས། །མི་འཕྲོད་གྱུར་ཀྱང་གནོད་མི་འགྱུར། །མི་འཕྲོད་ཆ་ཡིས་གོམས་བྱའམ། །ཆ་ཡི་ཆ་ཡིས་ཡོངས་སུ་སྤང༌། །ཕན་པ་དེ་བཞིན་བསྟེན་བྱ་སྟེ། །གཅིག་གཉིས་གསུམ་གྱིས་ཆོད་པར་བྱ། །སྐྱོན་ནི་རིམ་གྱིས་འགྲིབ་པ་དང༌། །ཡོན་ཏན་རིམ་གྱིས་འཕེལ་གྱུར་ན། །སླར་སྐྱེ་བར་ནི་མི་འགྱུར་ཞིང༌། །གཡོ་བ་མེད་པ་དག་ཏུ་འགྱུར། །མི་འཕྲོད་པ་ཡང་སྤངས་གྱུར་ཅིང༌། །འཕྲོད་པ་གོམས་པར་གྱུར་པ་ཉིད། །འཕྲལ་དུ་སྤངས་དང་མ་བསྟེན་ལས། །ཉེས་པ་རྣམས་ནི་འབྱུང་བར་འགྱུར། །གནོད་པ་གནོད་བྱའི་བདག་ཉིད་ཅན། །ཤིན་ཏུ་ཉེ་བར་གྱུར་པ་ལ། །ཕན་མེད་གནོད་པར་བྱེད་པ་ནི། །མཁས་པས་ཕྱིར་ཞིང་བྱ་མི་རིགས། །ཟས་དང་མལ་སྟན་འདོད་ལ་སྤྱོད། །རན་ཞིང་རིགས་པར་སྤྱད་པ་ཡིས། །ཁང་ཁྱིམ་འཆོས་པ་ལྟ་བུར་ནི། །རྟག་ཏུ་ལུས་ནི་གཟུང་བར་བྱ། །ཞེས་པ་དང༌། །ཟླ་ཟེར་ལས། གང་ལ་རྩོལ་ཞིང་ལས་སུ་བྱ་བ་ཡོད་པ་དེ་ནི་རྩོལ་བ་ཅན་དེ། རྩོལ་བ་ཅན་དེས་ནི་ཁ་ཟས་དང་བཏུང་བ་དང་སྨན་མི་འཕྲོད་པ་བསྟེན་ཀྱང་ནད་དུ་མི་འགྱུར་རོ། །དེ་བཞིན་དུ་སྣུམ་བཅས་ཤས་ཆེར་བསྟེན་པ་དང༌། ཕོ་བའི་མེ་དྲོད་ཆེ་བ་དག་དང༌། དར་ལ་བབ་ཅིང་ན་ཚོད་བདོ་བ་དང༌། དེ་བཞིན་དུ་ཉམས་སྟོབས་དང་ལྡན་ཞིང་ཤིན་ཏུ་བསྔགས་པར་བྱ་བའི་སྟོབས་ཡོད་པ་དེས་ནི་མི་འཕྲོད་པ་དག་ཟོས་ཀྱང་ནད་དུ་མི་འགྱུར་བ་དང༌། དེ་བཞིན་དུ་གོམས་པར་བྱས་ཤིང་རྟག་ཏུ་ཟོས་པ་དང༌། ཅུང་ཟད་ཅུང་ཟད་ཟོས་པ་དག་གིས་ཀྱང་ནད་དུ་མི་འགྱུར་ཏེ། ཟས་དང་སྐོམ་ལ་སོགས་པ་མི་འཕྲོད་ཅིང་མི་མཐུན་པར་གྱུར་པ་ཡིན་ཡང་སྐྱེས་བུ་དེ་ལ་གནོད་པའི་ནད་དུ་མི་འགྱུར་གྱི་ནད་མེད་པ་ཉིད་དུ་གནས་པར་འགྱུར་རོ། །དྲིས་པ། གང་མི་འཕྲོད་པའི་ཟས་སྐོམ་ཟོས་པ་ན་གོམས་པའམ་ཅུང་ཟད་ཉུང་ཟད་ཅིག་བསྟེན་པའི་རྒྱུས་དུས་དང་ཡུལ་ལ་བལྟོས་ནས་གོམས་པས་ལུས་ལ་གནོད་པ་མེད་ཅིང་བདེ་བར་འགྱུར་བས་དེ་མོད་ལ་སྤང་བར་བྱ་བའམ་འོན་ཏེ་རིམ་གྱིས་སྤང༌། དེ་བཞིན་དུ་གང་ལ་ལུས་ལ་ཕན་ཞིང་འཕྲོད་པ་དག་ཀྱང་ཅིག་ཅར་དུ་བསྟེན་པར་བྱ་བའམ། འོན་ཏེ་མ་ཡིན་ཞེ་ན། དེ་གཉིས་ཀྱི་རིམ་པ་སྤང་བ་དང་བླང་བར་བྱ་བའི་ཚུལ་བསྟན་པ་ནི། གང་མི་འཕྲོད་ཅིང་ཕན་པ་མ་ཡིན་པ་བསྟེན་ཞིང་གོམས་པར་བྱ་བ་དེ་ཡང་ཆ་ཡི་ཆ་ཡིས་གོམས་པར་བྱ་ཞེས་བྱ་བ་རང་གི་ཚད་ལས་དེའི་བཞི་ཆ་སྤང་བར་བྱའོ། །ཡང་ན་ཤིན་ཏུ་ཤས་ཆེར་ཟོས་པ་ནི་ཆ་ཡི་ཡང་ཆ་ཤས་སུ་བགོས་པ་སྟེ་བཅུ་དྲུག་ཆས་སྤང་བར་བྱའོ། །འམ་ཞེས་བྱ་བ་ནི་མི་འཕྲོད་པ་ཡིན་ཡང༌། གནོད་པ་མེད་པ་དག་མོད་ལ་སྤངས་པས་ལུས་ལ་གནོད་པར་འགྱུར་བར་མཐོང་བས་བསྟན་བཅོས་རྩོམ་པ་པོས་འམ་གྱི་སྒྲ་སྨོས་པ་ཡིན་ནོ། །དེ་ལྟར་སྤངས་ནས་ཕན་ཞིང་འཕྲོད་པ་དག་ཀྱང་དེ་བཞིན་དུ་རིམ་པ་དེ་ཉིད་ཀྱིས་བསྟེན་པར་བྱ་སྟེ། འཕྲོད་པ་དག་ཀྱང་བཞི་ཆའམ་བཞི་ཆའི་བཞི་ཆས་བསྟེན་པར་བྱའོ། །དེ་ལྟར་མི་འཕྲོད་ཆ་ཡིས་སྤང་བར་བྱ་བ་དེ་རིམ་པ་ལ་བལྟོས་པ་མེད་པར་དོར་བར་བྱའོ། །འོན་ཏེ་བལྟོས་པ་དང་བཅས་པས་དོར་བར་བྱ་ཞིང༌། འདི་དག་གཅིག་གཉིས་གསུམ་གྱིས་ཆོད་པར་བྱ། ཞེས་སྨོས་པ་ཡིན་ཏེ། སྔར་བཤད་པ་འདི་དག་ནི་ཞག་གཉིས་སམ་གསུམ་གྱིས་མི་འཕྲོད་པའི་ཉེས་པར་མཚོན་པ་ཐམས་ཅད་མེད་པར་འགྱུར་བས་བར་དུ་ཆོད་པར་བྱས་ལ་མི་འཕྲོད་པ་དེ་བཞི་ཆའམ་བཅུ་དྲུག་ཆས་སྤང་བར་བྱའོ། །དེ་བཞིན་དུ་ཕན་པ་དག་ཀྱང་ཞག་གཅིག་གམ་གཉིས་དང་གསུམ་གྱིས་ཕན་པའམ་མ་ལུས་པ་ཉེ་བར་འཕེལ་བར་འགྱུར་བའི་བར་གྱིས་ཆོད་པར་བྱས་ལ་བཞི་ཆའམ་བཅུ་དྲུག་ཆས་ངེས་པར་བསྟེན་ཞིང་གོམས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་རྣམས་དང༌། དེ་ཡང་ཡན་ལག་བརྒྱད་པ་ལ་འཇུག་པ་ལས། གནོད་པའི་ཟས་ནི་གོམས་གྱུར་པའམ། །སྤྱོད་པ་ཆ་ཡིས་དོར་བྱས་པ། །ཕན་པའམ་ཆ་ཡིས་བསྟེན་བྱ་སྟེ། །ཞག་གཅིག་གཉིས་གསུམ་གྱིས་ཆོད་བྱ། །ཞེས་པ་དང༌།

དྲང་སྲོང་ཙ་ར་ཀས་ཀྱང༌། དེ་ཕྱིར་གནོད་པའང་གོམས་བྱས་པ། །རིམ་གྱིས་ཡོངས་སུ་སྤང་བར་བྱ། །བསྟེན་པས་ཕན་པར་འགྱུར་བ་ཡང༌། །རིམ་གྱིས་རྣམ་པར་འཕེལ་བར་བྱ། །གནོད་པ་ཆ་གཅིག་དོར་བ་དང༌། །ཕན་པའང་ཆ་གཅིག་བསྟེན་པར་བྱ། །ཉིན་ཞག་བཅོ་ལྔའམ་ཉི་ཤུ་ཡི། །དེ་ཕན་ཆ་ནི་ཆ་རེས་བྱ། །ཞེས་བཤད་པ་ལྟར་དཔྱད་དགོས་པ་ལས། ཞིབ་པར་ཟླ་ཟེར་ལས། དེའི་དོན་ནི་འདི་ཡིན་ཏེ། མི་འཕྲོད་པ་གོམས་པར་གྱུར་པའི་ཆ་གཅིག་སྤངས་ལ་མི་འཕྲོད་པ་སུམ་ཆའི་ནང་དུ་འཕྲོད་པ་ཆ་གཅིག་བཅུག་ལ་བཟའ་བར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་མི་འཕྲོད་པའི་གོམས་པའི་ཆ་བཟའ་བར་བྱའོ། །དེ་ལྟར་ན་མི་འཕྲོད་པ་ཆ་གཅིག་གིས་ཆོད་པ་ཡིན་ནོ། །ཉི་མ་གསུམ་པ་དང་བཞི་བ་ལ་ཡང་མི་འཕྲོད་པའི་ཆ་གསུམ་དང་འཕྲོད་པ་ཆ་གཅིག་བསྲེས་ཏེ་བཟའ་བར་བྱའོ། །ཉི་མ་ལྔ་བ་ལ་ནི་ཡང་ཐམས་ཅད་མི་འཕྲོད་པ་བཟའ་བར་བྱའོ། །དེ་ལྟར་མི་འཕྲོད་པ་ཆ་གཉིས་ཀྱིས་ཆོད་པ་ཡིན་ནོ། །ཞག་དྲུག་པ་དང་བདུན་པ་དང་བརྒྱད་པ་ལ་མི་འཕྲོད་པའི་ཆ་གསུམ་དང་འཕྲོད་པའི་ཆ་གཅིག་གིས་ཆོད་པ་ཡིན་ནོ། །དེ་བཞིན་དུ་མི་འཕྲོད་པའི་ཆ་གཅིག་ཕྲི་ཞིང་དེ་ཉིད་ཕན་པའི་ཆ་བཅུག་པ་ལྟར་ཡང་ཉི་མ་བཅུས་མི་འཕྲོད་པའི་ཆ་གཉིས་དོར་ལ་འཕྲོད་པའི་ཆ་གཉིས་བཅུག་པར་བྱའོ། །ཡང་དེ་བཞིན་དུ་ཞག་བཅུས་སྔ་མ་བཞིན་མི་འཕྲོད་པའི་ཆ་གསུམ་སྤང་ཞིང་འཕྲོད་པའི་ཆ་གསུམ་བཅུག་ལ་བཟའ་བར་བྱའོ། །དེ་བཞིན་དུ་མི་འཕྲོད་པའི་ཆ་བཞི་བ་ཡང་ཞག་བཅུས་སྤངས་ལ་འཕྲོད་པའི་ཆ་གསུམ་གཞུག་པར་བྱའོ། །དེ་ལྟར་ན་ཞག་བཞི་བཅུར་སྤང་བ་དང་སྦྱང་བ་གོམས་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་ཅིང༌། གཞན་ཡང་དེས་ན་མི་འཕྲོད་ཅིང་གནོད་པ་སྐྱེད་པར་བྱེད་པ་ཡང་གོང་དུ་བཤད་མ་ཐག་པའི་རིམ་པས་འགྲིབ་ཅིང་ཟད་པར་འགྱུར་ལ། ཡོན་ཏན་དེས་བདེ་བ་བསྐྱེད་པར་འགྱུར་བ་ཡང་རིམ་གྱིས་འཕེལ་བར་འགྱུར་བ་ཉིད་ནི་གྲངས་ཇི་ལྟ་བ་བཞིན་དུ་ཉེས་པ་རྣམས་སླར་ཞི་ཞིང་ཕྱིས་འབྱུང་བར་མི་འགྱུར་ཞིང་ཡོན་ཏན་གཡོ་བ་མེད་པར་འགྱུར་རོ། །དེ་ལྟར་གོང་དུ་བཤད་པའི་རིམ་པས་མི་འཕྲོད་པ་གོམས་པ་ཡང་སྤངས་པར་གྱུར་ཅིང་འཕྲོད་པ་ཟ་བ་གོམས་པ་བསྟེན་པར་གྱུར་པ་ཉིད་ནི་ཉེས་པར་མི་འགྱུར་གྱི། གཞན་དུ་ན་འཕྲལ་དུ་སྟེ་དེ་མ་ཐག་མ་འོས་པར་སྤངས་པ་དང༌། འཕྲལ་དུ་མ་འོས་པར་བསྟེན་པར་གྱུར་པས་ནི་འདི་གཉིས་ལས་ཉེས་པ་འབྱུང་བར་འགྱུར་རོ། །མི་འཕྲོད་པ་ཡང་སྤངས་གྱུར་དང༌། །ཞེས་བྱ་བ་ནི་འདིར་འཕྲལ་དུ་ཞེས་བྱ་བ་སྦྱར་བར་བྱ་སྟེ། མི་འཕྲོད་པ་གོམས་པར་གྱུར་པ་ཡང་འཕྲལ་དུ་སྤང་བར་འགྱུར་བ་དང༌། དེ་བཞིན་དུ་འཕྲོད་པ་འཕྲལ་དུ་གོམས་པར་གྱུར་པ་ཉིད་ལས་ནི་སྔར་བཤད་པའི་ཚུལ་ལས་གོ་བཟློག་པ་ཡིན་པས་དེ་ལྟ་བུའི་སྤང་བ་དང་བསྟེན་པ་ལས་ནི་ཉེས་པ་སྟེ་ནད་རྣམས་འབྱུང་བར་འགྱུར་རོ། །གནོད་པ་སྟེ་རླུང་དང་མཁྲིས་པ་དང་བད་ཀན་དང༌། གནོད་བྱ་དེ་ལུས་ཟུངས་ལ་གནོད་པའི་བདག་ཉིད་ཅན་ནམ་རང་བཞིན་ཅན་ཏེ། དེ་བཞིན་དུ་ཉེ་བར་གྱུར་ཅིང་ལུས་ལ་གནས་པར་འགྱུར་བ་ལ་ཕན་མེད་ཅེས་བྱ་བ་རྗེས་སུ་མི་མཐུན་པར་འགྱུར་བར་བྱེད་པ་ཉིད་གནོད་ཅིང་གདུག་པར་བྱེད་པ་ནི་མཁས་ཤིང་བདག་ཉིད་ཤེས་པས་ཕྱིར་ཞིང་ཡང་ནས་ཡང་དུ་བྱ་བར་མི་རིགས་སོ། །དེ་ལྟར་ན་མཁས་པས་ཉེས་པ་སྟེ་ནད་རྣམས་སྤང་ཞིང་བསལ་ན་ནད་སླར་བསྐྱེད་པར་མི་འགྱུར་ལ། ཡོན་ཏན་རིམ་གྱིས་འཕེལ་ཞིང་བསགས་པའི་འཕྲོད་པ་བསྟེན་པས་ནི་གཡོ་བ་མེད་དེ་རྟག་ཏུ་ནད་མེད་པར་བྱེད་པར་འགྱུར་རོ། །ཟས་དང་མལ་སྟན་དང་འདོད་པ་ལ་སྤྱོད་པ་རན་ཞིང་རིགས་པར་འགལ་བ་མེད་པའི་སྦྱོར་བ་བྱ་སྟེ། རིགས་པ་ནི་བསྟན་བཅོས་ལས་བཤད་པའི་ཆོ་ག་སྟེ་ཆོ་ག་དེས་སྦྱར་བའི་ངེས་པས་དུས་རྟག་ཏུ་ལུས་གཟུང་བར་བྱ་ཞིང༌། འདི་རྣམས་ཀྱིས་གནས་པར་བྱའོ་དེ་ཡང་ཁང་ཁྱིམ་ལྟ་བུ་འཆོས་ཤིང་བརྟན་པར་བྱ་བའི་ཚུལ་ལྟ་བུར་བྱ་བ་སྟེ། དཔེར་ན་ཁང་པ་ནི་ཀ་བ་བརྟན་པོས་བསྟེན་པ་ལྟར་ལུས་ཀྱི་ཁང་བ་འདི་ཡང་སྔོན་གྱི་ལས་ཀྱི་རྩ་བ་ཅན་གྱི་ཀ་བས་བསྟེན་པར་གྱུར་པ་ལ་ཉེ་པའི་ཀ་བ་ལྟ་བུའི་ཟས་དང་མལ་སྟན་དང་འདོད་པ་ལ་སྤྱོད་པ་རིགས་པ་དང་ལྡན་པས་བསྟེན་པར་བྱའོ། །ཞེས་པ་དང༌།

སློབ་དཔོན་ཀླུ་སྒྲུབ་ཀྱིས། དེ་ལྟར་འཕྲོད་ཟས་གོམས་དང་རྟག་ཏུ་ཆག་པ་དང༌། །ལང་ཚོ་འཇུ་སླས་ཟོས་དང་ཉུང་དང་གནོད་པ་མེད་དང་བསྲེ། །འཕྲོད་པའི་ཟས་ཟོས་ཕྱི་དྲོའི་ལས་བྱས་ནམ་སྲོད་བདེ་བར་ཉལ། །དེ་ལྟར་ནན་ཏན་བག་བྱས་མི་ཚེ་ཚད་བཞིན་འཚོ་ངེས་པས། །སྐྱེས་ནས་ལོ་བཅུའི་བར་དུ་དམའ་མི་དབབ་ཅིང་རང་གར་བཞག །དེ་ནས་ཉི་ཤུ་ལོན་ཏེ་ལོ་བཅུར་བསླབ་དང་རྩལ་བར་བྱ། །དེ་ནས་ལྔ་བཅུ་ལྔ་ལོན་སུམ་ཅུ་རྩ་ལྔ་མཁྱུད་འཁོར་དུ། །ལོངས་སྤྱོད་དང་ནི་གྲགས་པའི་ཡུལ་སྲིད་གཏམ་བྱས་ནས། །ལྔ་བཅུ་ལྔ་ལོན་ཕྱིན་ཆད་ཆོས་ལམ་གསུམ་གྱི་ཆེད་སྒྲུབ་ཕྱིར། །དགེ་ལ་བརྩོན་བསྐྱེད་ཐོས་རིགས་གོམས་བྱེད་ལུས་སེམས་ཅི་བདེར་གནས། །དེ་ནས་ཅི་ནུས་མི་ལུས་ཐོབ་པའི་དོན་ཡོད་བསྐྱེད་ཅིང་དགེ། །ཞེས་ཀྱང་བཤད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། རྩོལ་བཅས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ཁ་ཟས་མི་འཕྲོད་པས་དུག་ལྟ་བུར་འགྱུར་ཚུལ་བཤད་མོད་དུ་ཟིན་ཀྱང༌། དམིགས་བསལ་དུ་ལུས་ཀྱི་རྩོལ་བ་དང་བཅས་ཤིང་ཞུན་མར་ལ་སོགས་པ་སྣུམ་རྟག་ཏུ་བསྟེན་པས་ཕོ་བའི་མེ་དྲོད་ཤིན་ཏུ་ཆེ་བ་དང༌། ན་སོ་དར་ལ་བབ་ཅིང་ལུས་ཀྱི་སྟོབས་དང་ལྡན་པ་དག་གིས་མི་འཕྲོད་པའི་ཁ་ཟས་འགའ་ཞིག་ཟོས་པར་གྱུར་ཀྱང་ནད་དུ་མི་འགྱུར་བ་དང༌། དེ་བཞིན་དུ་ཅུང་ཟད་ཅུང་ཟད་ཙམ་གོམས་པར་ཟོས་པའང་གནོད་པར་མི་འགྱུར་བ་དག་ཀྱང་ཡོད་ལ། རྣམ་པ་དེས་ན་སླར་ནས་ཁ་ཟས་མི་འཕྲོད་པ་བསྟེན་པར་འདོད་པའམ། གོམས་ཟིན་པ་སྤོང་བར་བྱེད་པ་དང༌། འཕྲོད་པའི་ཁ་ཟས་དག་ཀྱང་ཕྱིས་ནས་བསྟེན་པར་འདོད་དམ་སྔར་གོམས་འདྲིས་ཡིན་པ་སྤོང་བར་བྱེད་འདོད་ན་ཞག་ཉི་ཤུའམ་བཞི་བཅུའི་བར་དུ་བཞི་ཆ་དང་བཅུ་དྲུག་ཆའི་རེ་རེ་བཞིན་སྣོན་འབྲི་ཞག་གིས་བར་ཆོད་པར་བྱས་ཏེ་བསྟེན་པ་ལས་ལེགས་པར་འདྲིས་ཤིང་གོམས་པའི་སྒོ་ནས་ཆ་ཡིས་བསླབ་པར་བྱ་བ་ཡིན་གྱི། འཕྲལ་དུ་གློ་བུར་མི་འོས་པ་སྤང་ཞིང་འོས་པ་བསྟེན་པར་གྱུར་ན་མི་འཕྲོད་པ་དང་འཕྲོད་པའི་ཟས་གང་རུང་ཡིན་དུ་ཟིན་ཀྱང་དེས་ཉེས་པ་མྱུར་དུ་འཁྲུགས་ཏེ་ལུས་ལ་གནོད་པར་འགྱུར་བ་དེའི་ཕྱིར་ན་གནོད་པར་བྱེད་པ་ཉེས་པ་གསུམ་དང་གནོད་པར་བྱ་བའི་བདག་ཉིད་ཅན་གཉིས་ཕན་ཚུན་ཤིན་ཏུ་ཉེ་བར་གྱུར་པ་ལས་བྱུང་བའི་ལུས་འདི་ཉིད་ལ་ཕན་པ་མེད་ཅིང་གནོད་པར་བྱེད་པའི་ཁ་ཟས་དང་སྤྱོད་ལམ་མཁས་པས་སྤང་བར་བྱ་ཞིང༌། ཉེས་པ་ལྡང་བ་རྣམས་ཕྱིར་བསལ་ནས་སླར་མི་སྐྱེ་བར་བྱ་བ་ནི་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པའི་གཞི་ཡིན་ནོ། །ཞེས་གསུངས་སོ། །སྐབས་འདིའི་མི་འཕྲོད་འཕྲོད་པ་ཞེས་སོགས་རྐང་པ་གསུམ་གྱི་དོན་ལ་སྔ་རབས་པ་རྣམས་ན་རེ། སྔར་ནད་དང་མི་འཕྲོད་པ་ལ་བཟའ་བ་གོམས་པ་དེ་སྤོང་ཞིང་ནད་དང་འཕྲོད་པ་དེ་མ་གོམས་པ་ལ་སྟེར་བར་བྱེད་པའམ། མི་འཕྲོད་པའི་ཟས་ཀྱིས་གནོད་མི་ནུས་པའོ། །དེ་ལ་གྲངས་ཀྱིས་བསླབ་པ་དང་གོམས་པས་བསླབ་པ་གཉིས། དང་པོ་གྲངས་ཀྱིས་བསླབ་པ་ནི་ཞག་གཅིག་པ་ལ་འཕྲོད་པ་ཆ་གསུམ་དང་མི་འཕྲོད་པ་ཆ་གཅིག དེ་ཕན་ཆད་འཕྲོད་པ་གཅིག་པུ། གསུམ་པ་ལ་ཕྱེད་མ། བཞི་པ་དང་ལྔ་པ་གཉིས་མི་འཕྲོད་པ་ཁོ་ན། དྲུག་པ་ལ་འཕྲོད་པ་གསུམ་དང་མི་འཕྲོད་པ་གཅིག བདུན་བརྒྱད་དགུ་བཅུའི་བར་མི་འཕྲོད་པ་ཁོ་ནའོ། །བཅུ་གཅིག་པ་དང་པོ་ལྟར། བཅུ་གཉིས་པ་འཕྲོད་པ་གཅིག་པུ། བཅུ་གསུམ་པ་ཕྱེད་མ། བཅུ་བཞི་དང་བཅོ་ལྔ་གཉིས་འཕྲོད་པ་ཁོ་ནའོ། །བཅུ་དྲུག་པ་འཕྲོད་པ་གསུམ་མི་འཕྲོད་པ་གཅིག དེ་ཕན་ཆད་འཕྲོད་པ་ཁོ་ནའོ། །གོམས་པས་བསླབ་པ་ནི་དང་པོ་མི་འཕྲོད་པ་གསུམ་འཕྲོད་པ་གཅིག བར་དུ་ཕྱེད་མ། ཐ་མ་འཕྲོད་པ་གསུམ་མི་འཕྲོད་པ་གཅིག དེ་གསུམ་ལ་མ་གོམས་བར་དུ་བསྟེན་ནོ། །དེ་ནས་འཕྲོད་པ་ཁོ་ནའོ། །ཞེས་པ་དང༌།

ཕྱི་རབས་པ་འགའ་ཞིག་ན་རེ། མི་འཕྲོད་པའི་ཟས་དང་འཕྲོད་པའི་ཟས་གཉིས་ལས་འཕྲོད་པ་དེ་ཟ་ཞིང་བསྟེན་ནམ་མི་འཕྲོད་པའི་ཟས་སྤོང་བར་བྱེད་ན་ཉེས་པ་མི་འབྱུང་ཞིང༌། མི་འཕྲོད་པའི་ཟས་བསྟེན་ཞིང་འཕྲོད་པའི་ཟས་སྤོང་བར་བྱེད་ན་ཟས་སྐོམ་ལ་སོགས་པས་འདྲིས་སུ་གཞུག་པར་བྱ་བ་དང༌། གོམས་པར་བྱ་བའི་སྒོ་ནས་གྲངས་ཀྱིས་བསླབ་པ་དང༌། ཆ་ཡིས་བསླབ་པ་ལས་དགོས་པ་འགྲུབ་པར་འགྱུར་གྱི། སྔར་ཟ་བ་གོམས་ཤིང་འདྲིས་པ་དེ་དག་འཕྲལ་དུ་སྤངས་ཏེ་མི་ཟ་ཞིང༌། མི་འཕྲོད་པའི་ཟས་མ་གོམས་ཤིང་མ་འདྲིས་པ་དུས་མིན་དང་འཕྲལ་དུ་བསྟེན་པར་བྱེད་ན་ཉེས་པ་སྟེ་ནད་རྣམས་འབྱུང་བར་འགྱུར་བས་དེ་ལྟར་མི་བྱ་ཞེས་པའོ། །ཞེས་ཟེར་ཡང་ཇི་ལྟ་བ་མ་རྟོགས་པའི་གཏམ་ཡིན་ཞིང༌། ཡང་ན་གཞུང་ཚིག་བཅོས་དགོས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གོང་དུ། མི་འཕྲོད་པ་ཡང་སྤང་འགྱུར་ཞིང༌། ཞེས་སོགས་ཀྱི་འགྲེལ་པར། དེས་ན་མི་འཕྲོད་ཅིང་གནོད་པ་སྐྱེད་པར་བྱེད་པ་ཡང༌། གོང་དུ་བཤད་མ་ཐག་པའི་རིམ་པས་འགྲིབ་ཅིང་ཟད་པར་འགྱུར་ལ། ཞེས་བྱ་བ་ལ་སོགས་པ་དྲངས་པ་རྣམས་དང༌། གཅིག་གཉིས་གསུམ་གྱིས་ཆོད་པར་བྱ། །ཞེས་པའི་འགྲེལ་པས་གདོན་མི་ཟ་བར་གནོད་པའི་ཕྱིར་དང༌། འདི་ལ་གཞན་ལུགས་ཀྱི་ཚུལ་མི་འདྲ་བ་གཉིས་ཙམ་གྱིས་གནོད་པའི་ལུང་ཡང་སྣང་མོད་ཀྱི་མངས་པས་འཇིགས་སོ། །གཞན་ཡང་གནོད་པ་གནོད་བྱའི་ཞེས་སོགས་རྐང་པ་གཉིས་ཀྱི་དོན་ལ་སྔ་རབས་པ་རྣམས་ན་རེ། དུག་དང་མི་འཕྲོད་པ་ལ་སོགས་པ་གནོད་པའི་ཁ་ཟས་དེ་གནོད་བྱ་བཅུའི་བདག་ཉིད་དང་ཉེ་བར་འབྲེལ་བར་གྱུར་པ་ཡིན་པས་ནད་མྱུར་དུ་བསྐྱེད་པའི་ཕྱིར་ན་ཕན་པ་མེད་ཅིང་སླར་གནོད་པར་བྱེད་པའི་ཟས་ཀྱི་རིགས་རྣམས་མཁས་པས་སྤང་བར་བྱའོ། །ཟས་དེ་གནོད་བྱ་བཅུའི་བདག་ཉིད་ཇི་ལྟར་ཡིན་ཞེ་ན། ཟས་དེའི་དྭངས་མ་ནི་ལུས་ཟུངས་སུ་འགྱུར། སྙིགས་མ་ནི་དྲི་མར་འགྱུར་བའི་བདག་ཉིད་ཡིན་ལ། ཟས་དང་གནོད་བྱ་ནི་ཉེ་བར་འབྲེལ་བ་ཡིན་པས་ཟས་ལེགས་ན་གནོད་བྱ་འཕེལ་བའི་བདག་ཉིད་དང༌། ཟས་ཉེས་ན་གནོད་བྱ་འཇོམས་པའི་བདག་ཉིད་ཡིན་ནོ། །ཞེས་ཟེར་བ་ནི་ཤིན་ཏུ་མི་རུང་སྟེ། གནོད་བྱ་རྣམས་ཀྱི་རྒྱུ་ཡིན་པས་གནོད་བྱར་གྱུར་ན་ནས་ཀྱི་མྱུ་གུ་སོགས་ཀྱང་འདི་སྐབས་ཀྱི་གནོད་བྱར་ཧ་ཅང་ཐལ་ཞིང༌། གནོད་པ་གནོད་བྱའི་བདག་ཉིད་ཅན། །ཞེས་སོགས་ཀྱི་འགྲེལ་བས་ལྷག་པར་གནོད་ལ། མདོར་ན་གངྒཱའི་འགྲམ་དུ་སྐོམ་པས་གདུངས་པ་དང་འདྲ་སྟེ། རང་བཟོའི་གནས་སུ་རྣམ་པར་འཁྱམས་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཁ་ཟས་བསྡམ་པའི་ལེའུ་སྟེ་བཅུ་བདུན་པའོ། །ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།