སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དྲུག་པ། ལས་ལྔ་སྣ་སྨན་གྱི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་དྲུག་པ། ལས་ལྔ་སྣ་སྨན་གྱི་སྐོར།



ལེའུ་བཅུ་དྲུག་པ། ལས་ལྔ་སྣ་སྨན་གྱི་སྐོར།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔའི་སྣ་སྨན་ཞི་དང་སྦྱང་བ་གཉིས།།

ཞི་བྱེད་མི་རུང་ཕན་ཡོན་བཏང་ཐབས་གསུམ། །སྣ་སྨན་མི་རུང་རིམས་གསར་འཕྲལ་དུ་རྨས། །ར་རོ་སྣུམ་འཐུངས་རྣམས་ལ་སྤང་བར་བྱ། །ཕན་ཡོན་སྣ་ཉིད་ཀླད་པའི་སྒོ་ཡིན་ཕྱིར། །མགོ་དང་ནམ་ཚོང་ཡན་ཆད་ནད་ལ་མཆོག །ཁྱད་པར་གུར་ཀུམ་ཞུན་མར་ཀ་ར་སྦྱར། །མགོ་རླུང་ཁྲག་འཐབ་གཟེར་ནད་འཁྱུག་པ་འཇོམས། །ཤིང་མངར་སྐྱུ་རུ་ཀ་ར་ཞུན་མར་སྦྱར། །རྣ་བ་མིག་དང་ཟ་འགྲམ་ཀླད་ནད་སེལ། །ལ་ཕུག་ཁུ་བས་རྣ་བ་མགོ་ནད་སེལ། །རྟ་སྦངས་སྣ་ཁྲག་ཀླད་ཁྲག་སོ་སྲིན་སེལ། །ཞུན་མར་ནམ་ཚོང་ཡན་ཆད་རླུང་ནད་འཇོམས། །བཏང་ཐབས་སྔ་དྲོ་དགོང་དུས་གན་རྐྱལ་ཉལ། །སྔས་སྨད་མགོ་དཔྱངས་ཐིགས་པ་ལྔ་བདུན་བླུག །དར་ཅིག་ཉལ་རྗེས་དུད་པ་བསེར་བུ་སྤང༌།།

སྣ་སྦྱོངས་སྤང་དང་ཕན་ཡོན་སྦྱོར་བ་དང༌། །བཏང་བའི་ཚུལ་དང་ལོག་གནོན་ལྔ་ཡིས་བསྟན། །མི་རུང་རླུང་གིས་མགོ་འཁོར་རབ་རིབ་དང༌། །རྫི་འཁོར་སོ་ནད་རྣག་ཁྲག་འཛག་ལ་སྤང༌། །ཕན་ཡོན་ཆམ་རྒན་མཚུལ་པར་ཞེན་པ་དང༌། །ཚད་པ་གག་ལྷོག་རྫོང་ལ་བྲོས་པ་དང༌། །མིག་དམར་མཛེ་ནད་ཆུ་སེར་གདོང་ལ་ལུད། །མགོ་ཆག་རྩ་བྱེར་ཆུ་སེར་ལྷུང་བ་སེལ། །སྦྱོར་བ་འགྲོན་བུ་བོང་ང་དཀར་པོ་དང༌། །སུག་པ་སྒ་སྐྱ་བཞི་པོ་བསྲེགས་ཐལ་དང༌། །བྱང་པ་རྒྱ་ཚྭ་དྲི་ཆུར་སྦྱར་བར་བྱ། །ཡང་ན་འབྲི་ཏ་ས་འཛིན་རྒྱ་ཚྭ་དང༌། །ཤུ་དག་རུ་རྟ་ཤིང་མངར་བ་ཆུ་སྦྱར། །བཏང་ཐབས་སྔ་དྲོ་སྣབས་སྦྱངས་གན་རྐྱལ་ཉལ། །འཕུལ་བྱེད་སྔས་ལ་མགོ་དཔྱངས་ཐིགས་དགུ་བླུག །རྐན་ནས་བྱུང་ན་འགག་ཅེས་བྱས་ལ་བཟློག །བྱ་རྫོགས་སྐད་ཅིག་གྲངས་བརྒྱའི་བར་དུ་ཉལ། །ཐེབས་དཀའ་དུ་བ་སུག་ཕྱེ་སྣ་ནང་བུད། །ཚ་གཡའ་སྣབས་མང་བྱུང་ན་ལངས་ལ་ཕྱི། །དེ་རྗེས་ཆུ་སེར་རྣག་སོགས་གང་ཡོད་དབྱུང༌། །གྲེ་བ་མཚུལ་པ་དག་ཕྱིར་ཆུ་སྐོལ་བཏུང༌། །སྤོས་དཀར་མར་གསར་བསྲེགས་པའི་དུ་བས་བདུག །ལོག་གནོན་ཁྲག་ཤོར་མགོ་སྟོད་ཆུ་ཡིས་བྲན། །སྨན་དང་མེ་བཙའ་གཏར་སོགས་རིགས་པས་དཔྱད། །མ་ཐེབས་མིག་དམར་མགོ་དང་དཔྲལ་བ་གཟེར། །སྣ་རྩ་དཔྲལ་རྩ་གཏར་རྗེས་ཆུ་ལྕག་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་སྣ་སྨན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།