སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྒྱད་པ་སྨན་ཆང་གི་སྡེ་ཚན་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ་ཞི་བྱེད་བདུན་པ་ཁནྜའི་སྡེ་ཚན་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། ཟླ་ཟེར་ལས། ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ནི་ཚ་བ་དང༌། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང༌། །སྤོབས་སྐྱེད་མདོག་འགྱུར་ཁོང་ཡངས་ཤིང༌། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་བསྐྱེད། །རིགས་འཐུང་སྐེམ་དང་སྦོམ་ཕན་ཞིང༌། །རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང༌། །རླུང་དང་བད་ཀན་སེལ་བ་ཡིན། །གཞན་དུ་བསྟེན་ན་དུག་དང་མཚུངས། །ཞེས་པ་ནས། རྡོག་དགུ་སོགས་ལས་ཤུར་བ་གཞན། །དུས་ཀྱིས་སྐྱུར་པོ་ཡང་ཟས་ལེན། །ཞེས་བྱ་བ་ནི་རྡོག་དགུ་ལ་སོགས་པའི་ཚོད་མའི་རྣམ་པ་མནན་ནས་སྐྱུར་པོར་བྱས་པ་དེ་ནི་ཡང་བ་དང་ཟས་ལེན་ཞིང་ཡིག་འབྱེད་པ་ཡིན་ལ། དེ་བཞིན་དུ་རྡོག་དགུ་དང་རྩ་བ་དང་འབྲས་བུ་ལ་སོགས་པ་དུས་རིང་པོར་སྐྱུར་པོར་གྱུར་པའང་ཡང་ཞིང་ཟས་ལེན་པར་བྱེད་པ་ཡིན་ནོ། །དེས་ན་དེ་གཉིས་ཀའང་ཡི་ག་འབྱེ་བར་བྱེད་པ་ཡིན་ནོ་ཞེས་པའི་བར་རྒྱ་ཆེར་གསུངས་སོ།།

        གཉིས་པ་ཚིག་གི་དོན་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྨན་ཆང་སོགས་ཚིགས་བཅད་གཅིག་སྟེ། ཞི་བྱེད་བརྒྱད་པ་སྨན་ཆང་གི་སྡེ་ཚན་དེ་ལ་སྦྱར་བའི་ཐབས་བསྟན་པ་ནི། ཞེས་པའོ། །གཉིས་པ་ལ་གསུམ། སྦྲང་ཆང་སོགས་རླུང་དང་བད་ཀན་གཉིས་ལྡན་གྱི་གྲང་སེལ་དགུ་བསྟན་པ། སྲོ་ལོའི་ཆང་སོགས་རླུང་མཁྲིས་གཉིས་ལྡན་གྱི་ཚ་སེལ་དགུ་བསྟན་པ། ཟན་ཆང་གི་སྦྱོར་བ་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ་སྦྲང་ཆང་སོགས་བཞི་བསྟན་པ་དང༌། བུར་ཆང་སོགས་ལྔ་བསྟན་པ་གཉིས་ཀྱི་དང་པོ་ནི། སྤྲང་གི་ཞེས་པ་ནས་སྦྲང་དང་མཉམ་ཞེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྦྲང་གི་ཆང་ལ། རྐྱང་པ་དང༌། ཁུག་པ་དང༌། ཡོངས་རྫོགས་གསུམ་དུ་ཡོད་པའི་སྦྲང་ཆང་རྐྱང་པ་ནི་སྦྲང་རྩི་བྲེ་གང་དང༌། ཆུ་བྲེ་དྲུག་བསྲེས་པ་བསྐོལ་ཏེ་བཅོས་ལ། རྔ་མས་བཙགས་བྲེ་དོར་མ་སོང་བར་དུ་བསྡུས་ནས་སླར་ཡང་ཆུ་བྲེ་གང་བླུག་ལ་ངད་བསད་ནས་གཟར་བུས་ཕྱར་ཏེ་བཞོས་ཐོག་གི་འོ་མའི་དྲོད་ཙམ་ཡོད་དུས། ཕབས་རྩི་རྡོག་པོ་སྙིམ་པ་གང་གྲིས་དྲས་ལ་རྔ་མར་ཕུར་བ་དེ་བསྟུམས་པའི་ཅོང་ཞིའི་གཏིང་རྡོ་སྦྲང་ཆང་གིས་ནུབ་ཙམ་ལ་ལྡིང་ཐག་བཏགས་ནས་ཤིང་ལ་གཏོད་ཅིང་སུག་སྨེལ་ཐུན་གཅིག་ཞིབ་པར་བཏགས་ལ་དེའི་ནང་དུ་བཏབ་སྟེ་གོས་ཀྱིས་མནན་ནས་ཞག་དུས་ཀྱི་བསྲོས་ཀྱིན་ཞག་གསུམ་གྱི་བར་དུ་བཞག་ལ། ལངས་ནས་སྐྱུར་དྲི་མནམ་ཞིང་ལྦུ་བ་ཆིར་གྱིས་འོང་བས་དེ་ལ་སྒ་པི་པི་ལིང་ཕོ་བ་རིས་སྟེ་ཚ་བ་གསུམ་པོ་ཕྱེ་མར་བྱས་པ་ཁ་ཚར་དུ་བཏབ། དགོང་དང་ཐོ་རངས་དུས་སུ་ཇ་སུན་ཙམ་རེ་བསྟེན་ན། རླུང་ཚབས་དང་ཆུ་སེར་བསྡོངས་ནས་ཚིགས་སུ་བྱེར་བ་སེལ་ཞིང༌། རུས་ཚད་དང་མཁལ་ཚད་རླུང་ལྡན་གྱི་ཆུ་སེར་འདོན་པ་དང༌། ཡང་སྦྲང་ཆང་ཁུག་པ་ནི། ཆུ་སེར་རླུང་དང་ལྡན་པ་ལ་དེའི་སྟེང་དུ་བུ་རམ་བསྣན་པ་ཡིན་ཞིང༌། སྦྲང་ཆང་ཡོངས་རྫོགས་ནི། ཆུ་སེར་ཚ་བ་ཡོད་པའི་རིགས་ལ་གོང་གི་སྟེང་དུ་སེང་ལྡེང་བསྣན་པ་ཡིན་ནོ། །ཡང་དུག་རིགས་མ་གཏོགས་མེ་ཏོག་གི་རིགས་སུ་གྱུར་པ་ཀུན་དང༌། ཁྱད་པར་གཡར་མོ་ཐང་ཞེས་པ། ཡན་ལག་བསེ་སྒྲོམ་སྨུག་པོར། མེ་ཏོག་གཡག་རུ་ལུག་རུ་བ། །གཡར་མོ་ཐང་དང་ལུག་མིག་པ། །ཞེས་འབྱུང་ལ། བདུད་རྩི་རྫིང་བུར། རི་དང་ཀླུང་གི་མེ་ཏོག་གཡར་མོ་ཐང༌། །སྦྲང་བསྲེས་སྨན་ཆང་སྦྱོར་བ་བསྟེན་གྱུར་ན། །ཞེས་སོགས་འབྱུང་བ་ལས། གཞུང་མང་པོ་མ་མཐོང་བའི་བླུན་པོ་དག གཡར་མོ་ཐང་ཞེས་པ་དུས་དབྱར་ཁའི་མིང་དུ་འཆད་པ་ནི་ཆེས་འཁྲུལ་བ་ཡིན་ལ། ངོ་བོ་ནི། བདུད་རྩི་འབྱུང་ཁངུས་ལས། གཡར་མོ་ཐང་ཞེས་བྱ་བའི་སྨན། །སྤང་གཤོངས་ནེ་གསིང་མཛེས་ལ་སྐྱེས། །མེ་ཏོག་པདྨ་རཱ་གའི་མདངས། །ས་གཞི་དམར་པོར་སྒྱུར་བར་བྱེད། །ལོ་མ་ཕྲ་སྲིབ་ཉ་ག་ཅན། །རང་གི་ནུས་པས་སྐྲངས་པོ་འཇོམས། །རྨ་ལ་བཏབ་ན་འཕྲལ་དུ་འཚོ། །སྦྲང་ཆང་སྦྱར་ན་ཆུ་སེར་སཀྨ། །ལུག་སོས་མེ་ཏོག་ཅེས་ཀྱང་བྱ། །ངོ་ཚ་ཅན་གྱི་མེ་ཏོག་ཟེར། །ཅེས་གསུངས་པ་བཞིན་གསིང་མ་མེ་ཏོག་ཏུ་གྲགས་པ་དེ་བཏུས་ཤིང་སྐམས་ལ། བུམ་པར་བསྡིགས་པ་དེ་བླུགས་ལ་ཆུ་ཡིས་བསིང་ཞིང་ཁུ་བ་བཞུར་ཏེ་དེ་དང་སྦྲང་རྩི་ཕུལ་གང་སྦྱར་ནས་འོ་དྲོད་ཙམ་དུ་སྲོས་ལ་ཞག་གསུམ་དྲོད་སར་མནན་ལ་བཞག་སྟེ་ལངས་པ་དེ་ནི་པུཥྤའི་སྦྲང་ཆང་ཞེས་བྱ་སྟེ། ནུས་པ་གོང་གི་སྦྲང་ཆང་དང་མཉམ་པའོ་ཞེས་སོ།།

        གཉིས་པ་བུར་ཆང་སོགས་ལྔ་བཤད་པ་ནི། བུར་ཆང་ཞེས་པ་ནས་རླུང་ཚབས་འདོན་ཞེས་པའི་བར་ཚིགས་བཅད་ཕྱེད་དངལྔས་བསྟན་ཏེ། ནས་གཟེ་མ་གྲོ་གསུམ་དང་སྦྱར་བའི་བུར་ཆང་དང་ནས་ཆང་དང་བུ་རམ་སྦྱར་བའི་བུ་རམ་ཆང་ཞེས་པ་དང༌། མར་དང་གོ་སྙོད་པི་པི་ལིང་བུ་རམ་སྦྲང་དང་སྦྱར་བའི་མར་ཆང་དང༌། གཟེ་མ་དང་ནས་བསྲེས་ཏེ་སྦྱར་བའི་གཟེ་ཆང་དང༌། ལུག་ཐོང་ཚེར་གྱི་རུས་པ་ཚོན་པོ་བུབས་གཅིག་བརྡུངས་པ་ནས་ཆན་གྱི་གླུམ་དང་བསྲེས་པ་བུར་ཆུས་བསིངས་པའི་རུས་ཆང་སོགས་སྦྱོར་སྡེ་ལྔ་སྟེ་སྔ་མ་བཞི་དང་སྦྱར་བས་དགུའོ། །གཉིས་པ་ནི། སྲོ་ལོའི་ཞེས་པ་ནས་ནད་སེལ་འགྱུར་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྲོ་ལོའི་སྨན་ཆང༌། ཏིག་ཏའི་སྨན་ཆང༌། ཀྱི་ལྕེའི་སྨན་ཆང༌། ཛཱ་ཏིའི་རུས་ཆང༌། རྒུན་འབྲུམ་བུར་ཆང༌། ན་ལེ་ཤམ་གྱི་སྨན་ཆང༌། རྒྱ་ཚྭའི་ཚྭ་ཆང༌། སེང་ལྡེང་དྲུངས་ཆང༌། གཙོ་བོ་དྲུག་ཆང་སྟེ་དགུ་ཡིན་ལ། ཚིག་དོན་གཞན་རྣམས་རྟོགས་པར་སླ་ཞིང༌། གཙོ་བོ་དྲུག་ཆང་ནི། རེ་རལ། འོམ་བུ། སྤང་རྩི་དོ་བོ། ཧོང་ལེན། ཏིག་ཏ། ཡུ་གུ་ཤིང་རྣམས་ཡིན། བྱང་པའི་ཊིའཀྐར་ན་ལེ་ཤམ་གྱི་འབྲུ་ཆང་སྦྱར་སྐབས་ནས་ཆན་ལ་ཕབས་འདེབས་དུས་ན་ལེ་ཤམ་ཚོམ་ཙམ་བརྡུངས་པ་བཏབ་སྟེ་བཟོ་བ་ཡིན་གསུངས་སོ། །གསུམ་པ་ཟན་ཆང་བཤད་པ་ལ། ཟན་ཆང་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཟན་ཆང་གི་སྦྱོར་བ་ནི་ར་མཉེ། ལྕ་བ། གཟེ་མ། ལྕམ་པ་རྣམས་ཡོས་དང་བསྲེས་ནས་ཕྱེར་བཏགས་ལ་ཟན་དྲོན་བྱས་ཏེ་ཕབས་བྲན་དྲོ་སར་མནན་པ་ལངས་ནས་ཆང་དུ་བསིང་ཞིང༌། རྙིངས་ནས་ཚིགས་མ་དེ་མཉེས་ལ་བུ་རམ། བཅའ་སྒ། མར་རྣམས་བཏབ་ནས་བཅོས་པའི་སྐྱོན་མ་དེ་ལྟོར་བསྟེན་ན་གྲང་རླུང་མ་ལུས་པ་འཇོམས་ཤིང་ཁྱད་པར་མཁལ་རྐེད་གཟེར་བ་དང༌། རྐང་ལག་བཤལ་ཞིང་ཚིགས་བཞི་སྐྲངས་པ་དང༌། རླུང་ད་རྒན་རྣ་བ་འོན་པ་དང༌། གྲང་བས་ཆུ་འགགས་པ་དང༌། སྨད་ཀྱི་དྲོད་ཤོར་བ་རྣམས་སེལ་ཞིང༌། རྐེད་པ་མན་ཆད་ཀྱི་གྲང་རྣག་འབྱམས་པ་གཅོད་པར་བྱེད་དོ་ཞེས་གསུངས་སོ་ཞེས་པའོ། །དེ་ལྟར་སྨན་ཆང་ལ་སྦྱོར་བ་བཅུ་དགུ་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་བརྒྱད་པ་སྨན་ཆང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།