སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་པ། ནད་འཇུག་ཚུལ་གྱི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཅུ་པ། ནད་འཇུག་ཚུལ་གྱི་སྐོར།



ལེའུ་བཅུ་པ། ནད་འཇུག་ཚུལ་གྱི་སྐོར། 

ནད་ཀྱི་རྐྱེན་བསྟན་ཟིན་པ་དེ་ནས་ཡང་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ་ཞེས་གདམས་སོ།།

དེ་ལྟར་གོང་དུ་བཤད་ཟིན་པའི་ཚུལ་གྱིས་ཉེས་པའི་རྒྱུ་ལ་སོགས་པ་རྣམས་ལ་སྐྱེ་མཆེད་སོགས་ཀྱི་རྐྱེན་གྱིས་ནད་བསྐྱེད་པར་བྱས་ནས་འཇུག་པའི་ཚུལ་ནི་ཇི་ལྟ་བུ་ཞིག་གོ་སྙམ་ན། འདི་ནི་བྱ་བྱེད་ལས་གསུམ་གྱི་དབང་དུ་བྱས་ནས་གསུངས་ཏེ། དཔེར་ན་མདའ་ལྟ་བུ་གང་ལ་འཕང་བར་བྱ་བའི་ཡུལ་རླུང་མཁྲིས་བད་ཀན་གསུམ་པོ་འབེན་ལྟ་བུ་དེ་ལ་འཕེན་པར་བྱེད་པའི་རྐྱེན་དེ་ནི་དུས་གདོན་ཟས་སྤྱོད་དང་རྣམ་པ་བཞི་པོ་མི་ལྟ་བུ་དེའི་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་དང་རྗེས་སུ་མཐུན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་རྣམས་འཕེན་པར་བྱ་བ་མདའ་ལྟ་བུ་དེ་འཕངས་པས་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་ཞིག་ལ་ཕོགས་པ་དང༌། གཞན་གཉིས་ཀྱང་འཁྲུག་པར་འགྱུར་ལ། དེ་རྣམས་འཁྲུགས་པའི་ཚེ་འོག་ནས་འབྱུང་བ་ལྟར་ལུས་ཟུངས་དང་དྲི་མ་ཡང་འཇོམས་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། ནད་ཟུངས་དྲི་མ་དེ་རྣམས་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་དུ་གནས་པའི་འབྲེལ་བ་ལས་རྗེས་སུ་དཔག་པར་བྱ་དགོས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ངག་དོན་དུ་ན་ལྕི་རྟུལ་སོགས་ཀྱི་ཡོན་ཏན་མདའ་ལྟ་བུ་ནི་བྱ་བ་དང༌། དུས་ལ་སོགས་པའི་རྐྱེན་བཞི་པོ་མདའ་འཕེན་མཁན་གྱི་གང་ཟག་ལྟ་བུ་བྱེད་པ་ཡུལ་རླུང་སོགས་གསུམ་པོ་འབེན་ལྟ་བུ་དེ་ལ་ལས་ཞེས་རྟོགས་པར་བྱའོ།།

དེ་ཡང་ཉེས་པ་གསུམ་ལས་རླུང་ནི་རུས་པ་རྣམས་ལ་གནས་པ་ཡིན་ཏེ། དེ་བཞིན་དུ་མཁྲིས་པ་ནི་ཁྲག་དང་རྔུལ་ལ་གནས་པ་ཡིན་ལ། བད་ཀན་ནི་རུས་པ་དང་ཁྲག་དང་རྔུལ་རྣམས་ཀྱི་ལྷག་མ་སྟེ། དྭངས་མ་དང་ཤ་དང་ཚིལ་དང་རྐང་དང་ཁུ་བ་དང་བཤང་བ་དང་གཅི་བ་རྣམས་ལ་གནས་པའོ། །དེ་ལྟར་ན་གནོད་བྱ་དང་གནོད་བྱེད་རྣམས་ཕན་ཚུན་དུ་དྭངས་མ་ལ་སོགས་པ་བཅུ་པོ་རྟེན་དང༌། རླུང་ལ་སོགས་པ་གསུམ་པོ་བརྟེན་པ་པོའི་ཚུལ་གྱིས་ཉེ་བར་འབྲེལ་ཞིང༌། རྒྱུ་དེའི་ཕྱིར་དུས་གདོན་ཟས་སྤྱོད་ཀྱི་རྐྱེན་གྱིས་ཡང་རྩུབ་ལ་སོགས་པ་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་དང་ཆ་མཐུན་པའི་ཡོན་ཏན་རྣམས་ཉེས་པ་གསུམ་པོ་ལ་ཕོག་པས་ཐོག་མར་དེ་གསུམ་པོ་རང་རང་གི་གནས་དང་ལྡང་ཚད་ལས་འཁྲུགས་པར་འགྱུར་ཞིང༌། དེ་འཁྲུགས་པས་ནི་དྭངས་མ་ལོག་པའི་ལུས་ཟུངས་རྣམས་ལ་གནོད་ཅིང་ཉེན་པར་བྱས་ཏེ། དེ་ལྟར་འཁྲུགས་ཤིང་ཉེན་པའི་ནད་པའི་ནད་ཟུངས་གཉིས་ཀས་བཤང་བ་ལ་སོགས་དྲི་མ་ལ་ནི་ལྷག་པར་དུ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ།།

ཉེས་པ་འཁྲུགས་པས་ལུས་ཟུངས་དང་དྲི་མ་རྣམས་ལ་གནོད་པར་བྱེད་པ་དེ་ཡང་རླུང་ལ་སོགས་པའི་ནད་དང༌། རྒྱུ་རྗེས་སུ་མཐུན་པའི་ཟས་ཡང་རྩུབ་དང་ལྡན་པའམ། ཚ་རྣོ་དང་ལྡན་པའམ། ལྕི་བསིལ་དང་ལྡན་པ་ལྟ་བུ་གང་ཡང་རུང་བ་རྣམས་ཀྱི་ཟས་ཟོས་པ་ཕོ་བར་བསྲེགས་བཞུ་བྱས་པའི་དྭངས་མའི་བཅུད་དེ་ཁྱབ་བྱེད་ཀྱི་རླུང་གིས་ཟུངས་རྒྱུ་བའི་བུ་ག་རྣམས་སུ་གཏོར་བ་དེའི་ཚེ། ཡང་རྩུབ་ཀྱི་ཟས་ལས་བྱུང་བའི་དྭངས་མ་དེ་རླུང་གིས་གནས་གང་དུ་ཆགས་པར་གྱུར་པ་ལས་རུས་པའི་བུ་ག་རླུང་གི་སྐྱོན་དང་ལྡན་པ་ཉིད་དང༌། དེའི་དུས་དང་ལྷན་ཅིག་པར་རླུང་བསྐྱེད་པར་འགྱུར་བའི་སྤྱོད་ལམ་གྱིས་ནད་དུ་འགྱུར་ཏེ། དེ་བཞིན་དུ་ཚ་རྣོའི་ཟས་ལས་བྱུང་བའི་དྭངས་མ་དེ་ཡང་ཁྱབ་བྱེད་ཀྱིས་གཏོར་བས་ཁྲག་གི་གནས་སུ་ཆགས་པར་འགྱུར་ལ། དེའི་ཚེ་ཁྲག་རྒྱུ་བའི་བུ་ག་མཁྲིས་པའི་སྐྱོན་དང་ལྡན་པ་ཉིད་དང༌། ཁྲག་འཕེལ་བའི་སྤྱོད་ལམ་གྱིས་ནད་དུ་འགྱུར་ཞིང༌། ལྕི་བསིལ་གྱི་ཟས་ལས་བྱུང་བའི་དྭངས་མ་དེ་ཡང་ཤ་ཚིལ་ལ་སོགས་རྒྱུ་བའི་བུ་ག་བད་ཀན་གྱི་སྐྱོན་དང་ལྡན་པ་དེ་དང་བད་ཀན་འཕེལ་འགྱུར་གྱི་སྤྱོད་ལམ་གྱི་དབང་གིས་ནད་དུ་འགྱུར་ལ་དེའང་རླུང་སོགས་རང་རང་གི་རྒྱུ་དང་རྗེས་སུ་མཐུན་པའི་དྭངས་མ་དེ་རྣམས་རང་རང་གི་གནས་སུ་ངེས་པར་ཆགས་པར་འགྱུར་བའི་རྒྱུ་མཚན་ཡང་གནས་དེ་དང་དེར་གནས་པའི་ཉེས་པ་རང་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པས་འཛིན་ཞིང་མི་གཏོང་བར་བྱེད་པ་ཡིན་ནོ། །དེ་ཡང་དཔེར་ན་དབྱར་གའི་ནམ་མཁའ་ལ་རྒྱ་མཚོ་ལས་འོངས་པ་ལྷོ་ཕྱོགས་ཀྱི་སྤྲིན་ཆུང་ངུ་ཆུང་ངུ་ནས་འདུས་ཤིང་བསགས་ཏེ་ཆར་པ་འབབ་པ་ཇི་ལྟ་བ་བཞིན་དུ། བུ་གའི་སྐྱོན་དང་ཟས་སྤྱོད་རིགས་མཐུན་ཕྲད་པའི་དབང་གིས་རླུང་མཁྲིས་བད་ཀན་རང་རང་གི་གནས་སུ་འཕེལ་ཞིང་གསོག་པར་བྱེད་ལ། བསགས་པ་དེ་ལས་སླར་ཡང་དུས་གདོན་སོགས་ཀྱི་རྐྱེན་དང་ཕྲད་ན་ངེས་པ་ཁོ་ན་སྟེ། གདོན་མི་ཟ་བར་ལྡང་བར་བྱེད་པ་ཡིན་པས་ན་བུ་གའི་རྒྱུན་ལ་མི་གནོད་པའི་ཟས་བསིལ་དྲོད་སྙོམས་པ་ཁོ་ན་བསྟེན་པར་གྱིས་ཤིག ནད་རྣམས་རང་གནས་སུ་བསགས་པ་རྐྱེན་དང་ཕྲད་ནས་ལྡང་བ་དེའི་ཚེ་པགས་པ་ལ་སོགས་པ་ལམ་དྲུག་ལ་ཞུགས་ནས་རང་རང་གི་རྟགས་དང་བཅས་ཏེ་ལུས་ཅན་རྣམས་ལ་བདེ་བ་མེད་པའི་ནད་འབྱུང་བར་འགྱུར་ཏེ། དེ་ཡང་ཐོག་མར་པགས་པ་ལ་གྲམས་ཤིང་ཤ་ལ་རྒྱས་པ་དང༌། བར་དུ་རྩ་རྣམས་ལ་རྒྱུག་ཅིང་རུས་ལ་ཞེན་པ་དང༌། ཐ་མར་དོན་ལྔ་ལ་འབབ་ཅིང་སྣོད་དྲུག་ལ་ལྷུང་བ་ལས་བདེ་བ་མེད་པའི་ནད་ཀྱིས་འཇོམས་པར་བྱེད་པ་ཡིན་ནོ། །དེ་ཡང་པགས་པ་ནི་རླུང་མཁྲིས་ཀྱི་ཐུན་མོང་གི་གནས་དང་དེ་བཞིན་དུ་དྭངས་མ་ནི་བད་མཁྲིས་གཉིས་ཀྱི་ཐུན་མོང་གི་གནས་དང༌། ཚིགས་པ་རྣམས་ནི་བད་རླུང་གཉིས་ཀྱི་ཐུན་མོང་གི་གནས་ཡིན་པར་ཤེས་པར་བྱའོ།།

ནད་བསགས་ཤིང་ལངས་པ་འཇུག་སྒོ་དྲུག་ཏུ་དེ་ལྟར་ཞུགས་ནས་ལུས་ཀྱི་ཆ་ཤས་གང་དུ་བརྟེན་པའི་གནས་ནི་གང་ཞེ་ན། ཞུ་བའི་གནས་རྒྱུ་ལོང་དང་དཔྱི་མིག་དང་རུས་པ་དང་ཚིགས་པ་རྣམས་དང༌། རེག་བྱ་སྟེ་པགས་པ་དང༌། རྣ་བའི་དབང་པོ་རྣམས་ནི་རླུང་གི་གནས་ཡིན་ཏེ། དེ་རྣམས་སུ་རང་དང་རྗེས་སུ་མཐུན་པའི་ནད་རྟགས་རྣམས་འབྱུང་ཞིང༌། ཁྱད་པར་དུ་ཟས་ཞུ་བའི་གནས་ལོང་ན་གཙོ་ཆེར་གནས་པར་བྱེད་པ་ཡིན་ནོ། །རྣམ་པར་གྱུར་པ་མཁྲིས་པའི་གནས་ནི་ལྟེ་བ་ནས་ཕོ་བའི་བར་ཞུ་མ་ཞུའི་མཚམས་དང༌། ཁྲག་དང་རྔུལ་དང༌། ཟས་ཀྱི་དྭངས་མ་དང༌། ཆུ་སེར་དང༌། མིག་གི་དབང་པོ་དང༌། པགས་པ་རྣམས་ལ་གནས་པ་ཡིན་ཏེ། དེ་རྣམས་རང་གི་མཚན་ཉིད་རྗེས་སུ་མཐུན་པའི་ནད་རྟགས་འབྱུང་ཞིང༌། ཁྱད་པར་ཟས་ཞུ་བ་ལོང་དང་མ་ཞུ་བ་ཕོ་བ་གཉིས་ཀྱི་བར་ན་གནས་པར་བྱེད་པ་ཡིན་ནོ། །རྣམ་པར་གྱུར་པ་བད་ཀན་གྱི་གནས་ནི་བྲང་དང་མགུལ་པ་དང་གློ་བ་དང་མགོ་བོ་དང་དྭངས་མ་དང་ཤ་དང་ཚིལ་དང་རྐང་མར་དང་ཁུ་བ་དང་བཤང་གཅི་གཉིས་དང༌། སྣ་ལྕེའི་དབང་པོ་རྣམས་ལ་གནས་ནས་རང་དང་རྗེས་སུ་མཐུན་པའི་ནད་རྟགས་སྟོན་པར་འགྱུར་ཞིང༌། ཁྱད་པར་དུ་མ་ཞུ་བའི་གནས་ཕོ་བ་ལ་གཙོ་ཆེར་གནས་པར་བྱེད་པ་ཡིན་ནོ་ཞེས་གསལ་བར་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་འཇུག་ཚུལ་གྱི་ལེའུ་སྟེ་བཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 10:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།