སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།



ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ། 

ཞི་བྱེད་བདུན་པ་ཁཎྜའི་སྡེ་ཚན་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། དེ་ཡང་ཟླ་ཟེར་ལས། ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ནི་ཚ་བ་དང༌། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང༌། །སྤོབས་བསྐྱེད་མདོག་འགྱུར་ཁོང་ཡངས་ཤིང༌། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་སྐྱེད། རིགས་འཐུང་སྐེམ་དང་སྦོམ་ཕན་ཞིང༌། །རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང༌། །རླུང་དང་བད་ཀན་སེལ་བ་ཡིན། གཞན་དུ་བསྟེན་ན་དུག་དང་མཚུངས། །ཞེས་པ་ནས། རྡོག་དགུ་སོགས་ལས་ཤུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །ཞེས་བྱ་བ་ནི་རྡོག་དགུ་ལ་སོགས་པའི་ཚོད་མའི་རྣམ་པ་མནན་ནས་སྐྱུར་པོར་བྱས་པ་དེ་ནི་ཡང་བ་དང་ཟས་ལེན་ཞིང་ཡི་ག་འབྱེད་པ་ཡིན་ལ། དེ་བཞིན་དུ་རྡོག་དགུ་དང་རྩ་བ་དང་འབྲས་བུ་ལ་སོགས་པ་དུས་རིང་པོར་སྐྱུར་པོར་གྱུར་པའང་ཡང་ཞིང་ཟས་ལེན་པར་བྱེད་པ་ཡིན་ནོ། །དེས་ན་དེ་གཉིས་ཀའང་ཡི་ག་བྱེ་བར་བྱེད་པ་ཡིན་ནོ་ཞེས་པའི་བར་རྒྱ་ཆེར་གསུངས་པ་སོགས་རྒྱས་སྤྲོས་འདོད་ན་དེར་རྟོགས་པ་དང༌།

འདིར་ཞི་བྱེད་བརྒྱད་པ་སྨན་ཆང་གི་སྡེ་ཚན་དེ་ལ་སྦྱར་བའི་ཐབས་བཅུ་དགུ་བསྟན་པ། དེ་ཡང་ནང་གསེས་སྦྲང་དང་མེ་ཏོག་སོགས་སྦྱོར་བ་དགུ་ལས། སྦྲང་གི་ཆང་ལ་རྐྱང་པ་དང༌། ཁུག་པ་དང༌། ཡོངས་རྫོགས་གསུམ་དུ་ཡོད་པའི་སྦྲང་ཆང་རྐྱང་པ་ནི་སྦྲང་རྩི་བྲེ་གང་དང་ཆུ་བྲེ་དྲུག་བསྲེས་པ་བསྐོལ་ཏེ་བཙོས་ལ་རྔ་མས་བཙགས་བྲེ་དོར་མ་སོང་བར་དུ་གདུས་ནས་སླར་ཡང་ཆུ་བྲེ་གང་བླུགས་ལ་ངད་བསད་ནས་གཟར་བུས་ཕྱར་ཏེ་བཞོས་ཐོག་གི་འོ་མའི་དྲོད་ཙམ་ཡོད་དུས་ཕབ་རྩི་རྡོག་པོ་སྙིམ་པ་གང་གྲིས་བྲད་ལ་རྔ་མར་ཕུར་བ་སྟེ་གཏུམས་པ་དང་ཅོང་ཞི་རྡོག་པོའི་གཏིང་རྡོ་སྦྲང་ཆུ་དེའི་དཀྱིལ་དུ་ལྡིང་གི་འོང་བའི་ཐག་པ་བཏགས་ནས་སྣོད་ཀྱི་ཁར་ཤིང་བཏང་བ་དེ་ལ་གཏོད་ཅིང་སུག་སྨེལ་ཐུན་གཅིག་ཞིབ་བར་བཏགས་ལ་དེའི་ནང་དུ་བཏབ་སྟེ་གོས་ཀྱིས་མནན་ནས་ཞག་དུས་སུ་བསྲོས་ཀྱིན་ཞག་གསུམ་གྱི་བར་དུ་བཞག་ལ་ལངས་ནས་སྐྱུར་དྲི་མནམ་ཞིང་ལྦུ་བ་ཆིར་གྱིས་འོང་བས་དེ་ལ་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་པོ་ཕྱེ་མར་བྱས་པ་ཁ་ཚར་དུ་བཏབ་པས་ཆང་དེ་དགོང་དང་ཐོ་རངས་དུས་སུ་ཇ་སུན་ཙམ་རེ་བསྟེན་ན་རླུང་ཚབས་དང་ཆུ་སེར་བསྡོངས་ནས་ཚིགས་སུ་བྱེར་བ་སེལ་ཞིང་རུས་ཚད་དང་མཁལ་ཚད་རླུང་ལྡན་གྱི་ཆུ་སེར་འདོན་པ་དང༌། ཡང་སྦྲང་ཆང་ཁུག་པ་ནི་ཆུ་སེར་རླུང་དང་ལྡན་པ་ལ་དེའི་སྟེང་དུ་བུ་རམ་བསྣན་པ་ཡིན་ཞིང༌། སྦྲང་ཆང་ཡོངས་རྫོགས་ནི་ཆུ་སེར་ཚ་བ་ཡོད་པའི་རིགས་ལ་གོང་གི་སྟེང་དུ་སེང་ལྡེང་བསྣན་པ་ཡིན་ནོ། །ཡང་དུག་རིགས་མ་གཏོགས་མེ་ཏོག་གི་རིགས་སུ་གྱུར་པ་ཀུན་དང༌། ཁྱད་པར་གཡར་མོ་ཐང་དེ་བཏུས་ཤིང་ཕྱིའི་གོས་ཕུད་ནས་བསྐམས་ལ་བུམ་པར་བསྡིགས་པ་སྟེ་དམ་པར་བླུགས་ལ་ཆུས་བསིངས་ནས་ཁུ་བ་བཞུར་ཏེ། དེ་དང་སྦྲང་རྩི་ཕུལ་གང་སྦྱར་ནས་འོ་དྲོན་ཙམ་དུ་བསྲོས་ལ་ཞག་གསུམ་དྲོ་སར་མནན་ལ་བཞག་སྟེ་ལངས་པ་དེ་ནི་པུཥྤའམ་མེ་ཏོག་གི་སྦྲང་ཆང་ཞེས་བྱ་སྟེ། ནུས་པ་གོང་གི་སྦྲང་ཆང་དང་མཉམ་མོ། །བུར་ཆང་ནི་ནས་དང་གཟེ་མ་གྲོ་དང་གསུམ་པོ་བཙོས་ཏེ་མནན་ནས་ལངས་པའི་གླུམ་སྦང་དེ་ལ་བུར་ཆུས་བསིངས་པའི་ཆང་དེས་རླུང་གི་ནད་མ་ལུས་པ་སེལ་བར་བྱེད་པ་དང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་ནས་ཁྱད་པར་དུ་གློ་བ་དང་སྙིང་དང་མཁལ་མ་དང་རུས་པའི་རླུང་ཚབས་རྣམས་འདོན། ཡང་ན་ནས་ཆང་གར་མ་གསར་པ་སྐྱོན་མེད་དེ་ལ་བུ་རམ་སྦྱར་བ་ཡང་བུ་རམ་བུར་ཆང་ཞེས་བྱ་སྟེ་རླུང་ནད་ཀུན་འཇོམས། མར་ཆང་གི་སྦྱོར་བ་ནི་ནས་ཆང་ཚ་སྐྱུར་སྡེབས་སོགས་མེད་པའི་ནང་དུ་བུ་རམ་དང་སྦྲང་དང་མར་ཞུན་དང་གོ་སྙོད་དང་པི་པི་ལིང་ཞིབ་པར་བཏགས་པ་བཅས་སྣོད་ནང་དུ་སྦྱར་བ་རྩེ་འཇམ་ཙམ་བསྲོས་ལ་ཞག་གསུམ་དྲོ་སར་མནན་ཏེ་ལངས་པའི་ཆང་གིས་གྲང་རླུང་སེལ་ཞིང༌། རླུང་གི་ཚབས་མགོ་དང་མིག་ལ་བྲོས་པ་འདོན་པར་བྱེད།

གཟེ་ཆང་ནི་གཟེ་མ་ནས་དང་བསྲེས་པའི་གླུམ་གྱི་ནང་དུ་གཟེ་མ་ཆུར་གདུས་པའི་ཁུ་བས་བསིངས་པའི་ཆང་ནི་རུས་ཚིགས་དང་མཁལ་མའི་རླུང་དང་ཆུ་སེར་རྣམས་འཇོམས་ཤིང༌། ཁྱད་པར་དུ་རླུང་གི་ཚབས་མཁལ་མར་བབས་པ་རྣམས་འདོན། རུས་ཆང་གི་སྦྱོར་བ་ནི་གཞུག་གུ་ཆུང་གི་རུས་པའམ་ལུག་ཐོང་པ་དང་ཚེར་མོ་གང་རུང་ཚོན་པོའི་རུས་པ་བུབས་གཅིག་ཞིབ་པར་བརྡུངས་པ་ལ་ནས་ཀྱི་ཆན་བསྲེས་ཏེ་ཕབས་བཏབ་ནས་བསྙལ་བའི་གླུམ་ལ་བུ་རམ་གྱི་ཆུས་བསིངས་པ་དེས་ནི་རླུང་ནད་ཀུན་སེལ་ཞིང་ཁྱད་པར་རུས་པའི་རླུང་ཚབས་འདོན། ཚ་བ་རླུང་ལྡན་སེལ་བའི་སྦྱོར་བ་དགུ་དང༌། གྲང་རླུང་འཇོམས་པའི་སྦྱོར་བ་གཅིག་སྟེ་བཅུ་ཡོད་པ་ལས་ཚ་བ་རླུང་ལྡན་སེལ་བ་ནི་སྲོ་ལོ་དཀར་པོ་ཁྲོམ་ཙམ་བརྡུངས་ལ་ཆུར་སྦངས་པས་གླུམ་སྦང་ལྟ་བུ་དེ་གྲོ་ཆང་གིས་བསིངས་པས་གློ་ཚད་རླུང་ལྡན་སེལ། ཏིག་ཏའི་ཆང་སྦྱོར་ནི་ནས་དཀར་མོ་སེར་ཙམ་བརྔོས་པ་བཙོས་ནས་བསྙལ་ཏེ་ལངས་པ་དེའི་གླུམ་ལ་རྒྱ་གར་རམ་དེ་མིན་གང་རུང་གི་ཏིག་ཏ་དང་ཨ་རུ་རའི་ཁུ་བས་ཆང་དུ་བསིངས་པས་ཚད་པ་རྙིང་པ་རླུང་ལྡན་རྣམས་སེལ། ཀྱི་ལྕེ་དཀར་པོ་ཆུར་སྦངས་པའི་ཁུ་བས་བསིངས་ན་ཚ་བའི་ནད་པའི་ཆང་འཐུང་རུང་བ་ཡིན། དེ་བཞིན་དུ་སྙིང་ནད་ལ་ཛཱ་ཏི་དང་རུས་ཁུས་བསིངས་པའི་ཆང་སྦྱར་བ་དང༌། གློའི་ནད་ལ་རྒུན་འབྲུམ་དང་བུར་ཁུས་བསིངས་པའི་ཆང་སྦྱར་བ་དང༌། བད་ཀན་གྱི་ནད་ལ་ན་ལེ་ཤམ་གྱི་འབྲུའི་ཁུ་བས་བསིངས་པའི་ཆང་སྦྱར་བ་དང༌། ལྒང་པའི་གྲང་བ་ལ་རྒྱ་ཚྭས་བསིངས་པའི་ཚ་ཆང་སྦྱར་བ་དང༌། ཆུ་སེར་གྱི་ནད་ལ་སེང་ལྡེང་གི་དྲུངས་ཞེས་ཁུ་བ་དྭངས་པོ་དེ་བསིངས་པའི་ཆང་སྦྱར་ཞིང༌། དུག་ནད་ཟུངས་ཟད་པ་ལ་ཡུ་གུ་ཤིང༌། བེ་སྐྱེས་རེ་རལ། སྤང་རྩི་དོ་བོ། འོམ་བུ། ཧོང་ལེན། རྒྱ་གར་ཏིག་ཏ་སྟེ་གཙོ་བོ་དྲུག་གི་ཁུ་བ་བསིངས་པའི་ཆང་སྦྱར། གཞན་ཡང་ནད་དང་གང་འཕྲོད་པའི་སྨན་ཆུས་བསིངས་པའམ། ཡང་ན་སྨན་གྱི་ཕྱེ་མ་ཆང་དང་སྦྱར་བ་དྲོ་སར་མནན་ནས་ལངས་པས་ཕོ་བའི་དྲོད་སྐྱེད་ལ་རླུང་གནོན་ཅིང་སྨན་དེས་ནད་གང་ཡིན་སེལ་བར་འགྱུར་རོ། །ཟན་ཆང་གི་སྦྱོར་བ་ནི་ར་མཉེ། ལྕ་བ་དང་གཟེ་མ་ལྕམ་པ་རྣམས་ཡོས་དང་བསྲེས་ནས་ཕྱེར་བཏགས་ལ་ཟན་དྲོན་གྱི་མཐེབ་ཀྱུ་བྱས་ཏེ་ཕབས་བྲན་དྲོ་སར་མནན་པ་ལངས་ནས་ཆང་དུ་བསིངས་པ་དང༌། རྙིངས་ནས་ཚིགས་མ་དེ་མཉེས་ལ་བུ་རམ། བཅའ་སྒ་མར་རྣམས་བཏབ་ནས་བཙོས་པའི་སྐྱོ་མ་དེ་ལྟོར་བསྟེན་ན་གྲང་རླུང་མ་ལུས་པ་འཇོམས་ཤིང་ཁྱད་པར་མཁལ་རྐེད་གཟེར་བ་དང་རྐང་ལག་བཤལ་ཞིང་ཚིགས་གཞི་རྣམས་སྐྲངས་པ་དང༌། རླུང་ནད་ད་རྒན་དང་རྣ་བ་འོན་པ་དང༌། གྲང་བས་ཆུ་འགག་པ་དང༌། སྨད་ཀྱི་དྲོད་ཤོར་བ་རྣམས་སེལ་ཞིང་རྐེད་པ་མན་ཆད་ཀྱི་གྲང་རྣག་འབྱམས་པ་གཅོད་པར་བྱེད་ཅེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་བརྒྱད་པ་སྨན་ཆང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།