སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དྲུག་པ། རྒྱས་ཚད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་དྲུག་པ། རྒྱས་ཚད་བཅོས་པ།

ལེའུ་བཅུ་དྲུག་པ་རྒྱས་ཚད་བཅོས་པ་ལ་གསུམ་ཞུས་པའི་ཚུལ་གྱིས་མཚམས་སྦྱོར་བ་དང༌། དེ་རྒྱས་པར་བཤད་པའི་གཞུང་དོན་དང༌། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཚ་བ་རྒྱས་པའི་རྒྱུ། རྐྱེན། ངོ་བོ། མིང༌། དབྱེ་བ། རྟགས། སོས་པའི་མཚན་མ་བསྟན་པའོ། །གཉིས་པ་དེ་ལན་རྒྱས་པར་བཤད་པ་གཞུང་གི་དོན་ལ་བརྒྱད་ལས། དང་པོ་རྒྱུ་བསྟན་པ་ནི། རྒྱས་ཚད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྒྱས་ཚད་ཀྱི་རྒྱུ་ནི། གནོད་བྱེད་ཉེས་པ་བད་མཁྲིས་རླུང་གསུམ་གྱི་ནང་ནས་ཞེ་སྡང་གིས་བསྐྱེད་པས་མཁྲིས་པ་འཕེལ་ནས་རྣམ་པར་གྱུར་པའི་ནད་ཡིན་ལ། དེ་མཚན་ཉིད་བདུན་ལྡན་གྱི་ནང་ནས་ངོ་བོ་ཚ་ཞིང་རྣོ་ལ་དྲི་མནམ་པ་གསུམ་རབ་མཆོག་ཏུ་འཕེལ་བའོ། །རྒྱས་པ་གང་ཞིག་རྒྱུ་སྟོབས་སུ་འགྱུར་བས་དེ་ཙམ་ཞིག་དཔྱད་པ་ཡིན་ལ། གྲུབ་མཐའི་འཇོག་མཚམས་ནི། རྒྱས་ཚད་ཀྱི་རྒྱུ་གནོད་བྱེད་ནད་གཞིའི་མཁྲིས་པ་ངོ་བོ་ཚ་རྣོ་དྲི་མནམ་པའི་ཆ་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པ་དེ་ལ་བྱ་དགོས་སོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རང་བཞིན་གྱིས་རྒྱས་པ་དང༌། དུས་ཀྱིས་རྒྱས་པ་དང་རྐྱེན་གྱིས་རྒྱས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་རང་བཞིན་གྱིས་རྒྱས་པ་ནི། རང་བཞིན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མ་མོ་མཁའ་འགྲོ་འཁྲུགས་པ་ལས་ཚ་བ་འབྱུང་ཚུལ་ནི། གོང་དུ་ཚ་བ་སྤྱི་བཅོས་སུ་རྒྱས་པར་བཤད་པ་ལྟར་རོ། །འདིར་ནི་གདོན་དུས་ཟས་སྤྱོད་དེ་རྣམས་ཀྱི་རྐྱེན་གྱིས་འཁྲུགས་པ་ལས་ངོ་བོ་མཚན་ཉིད་སྲེག་ཅིང་འདྲུལ་བས་ཚ་བ། ལས་མྱུར་བས་རྣོ་བ། དྲི་དུག་པའམ་ངལ་བས་གཞན་དེའི་རང་བཞིན་དུ་གྱུར་པ་དེ་གསུམ་ཐང་ངམ་ཚད་ལས་ལྷག་པས་གནོད་བྱའམ་རྟེན་ལུས་ཟུངས་ཀྱི་ནང་ནས་ཁྲག་དང༌། དྲི་མའི་ནང་ནས་རྔུལ་ལ་རྒྱས་པའོ། །གཉིས་པ་དུས་ཀྱི་རྒྱས་རྐྱེན་ནི། དུས་ནི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་རྐྱེན་རྒྱས་ནི། རྐྱེན་ནི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ངོ་བོ་བཤད་པ་ནི། རང་བཞིན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ངོ་བོ་ནི་བད་རླུང་གི་གྲོགས་དང་བྲལ་བས་ནད་སྨིན། ཚ་རྣོ་དྲི་ངའི་རང་སྟོབས་སུ་འགྱུར། རང་ཤུགས་རྫོགས། སྡོང་ཟླ་མེད་པས་ཚ་བ་རྐྱང་པ་ཡིན་ངེས། ཞེས་པ་ཕྱི་མ་འདྲེན་པའམ་ལྷག་མ་དང་བཅས་པ་ཡིན་པས་སོ། །བཞི་པ་མིང་བཤད་པ་ནི། ལུས་ཟུངས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཤིང་སྐམ་མེའི་ཕུང་པོ་འདྲ་ཞེས་པའི་ལུས་ཟུངས་ཤིང་སྐམ་པོ་ཚད་པ་མེའི་ཕུང་པོར་གྱུར་པ་ལྟར། ཚ་བ་ཀུན་ལ་རྒྱས་པས་རྒྱས་ཞེས་བྱའོ། །ལྔ་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རིགས་དང༌། སྟོབས་དང༌། བབས་སྒོའི་སྒོ་ནས་དབྱེ་བའོ། །གཅིས་པ་རྒྱས་བཤད་ལའང་གསུམ། རིགས་སྟོབས་བབས་སྒོ་དང་གསུམ་ལས། དང་པོ་རིགས་དབྱེ་བཤད་པ་ནི། རིགས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པའི་དབྱེ་བ་ལ་རིམས་རྒྱས་དང་འཁྲུགས་རྒྱས་གཉིས་སོ། །གཉིས་པ་སྟོབས་དབྱེ་ནི། སྟོབས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་པའི་དབྱེ་བ་ལ་སྟོབས་ཆེན་པོ་དང་སྟོན་ཆུང་ངུ་གཉིས་སོ། །གསུམ་པ་བབས་སྒོའི་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། བབས་སྒོས་ཞེས་རྐང་པ་གཅིག་གིས་བསྟན་པའི་དབྱེ་བ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་པར་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་གཉིས་ཀྱིས་བསྟན་པའི་དབྱེ་བ་ནི། སྙིང་དང་སྲོག་རྩ་དང་གློ་བ་མཆིན་པ་དང་མཚེར་པ་དང་མཁལ་མ་སྟེ་དྲུག་དེ་སྟེང་ཕོ་བ་དང་མཁྲིས་པ་སྟེ་བབས་སའི་རྒྱས་དབྱེ་བརྒྱད་དེ་དྲིལ་བས་བཅུ་གཉིས་སོ། །དྲུག་པ་རྟགས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྒྱས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་ལའང་གསུམ། འཁྲུགས། རིམས། སྟོབས་ཆེ་ཆུང་ངོ༌། །དང་པོ་འཁྲུགས་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་བདུན་གྱིས་བསྟན་པའི་རིམས་འཁྲུགས་གཉིས་ཀར་གྱིས་རྟགས་སོ། །གཉིས་པ་ཁྱད་པར་གྱི་རིམས་རྟགས་ནི། ཁྱད་པར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཁྱད་པར་གྱི་རྟགས་སོ། །གསུམ་པ་སྟོབས་ཆེ་ཆུང་གི་རྟགས་ནི། སྟོབས་ཆེན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྟོབས་ཆེ་ཆུང་གི་རྟགས་སོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་ཉི་ཤུས་བསྟན་ཏེ། །སྙིང་ལ་ཚ་བ་རྒྱས་པའི་མྱོས་ལྡན་ནི་ཆང་གི་ར་རོ་བ་ལྟར་རོ། །གོས་ལ་སྡང་བ་ནི། གོས་ལ་བྲད་པ་དང་ཐོགས་པ་བྱེད་པའོ། །ཕོ་རྒྱས་ཀྱི་ལྟག་མིག་བལྟ་བ་ནི། མིག་རྒྱབ་ཏུ་རྟག་པར་ལྟ་བའི་ཉམས་བྱེད་པའོ། །བདུན་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལའང་གཉིས་ལས། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱི་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་པའི་ཚུལ་དང་གཉེན་པོའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་བཅོས་ཚུལ་བཤད་པ་ལ་གསུམ། སྟོབས་ཆེན་ཇི་ལྟར་བཅོས་ཚུལ། སྟོབས་ཆུང་ཇི་ལྟར་བཅོས་ཚུལ། སྤྱི་ཁྱབ་ཏུ་ཇི་ལྟར་བཅོས་ཚུལ་ལོ། །དང་པོ་སྟོབས་ཆེན་བཅོས་ཚུལ་ནི། བཅོས་ཚུལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཚ་བ་སྟོབས་ཆེན་ལ་གཉེན་པོ་ཡང་དར་དྲག་ཅེས་པ་ནི་སྟོབས་ཆེ་ལ་ཤུགས་དྲག་པར་གཏོང་ཞིང༌། ཐོག་བབས་པ་ལྟར་བཅོས་ལ་ཚ་བ་བསད་དོ། །གཉིས་པ་སྟོབས་ཆུང་གི་བཅོས་ཚུལ་བཤད་པ་ནི། སྟོབས་ཆུང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སྤྱི་ཁྱབ་ཏུ་བཅོས་ཚུལ་ནི། དང་པོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དང་པོ་གཉེན་པོ་སྟོབས་ཆུང་ལ་ཐང་བཏང༌། ཟས་སྤྱོད་གཟབ་པ་ཙམ་གྱིས་ཚད་རླབས་བསད། བར་དུ་བསད་ཐང་དང་བསིལ་ཕྱེ་ཙམ་གྱིས་ལོ་མ་བྲབ། ཐ་མ་སྦྱོངས་དང་དཔྱད་ཀྱིས་རྩ་བ་བཅད་པའི་ཚུལ་དུ་བཅོས་སོ། །གཉིས་པ་གཉེན་པོས་བཅོས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉེན་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་མོ། །གཉིས་པ་རྒྱས་བཤད་ལའང་སྨན་དཔྱད་ཟས་སྤྱོད་བཞི་ལས། དང་པོ་སྨན་ལའང་མདོར་རྒྱས་སོ། །དང་པོ་ནི། སྨན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཞི་བ་དང་སྦྱང་བའོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྨན་ལའང་མདོར་རྒྱས་སོ། །དང་པོ་ནི། ཞི་བྱེད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། ཐང་དང་ཕྱེ་མའོ། །གཉིས་པ་རྒྱས་བཤད་ལའང་ཐང་ཕྱེ་གཉིས་ལས། དང་པོ་ཐང་ལའང་མདོར་རྒྱས་སོ། །དང་པོ་ནི། ཐང་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དབྱེ་ཐང་དང་བསད་ཐང་ངོ༌། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་དབྱེ་ཐང་ནི། དབྱེ་ཐང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བསད་ཐང་བཤད་པ་ལ་གཉིས། སྟོབས་དང་སྦྱར་བའི་བསད་ཐང་དང༌། ནད་གཞི་དང་སྦྱར་བའི་བསད་ཐང་ངོ༌།།

        དང་པོ་སྟོབས་དང་སྦྱར་བའི་བསད་ཐང་ནི། བསད་ཐང་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་སླེ་ཏྲེས་སྐྱུ་རུ་ར་བ་ལེ་ཀ་གསུམ་པོ་འགྱུར་མེད་གཞིར་བཞག་པའི་སྟེང་དུ། རབ་ལ་ཧོང་ལེན། འབྲིང་ལ་ཏིག་ཏ། ཐ་མ་ལ་བ་ཤ་ཀ་སྦྱར་བ་བསྐོལ་གྲངས་བཏང་ངོ༌། །གཉིས་པ་ནད་གཞི་དང་སྦྱར་བའི་བསད་ཐང་བཤད་པ་ནི། ཡང་ན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། མ་ནུ་ནི་པ་ཏྲ་འོ། །པུཁྐར་ནི་ཁམས་རུས་སོར་གསུམ་ནི་ཨ་བར་སྐྱུར་གསུམ་མོ། །བཏང་ཡུལ་ནི་སླེ་ཏྲེས་སོགས་ནི་རླུང༌། །ཏིག་ཏ་སོགས་ནི་མཁྲིས་པ། རྒྱ་སྐྱེགས་སོགས་ནི་ཁྲག །མ་ནུ་སོགས་ནི་བད་ཀན་ལ། ག་དུར་ནི་དེ་བཞི་གང་གཏོང་ཀྱང་ཀུན་ལ་བསྲེས་ཏེ་རིམ་པ་བཞིན་འཇོམས་སོ། །གཉིས་པ་ཕྱེ་མའི་སྦྱོར་བ་བཤད་པ་ནི། ཕྱེ་མས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་སྦྱང་བ་བཤད་པ་ནི། སྦྱོང་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་དཔྱད་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དཔྱད་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དཔྱད་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་གཏར་བ་རྔུལ་དབྱུང་ཆུ་ལྕག་དུགས་སོ། །གཉིས་པ་རྒྱས་བཤད་ལའང་གཏར་བ་རྔུལ་དབྱུང་ཆུ་ལྕག་དུགས་དང་བཞི་ལས། དང་པོ་གཏར་བའི་དཔྱད་བཤད་པ་ནི། སྨན་གྱིས་ཞེས་རྐང་པ་བཞིས་བསྟན་ཏེ། གང་རྒྱས་རྩ་ལ་གཏར་བ་ནི། འཕྲུལ་གྱི་ལྡེ་མིག་ཏུ། སྟོད་ཀྱི་ནད་ལ་རྩེ་ཐུང་དྲུག་མགོ་གཏར། །སྨད་ཀྱི་ནད་ལ་རྩ་བོ་ཆེ་ཉིད་དང༌། །ལོང་རྩ་བྱིན་གཞུག་སོགས་ལ་གཏར་བར་བྱ། །བར་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར། །རྒྱབ་ཀྱི་ནད་ལ་སྒང་རྩ་དྲུག་མགོ་གཏར། །མདུན་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར། །ཞེས་གསུངས་པ་ལྟར་རོ། །འགྲམས་དང་འཁྲུགས་ནི་ངན་ཁྲག་རྩའི་ནད་དང་དོན་ལྔ་ལ་ལྷག་པ་ཡིན་པས་དེའི་ཕྱིར་གསོ་དཔྱད་གཙོ་བོར་གཏར་བ་ཁོ་ན་ཤིས་པ་ཡིན་ནོ། །གཉིས་པ་རྔུལ་དབྱུང་བསྟན་པ་ནི། ཚ་བ་ཞེས་རྐང་པ་བཅུས་བསྟན་ཏེ། སྤུར་པ་ནི་བྱ་འཕུར་དུ་འཇུག་པ་ལ་སྣ་སྤུར་རམ་སྤུར་ཞེས་སྐྲོག་པའི་དོན་ནོ། །འདྲེན་བྱེད་ནི་ལུས་ནད་པ་སྤུར་འདྲེན་པ་ལྟར་རོ། །ར་དཀར་རྭ་རྩེ་གཡས་ནི་དངོས་སོ། །བལ་ཚི་ནི་ལུག་ཐོང་ཚེར་གྱི་སོག་པའི་བལ་གྱི་ཚི་རུས་ཁུ་ཕྱུང་བའོ། །ཤ་བལ་ནི་ལུག་ཐུག་པོའི་རླིག་པའི་བལ་དང་སོགས་པའི་བལ་གྱི་ཁུ་བའོ། །རིམས་ནི་མཁྲིས་ཚད་རྔུལ་ལ་གནས་པ་བ་སྤུར་ལྷག་པ་ཡིན་པས། འགྲམས་འཁྲུགས་ལྟར་གཏར་བ་མི་བཟང་བས་རྔུལ་དུ་དབྱུང་ངོ༌། །དེས་ན་སྨན་གྱི་མ་ཆོམས་ན་འགྲམས་འཁྲུགས་ལ་གཏར་བ་དང༌། རིམས་ལ་རྔུལ་འདོན་པ་བསྔགས་སོ། །གསུམ་པ་ཆུ་ལྕག་བཤད་པ་ནི། ཆུ་ལྕག་ཅེས་རྐང་པ་ལྔས་བསྟན་ནོ། །བཞི་བ་དུགས་བཤད་པ་ནི། དུགས་ཀྱིས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་གཉེན་པོ་ཟས་བཤད་པ་ལ་གཉིས། བསྟེན་བྱ་དང༌། སྤང་བྱའོ། །དང་པོ་བསྟེན་བྱ་ནི། ཟས་ཀྱིས་ཞེས་རྐང་པ་བཞིས་བསྟན་ཏེ། ཆག་ཚེ་ནི་ནས་ཐུག་སྡོར་མེད་སླ་མོའོ། །གཉིས་པ་སྤང་བྱ་ནི། ལན་ཚྭ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་བའི་སྔོ་ནི་རོ་ནུས་ཚ་བའི་སྔོ་རིགས་རྣམས་སོ། །བཞི་པ་སྤྱོད་ལམ་བཤད་པ་ནི། སྤྱོད་ལམ་ཞེས་རྐང་པ་ལྔས་བསྟན་ཏོ། །སྨན་དཔྱད་ཟས་སྤྱོད་བཞི་འདི་ལྟར་དུ་གསུངས་པ་ལ། རྟོགས་སྤྱོད་དང་ལྡན་པ་རྣམས་ན་རེ་བཤད་རྒྱུད་དུ། ཐོག་མར་སྤྱོད་ལམ་དེ་ནས་ཟས། དེ་ནས་སྨན། དེ་ནས་དཔྱད་གསུངས་པ་ལ་འདིར་ལེའུ་འགའ་རེར་མགོ་མཇུག་ལོག་པར་བསྟན་པས་འདི་གཉིས་ཕན་ཚུན་ནང་འགལ་བས་རང་བཟོའོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། བཤད་རྒྱུད་དུ་དེ་ལྟར་གསུངས་པ་ནི་སྤྱིར་བཏང་ཙམ་གྱི་འགྲོས་ཡིན་ལ། འདིར་ནི་དམིགས་བསལ་དུ་གསུངས་པ་ཡིན་ཏེ། བཤད་རྒྱུད་དུ། སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི། ཞེས་དང༌། སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། ཅེས་གསུངས་པའི་རིག་པས་སོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་གསུམ། བཅོས་ཀྱི་རྣམ་གྲངས་ངེས་པ། སོ་སོའི་ལག་ལེན། དོན་བསྡུའོ། །དང་པོ་བཅོས་ཀྱི་རྣམ་གྲངས་ངེས་པ་བཤད་པ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱས་ཚད་ཀུན་ལ་ཐོག་མར་ཐང་གིས་དབྱེ། དེ་ནས་གཏར་གྱིས་དྲངས། དེ་ནས་འམ་འགམ་ཕྱེས་གཞུག་འདོན་ནོ།།

        གཉིས་པ་སོ་སོའི་ལག་ལེན་བཤད་པ་ནི། རྙིངས་ཚད་ཅེས་རྐང་པ་བཅུ་དགུས་བསྟན་ཏེ། སྙིང་རྩ་གཏར་བ་ནི་སྣོད་ཀ་དང་རྩེ་ཆུང་ཐོང་རྩ་ལྕེ་རྩ་རྣམས་གཏར་རོ། །སྲོག་རྩའི་ཐང་དང་གཏར་བ་ནི་སྙིང་བཞིན་ནོ། །སྤྱི་གཙུག་སྤུ་འཁྱིལ་དང་རྐང་མཐིལ་གྱི་རྒྱུ་རྩའོ། །རྒྱུ་རྩའི་གཏར་ལུགས་གཡུ་ཐོག་རྙིང་མའི་རྣམ་ཐར་དུ་རྒྱས་པར་གསུངས་འདུག་པས་དེར་བལྟའོ། །ལུག་གི་གཞུག་ཆུང་ལྔའམ་བདུན་གྱི་ཁུ་བས་ག་བུར་གྱི་སྦྱོར་བ་ཕུལ་ལ་བཏང་ངོ༌། །གློ་རྩ་ནི་རྩེ་ཆུང་དྲུག་མགོ་སྒང་རྩ་གཏར་རོ། །མཆེར་རྩ་ནི་རུ་ཐུང་གཡོན་དང་རྟ་མཐུར་གཏར། བྱིན་ལོང་ནི་བྱིན་སྐྱོག་དང་ལོང་རྩའོ། །མཁྲིས་རྩ་ནི་གསེར་མདུང་དང་གཤའ་རིང་གཏར་རོ། །གསུམ་པ་དོན་བསྡུ་བཤད་པ་ནི། སྤྱི་བཅོས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་བཅོས་གོང་དུ་བཤད་པ་ལ་བྱེ་བྲག་རིགས་སྟོབས་བབས་སྒོ་གང་ཡིན་བློས་བརྟགས་ལ། དེའི་གཉེན་པོ་གང་དགོས་མདའ་མདེའུས་ཁ་བསྒྱུར་བ་ལྟར་ཁ་ཚར་གདགས་པར་བྱའོ། །བརྒྱད་པ་སོས་པའི་མཚན་མ་ཞར་བྱུང་རི་ཐང་མཚམས་འབྱུང་ཚུལ་བཤད་པ་ལ་གཉིས། གསོས་པའི་མཚན་མ་སྤྱིར་བསྟན་པ་དང༌། ཞུ་འཁྱགས་ཀྱི་འཕྲང་བསལ་བའོ། །དང་པོ་གསོས་ཚད་སྤྱིར་བསྟན་པ་ནི། དེ་ལྟར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་ཞུ་འཁྱགས་ཀྱི་འཕྲང་བཤད་པ་ནི། དེ་ལྟར་ཞེས་རྐང་པ་བཅུ་དང་འབྲུ་གསུམ་གྱིས་བསྟན་ནོ། །ཞེས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ནས་བཅུ་དྲུག་པའོ། །ཞེས་སོ།།

 

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 10:55 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།