སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།



ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྨན་ཆང་སྡེ་ཚན་སྦྱར་བའི་ཐབས་བསྟན་པ།།

སྦྲང་གི་ཆང་ལ་རྐྱང་ཁུག་ཡོངས་རྫོགས་གསུམ། །སྦྲང་ཆང་རྐྱང་པ་སྦྲང་རྩི་བྲེ་གང་དང༌། །ཆུ་བྲེ་དྲུག་བསྲེས་བཙོས་ལ་རྔ་མས་བཙགས། །བྲེ་དོར་གདུ་ནས་ཆུ་བྲེ་གང་བླུག་ལ། །ངད་བསད་གཟར་བུས་ཕྱར་ཏེ་འོ་དྲོད་ཙམ། །ཕབས་རྡོག་སྙིམ་གང་གྲིས་དྲད་རྔ་མར་ཕུར། །ཅོང་ཞིའི་གཏིང་རྡོ་ལྡིང་ཐག་ཤིང་ལ་གཏོད། །སུག་སྨེལ་ཐུན་གཅིག་བཏགས་ལ་བཏབ་སྟེ་མནན། །ཞག་དུས་བསྲོས་ཀྱིན་ཞག་གསུམ་བར་དུ་བཞག །ལངས་ན་སྐྱུར་མནམ་ལྦུ་བ་ཕྱིར་གྱིས་འོང༌། །དེ་ལ་ཚ་བ་གསུམ་པོ་ཁ་ཚར་བཏབ། །དགོང་དང་ཐོ་རངས་ཇ་སུན་ཙམ་རེ་བསྟེན། །རླུང་ཚབས་ཆུ་སེར་བསྡོངས་ནས་ཚིགས་བྱེར་སེལ། །རུས་ཚད་མཁལ་ཚད་རླུང་ལྡན་ཆུ་སེར་འདོན། །ཁུག་པ་ཆུ་སེར་རླུང་ལྡན་བུ་རམ་བསྣན། །ཡོངས་རྫོགས་ཆུ་སེར་ཚ་བ་སེང་ལྡེང་བསྣན། །མེ་ཏོག་ཀུན་དང་ཁྱད་པར་གཡར་མོ་ཐང༌། །བཏུས་སྐམས་བུམ་པར་བསྡིགས་ལ་ཆུ་ཡིས་བསིང༌། །ཁུ་བ་བཞུར་ཏེ་སྦྲང་རྩི་ཕུལ་གང་སྦྱར། །འོ་དྲོད་ཙམ་བསྲོས་ཞག་གསུམ་མནན་ལ་བཞག །པུཥྤེ་སྦྲང་ཆང་ཞེས་བྱ་སྦྲང་དང་མཉམ། །བུར་ཆང་ནས་དང་གཟེ་མ་གྲོ་དང་གསུམ། །བཙོས་ཏེ་ལངས་པའི་གླུམ་ལ་བུར་ཆུས་བསིང༌། །རླུང་ནད་མ་ལུས་སེལ་བར་བྱེད་པ་སྟེ། །ཁྱད་པར་གློ་སྙིང་མཁལ་རུས་རླུང་ཚབས་འདོན། །ཡང་ན་ནས་ཆང་བུ་རམ་སྦྱར་བ་ཡང༌། །བུ་རམ་བུར་ཆང་ཞེས་བྱ་རླུང་ཀུན་འཇོམས། །མར་ཆང་སྦྱོར་བ་ཆང་ནང་བུ་རམ་སྦྲང༌། །མར་དང་གོ་སྙོད་པི་པི་ལིང་དུ་སྦྱར། །རྩེ་འཇམ་ཞག་གསུམ་མནན་པས་གྲང་རླུང་སེལ། །རླུང་ཚབས་མགོ་དང་མིག་ལ་བྲོས་པ་འདོན། །གཟེ་ཆང་གཟེ་མ་ནས་བསྲེས་གླུམ་ནང་དུ། །གཟེ་མ་ཆུར་བསྡུས་ཁུ་བས་བསིངས་པ་ནི། །རུས་ཚིགས་མཁལ་མའི་རླུང་དང་ཆུ་སེར་འཇོམས། །ཁྱད་པར་རླུང་ཚབས་མཁལ་མར་བབས་པ་འདོན། །རུས་ཆང་སྦྱོར་བ་གཞུག་ཆུང་རུས་པ་འམ། །ཐོང་ཚེར་རུས་པ་བུབས་གཅིག་ཞིབ་བརྡུངས་ལ། །ཆན་བསྲེས་གླུམ་ལ་བུ་རམ་ཆུས་བསིངས་པ། །རླུང་ནད་ཀུན་སེལ་རུས་པའི་རླུང་ཚབས་འདོན། །སྲོ་ལོའི་ཆང་སྦྱོར་སྲོ་ལོ་ཆུར་སྦངས་པས། །གྲོ་ཆང་བསིངས་པ་གློ་ཚད་རླུང་ལྡན་སེལ། །ཏིག་ཏའི་ཆང་སྦྱོར་ནས་དཀར་སེར་ཙམ་བརྔོས། །དེ་ཡི་གླུམ་ལ་ཏིག་ཏ་ཨ་རུ་རའི། །ཁུ་བས་ཆང་བསིངས་ཚད་རྙིང་རླུང་ལྡན་སེལ། །ཀྱི་ལྕེས་བསིངས་ན་ཚ་བ་ཆང་འཐུང་ཡིན། །དེ་བཞིན་སྙིང་ལ་ཛཱ་ཏི་རུས་ཆང་སྦྱར། །གློ་ཡི་ནད་ལ་རྒུན་འབྲུམ་བུར་ཆང་སྦྱར། །བད་ཀན་ན་ལེ་ཤམ་གྱི་འབྲུ་ཆང་སྦྱར། །ལྒང་པའི་གྲང་བ་རྒྱ་ཚྭའི་ཚྭ་ཆང་སྦྱར། །ཆུ་སེར་ནད་ལ་སེང་ལྡེང་དྲུངས་ཆང་སྦྱར། །དུག་ནད་ཟུངས་ཟད་གཙོ་བོ་དྲུག་ཆང་རྣམ་པར་(རེ་རལ། འོམ་བུ། སྤང་རྩི། ཧོང་ལེན། ཏིག་ཏ། )སྦྱར། །གཞན་ཡང་ནད་དང་གང་འཕྲོད་སྨན་ཆུས་བསིངས། །ཡང་ན་སྨན་ཕྱེ་ཆང་སྦྱར་མནན་པ་ཡིས། །ཕོ་བའི་དྲོད་སྐྱེད་རླུང་གནོན་ནད་སེལ་འགྱུར། །ཟན་ཆང་སྦྱོར་བ་ར་མཉེ་ལྕ་བ་དང༌། །གཟེ་མ་ལྕམ་པ་ཡོས་བསྲེས་ཕྱེར་བཏགས་ལ། །ཟན་དྲོན་ཕབས་བྲན་ལངས་ནས་ཆང་དུ་བསིང༌། །རྙིངས་ནས་མཉེས་ལ་བུ་རམ་སྒ་དང་མར། །བཏབ་བཙོས་ལྟོར་བསྟེན་གྲང་རླུང་མ་ལུས་འཇོམས། ཁྱད་པར་མཁལ་རྐེད་གཟེར་དང་རྐང་ལག་བཤལ། །ཚིགས་གཞི་སྐྲངས་དང་ད་རྒན་རྣ་བ་འོན། །གྲང་བས་ཆུ་འགགས་སྨད་ཀྱི་དྲོད་ཤོར་སེལ། །རྐང་པ་མན་ཆད་གྲང་རྣག་འབྱམས་པ་གཅོད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་ཆང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:44 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།