སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།




ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ། 

དེ་མ་ཁད་དེ་ནས་སླར་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཚ་བ་རྒྱས་པའི་རྒྱུ་དང་རྐྱེན་དང་ངོ་བོ་གང་འདྲ་ཡིན་དང༌། ཚ་བ་རྒྱས་པ་ཞེས་པའི་མིང་དུ་དགོས་པ་ཅི་ལྟར་བཏགས་དང་ནད་དེའི་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་ལ་སོགས་པ་གསལ་པོར་བཤད་དུ་གསོལ་ཞེས་དེ་ལྟར་དུ་ཞུས་པའི་དོན་ལ་ལན་གསུངས་པ། དེ་ཡང་རྒྱས་ཚད་ཀྱི་རྒྱུ་ནི་གནོད་བྱེད་ཉེས་པ་བད་མཁྲིས་རླུང་གསུམ་གྱི་ནང་ནས་ཞེ་སྡང་གིས་བསྐྱེད་པས་མཁྲིས་པ་འཕེལ་ནས་རྣམ་པར་གྱུར་པའི་ནད་ཡིན་ལ། དེ་མཚན་ཉིད་བདུན་ལྡན་གྱི་ནང་ནས་ངོ་བོ་ནི་ནུས་པ་ཚ་ཞིང་རྣོ་ལ་དྲི་མ་མནམ་པ་གསུམ་རབ་མཆོག་ཏུ་འཕེལ་བའོ། །ནད་གཞིའི་མཁྲིས་པ་ངོ་བོ་ཚ་རྣོ་དྲི་མནམ་པའི་ཆ་རྣམ་པར་མ་གྱུར་པ་ཐ་མལ་དུ་གནས་པ་དེ་ལ་བྱ་དགོས་སོ། །དེ་ལ་རྒྱས་པའི་རྐྱེན་རང་བཞིན་དུ་རྒྱས་པ་དང་དུས་ཀྱིས་རྒྱས་པ་དང་རྐྱེན་གྱིས་རྒྱས་པ་གསུམ་གྱི་རང་བཞིན་རྒྱས་པ་ནི་མ་མོ་དང་མཁའ་འགྲོ་གོང་དུ་བཤད་པ་ལྟར་འཁྲུགས་པ་དང༌། དུས་སྟོན་དཔྱིད་ཅེས་པའི་ཚ་སྒོའི་ཡུལ་སྐམ་ས་ཚ་གདུང་སོགས་དང་དུས་འཛོམ་པ་དང༌། ཤ་དང་ཆང་ལ་སོགས་པའི་ཟས་སྐོམ་དྲོད་བཅུད་བསྟེན་དྲགས་པ་དང༌། སྤྱོད་ལམ་དྲག་ཤུལ་གྱི་རྐྱེན་གྱིས་འཁྲུགས་པ་ལས་ངོ་བོ་མཚན་ཉིད་ལུས་ཟུངས་སྲེག་ཅིང་འཁྲུལ་པའི་ཚ་བ་ལས་གྱུར་པས་རྣོ་བ་དང་དྲོ་བའི་མེ་དྲོད་ཐང་ཚད་ལས་ལྷག་སྟེ་དེ་ལུས་ཀྱི་ཟུངས་དང་ཁྲག་དང་དྲི་མ་རྔུལ་རྣམས་ལ་རྒྱས་པའོ། །དུས་ཀྱིས་རྒྱས་པ་ནི་ནད་སྨིན་པ་དང་ཚ་བའི་སྒང་ལ་བབས་པའོ། །རྐྱེན་གྱིས་རྒྱས་པ་ནི་མ་སྨིན་པའི་ཚ་བ་ལ་ཡུལ་སྐམ་ས་ཚ་གདུང་དང༌། དུས་སྟོན་དཔྱིད་དང་རང་བཞིན་མཁྲིས་པའི་མི་ན་སོ་དར་མ་གནས་མཁྲིས་པ་གོང་དུ་བཤད་པ་ལྟར་དང༌། ནད་ཀྱི་ཁམས་རྣམས་མཁྲིས་པར་འདོམ་པ་ལ་ཟས་སྤྱོད་ལོག་པ་ཡིན་པས་བད་རླུང་གི་གྲོགས་དང་བྲལ་བས་ནད་སྨིན་ཞིང་ཚ་བའི་རང་སྟོབས་ཀྱི་ཤུགས་རྫོགས་ཤིང་བསྡོངས་ཟླ་མེད་པ་རྐྱང་པའི་ཚ་བ་དེས་ལུས་ཀྱི་ཟུངས་མེ་ལྟ་བུས་སྲེག་པར་བྱེད་ཕྱིར་རྒྱས་ཞེས་བྱ་སྟེ། དཔེར་ན་ལུས་ཟུངས་ཤིང་སྐམ་པོ་ཚད་པ་མེའི་ཕུང་པོ་དང་འཕྲད་པ་འདྲའོ། །

དེ་ལ་དབྱེ་བ་ནི་ནད་ཀྱི་རིགས་དང་སྟོབས་དང་བབས་པའི་སྒོ་ནས་དབྱེ་བ་གསུམ་ལས་རིགས་ཀྱིས་དབྱེ་ན་རིམས་རྒྱས་པ་དང་འཁྲུགས་རྒྱས་པ་གཉིས་དང༌། སྟོབས་ཀྱིས་དབྱེ་བ་ན་སྟོབས་ཆེན་དང་སྟོབས་ཆུང་གཉིས་སོ། །བབས་པའི་སྒོ་ནས་དབྱེ་ན་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་སྤྱིར་བཤད་པ་ཤུགས་ཀྱིས་རྟོགས་ལ་བྱེ་བྲག་ཏུ་ཕྱེ་བ་སྙིང་དང་སྲོག་རྩ་དང་གློ་བ་དང་མཆིན་པ་དང་མཆེར་པ་དང་མཁལ་མ་དང་དྲུག ཕོ་བ་དང་མཁྲིས་པ་བཅས་བརྒྱད་ལ་རྒྱས་པར་བྱེད་པའོ། །

རྒྱས་པའི་རྟགས་དེ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་སུ་ཕྱེ་བ་ལས་སྤྱི་རྟགས་རྩ་ནི་སྦོམ་ལ་དྲག་པ་དང་འབུར་ལ་འདྲིལ་ཞིང་མཁྲང་ལ་གྲིམས་པ་དང་མྱུར་ལ་མགྱོགས་པར་འཕར་ཞིང་ཆུ་མདོག་དམར་སེར་ལ་དྲི་མ་མནམ་ཞིང་རླངས་པ་ཆེ་བ་དང་ལུད་པའི་མདོག་དམར་སེར་དང་དུད་ཁ་མང་དུ་ལུ་ལ་དབུགས་ཐུང་བ་དང་གཟེར་དྲག་ལ་ཁ་སྐམ་ཞིང་སོ་དྲེག་ཆགས་པ་དང༌། ལུས་བྱིངས་ལྕི་ལ་དང་ག་མི་བདེ་ཞིང་ཁ་སྐོམ་དད་ཆེ་བ་དང་སྙིང་ལ་གྲང་མོ་དང་བསིལ་པོའི་རིགས་འདོད་ཅིང་ལུས་ལ་རྔུལ་བའི་དྲི་མནམ་པ་དང༌། ཁྱད་པར་དུ་རིམས་རྒྱས་པ་ན་མགོ་ན་ལ་ཟ་ཟི་མང་བ་འབྱུང་བས། དེ་ཡང་སྟོབས་ཆེན་དང་སྟོབས་ཆུང་ནི་རྩ་ཆུ་སོགས་ནད་ཀྱི་སྟོབས་ལས་དཔག་གོ། །

བྱེ་བྲག་ཏུ་སྙིང་ལ་ཚ་བ་རྒྱས་པ་ནི་ར་རོ་བའི་མྱོས་པ་ལྟར་ལྡན་ལ་དྲན་པ་མི་གསལ་ཞིང་རང་གི་གོས་ལ་འབྲད་པ་དང་འཐོགས་པ་ལྟར་སྡང་བར་བྱེད་ཅིང༌། ལྕེ་སྐམ་ཞིང་གཞུང་ནག་ལ་གཉིད་དང་ཁ་སྐོམ་དད་ཆེ་བ་དང་ཟས་ཀྱི་དང་ག་འགགས་ལ་ནུ་མའི་སྟེང་དུ་གཟེར་འབྱུང་ངོ༌། །སྲོག་རྩར་བབས་པས་ན་ཕུས་ཡང་དུ་འདེབས་ཤིང་ཤེས་པ་འཁྲུལ་བ་དང༌། གོས་ཀྱི་རྔུལ་སེལ་ཞིང་མིག་དམར་པོ་གནམ་ལ་ལྟའོ། །གློ་བ་ལ་རྒྱས་ན་དབུགས་ཐུང་ཞིང་བྲང་རྒྱབ་གཟེར་བ་དང༌། མགོ་འཁོར་ལ་དབུགས་རྔམ་ཞིང་སྐད་འགག་ཅིང་གློ་སྙིང་བརྡུང་བ་དང༌། མཚན་མོ་གཉིད་ཉལ་ཁར་གློ་མང་ཞིང་ཁ་དང་གདོང་སྐྲངས་སོ། །མཆིན་པར་རྒྱས་པ་ན་མིག་དམར་ལ་ལུད་པ་སེར་བ་དང༌། རྩིབ་ལོགས་གཡས་ཀྱི་སྟེང་དང་མཆིན་དྲི་གཉིས་གཟེར་ཞིང་ནའོ། །མཆེར་པར་རྒྱས་ན་ཁོང་པ་སྦོ་ལ་གཡོན་གྱི་རྩིབ་ལོགས་གཟེར་ཞིང་ན་བ་དང༌། དབུགས་ཁ་རྒོད་ཅིང་ལྕེ་མདོག་སྐྱ་ལ་མཆུ་ནག་ཅིང་པུས་མོ་སྐྲངས་པ་དང༌། རྐང་ལག་རྣམས་སྦྲིད་ཅིང་རྐེད་པ་ཆག་པ་སྙམ་བྱེད་དོ། །མཁལ་མར་རྒྱས་ན་ཆུ་སྲི་ཞིང་རྐང་པ་བཤལ་ལ་མཁལ་རྐེད་གཟེར་བ་དང་ཆུ་མདོག་དམར་ཞིང་དྲོད་ཚ་ལ་རླངས་པ་ཆེ་མགོ་བོ་འཐོམ་ཞིང་རྣ་བ་འོན་ནོ། །ཕོ་བར་རྒྱས་ན་མ་ཞུ་གླང་ཐབས་ན་ཞིང་སྐྱུག་པ་འབྱུང་བ་དང་ཟས་སྤྱོད་གྲང་བ་དང་དྲོ་བ་གཉིས་ཀས་ན་ལ་རྒྱབ་ལྟག་པའི་ཕྱོགས་ལ་མིག་བལྟའོ། །མཁྲིས་པར་རྒྱས་ན་ཁ་ཁ་ལ་མིག་དང་ཆུ་གཉིས་སེར་བ་དང་ཟས་ཀྱི་དང་ག་འགགས་ལ་མཁྲིས་པ་སྐྱུག་པར་འགྱུར་རོ།།

བཅོས་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་གཉིས་སུ་ཕྱེ་བ་གཉིས་ལས། སྤྱི་ལའང་བཅོས་པའི་ཚུལ་དང་དེའི་གཉེན་པོའོ། །དེ་རྣམས་བཅོས་པའི་ཚུལ་ནི་ཚ་བ་སྟོབས་ཆེན་ལ་གཉེན་པོ་ཡང་དར་དྲག་ཅེས་སྟོབས་ཆེ་ལ་རྣོ་བས་ཐོག་བབས་སུ་བསད་དགོས་ཤིང༌། སྟོབས་ཆུང་གི་ཚ་བ་ནི་གཉེན་པོ་འཇམ་ལ་ཞི་བའི་སྒོ་ནས་བཅོས་དགོས་ཏེ། དེ་ཡང་དང་པོར་ཐང་གིས་ཚད་པའི་རླངས་པ་བསད་ལ་བར་དུ་གསོད་ཐང་དང་བསིལ་སྦྱོར་གྱི་ཕྱེ་མས་ལོ་མ་བྲབ་པ་དང༌། ཐ་མ་སྦྱོང་དང་དཔྱད་ཀྱིས་རྩ་བ་བཅད་པའི་ཚུལ་དུ་བཅོས་དགོས་པ་ལ།

གཉེན་པོ་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞིའོ། །སྨན་གྱིས་བཅོས་པ་ལ་ཞི་དང་སྦྱང་བ་གཉིས་ལས། ཞི་བྱེད་ཀྱི་སྨན་ལའང་ཐང་དང་ཕྱེ་མ་གཉིས་ཡིན་ཏེ། ཐང་དེ་ལ་ཡང་ནད་ཟུངས་དབྱེ་བའི་ཐང་དང་བསད་ཐང་གཉིས་ལས་དབྱེ་ཐང་ནི་ཏིག་ཏ་སླེ་ཏྲེས་དང་སྐྱུ་རུ་ར་དང་བ་ཤ་ཀ་རྣམས་བསྐོལ་གྲང་གིས་ནད་ཁྲག་རྣམས་འབྱེད་ཅིང༌། དེ་ལྟར་གྱི་དབྱེ་བའི་ཐང་མེད་པར་ཁྲག་ལ་གཏར་གའི་རིགས་བྱས་ན་ལུས་ཟུངས་ཀྱི་ཁྲག་རྣམས་ནད་ལ་ཤོར་ཏེ་ཉེས་པ་ཆེ་བས་དབྱེ་ཐང་གཅེས་པར་བྱ་ལ། བསད་ཐང་ལ་སླེ་ཏྲེས་དང་སྐྱུ་རུ་ར་དང་བ་ལེ་ཀ་དེ་གསུམ་པོ་འགྱུར་མེད་གཞིར་བཞག་པའི་ཚ་བ་རབ་འབྲིང་གིས་རབ་ལ་ཧོང་ལེན། འབྲིང་ལ་ཏིག་ཏ། ཐ་མར་བ་ཤ་ཀ་སྦྱར་བ་དེ་ཆུ་བསྐོལ་ནས་གྲང་པ་ཞག་མ་ལོན་པའི་གྲང་ཐང་ཁུ་བས་རྒྱས་པའི་ཚད་པ་འཇོམས་པའི་མཆོག་ཏུ་འགྱུར། ཡང་ན་རླུང་ཤས་ཆེ་ན་སླེ་ཏྲེས་དང་བྱི་ཚེར་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། མཁྲིས་པ་ཤས་ཆེ་ན་ཏིག་ཏ་དང་ཧོང་ལེན་དང་བོང་ང་དཀར་པོ་དང༌། ཁྲག་ཤས་ཆེ་ན་རྒྱ་སྐྱེགས་དང་བ་ཤ་ཀ་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང༌། བད་ཀན་ཤས་ཆེ་ན་མ་ནུ་པུཥྐར་དང༌། ཨ་བར་སྐྱུར་ཏེ་ར་གསུམ་ཨུཏྤལ་སོགས་ཀྱི་སྟེང་ག་དུར། སྦྱོར་སྡེ་བཞི་པོ་ཀུན་ལ་བསྲེས་པའི་བསྐོལ་གྲང་ཐང་དུ་བཏང་བས་གོང་མ་ནས་རིམ་བཞིན་རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་སོགས་ཀྱི་ཚ་བ་འཇོམས་པར་བྱེད་དོ། །ཕྱེ་མས་བསད་པ་ནི་ཚ་བ་སྟོབས་ཆེན་རྒྱས་པ་ལ་ག་བུར་རྒྱལ་པོ་དང་བློན་པོ་ཅུ་གང་དམག་མི་ལྟ་བུ་འཁྲུགས་ལ་ཙནྡན་དཀར་པོ་རིམས་ལ་བོང་དཀར་གང་རིགས་རེ་དང་བཅས་གསུམ་པོ་དེའི་སྟེང་གུར་ཀུམ་ཧོང་ལེན་བ་ཤ་ཀ་ཏིག་ཏ་བསྣན་པའི་བདུན་པ་དང༌། ཡང་ན་ག་བུར་ཕྱི་རྒྱུད་ཀྱི་གཙོ་བརྒྱད་ལ་བསྣན་པའི་དགུ་པ་སྦྱར་བ་དང༌། ཚ་བ་འབྲིང་ལ་གི་ཝཾ་བསིལ་ཅུ་གུར་ལི་གསུམ་ཙནྡན་དཀར་པོ་གླ་རྩི་བོང་དཀར་ཨ་རུ་བཅས་པའི་བརྒྱད་པ་འམ། ཡང་ན་ཙནྡན་དཀར་པོ་བཤད་མ་ཐག་པའི་བསིལ་གསུམ་ག་དུར་ཨུཏྤལ་ཏིག་ཏ་ཤིང་མངར་དང་བཅས་བརྒྱད་པ་དང༌། ཚ་བ་ཐ་མ་ཅུ་གང་གུར་ཀུམ་སུག་སྨེལ་བྲག་ཞུན་ཏིག་ཏ་ཨ་རུ་མཚལ་པི་ལིང་རྣམས་ཏེ་བརྒྱད་པ་དང༌། གུར་ཀུམ་ཅུ་གང་བ་ལེ་ཀ་ཨུཏྤལ་བ་རུ་ར་མཚལ་ཏིག་ཏ་སྟེ། བདུན་པ་དང་ཐང་ཆེན་ཏིག་ཏ་དུག་ཉུང་གསེར་མེ་ག་དུར་སྐྱུ་རུ་ཧོང་ལེན་བ་ཤ་ཀ་སྟེ་བདུན་པ་རྣམས་ལ་ཀ་ར་དང་སྦྱར་རོ། །སྦྱང་བ་ཚ་བ་སྨིན་པ་དང་སྣོད་དུ་ལྷུང་བ་དང༌། མཆིན་མཁྲིས་ལ་བབས་བ་དང་བཅོས་པའི་སྐྱེད་ཆུང་བ་ལ་རྩའི་ཤེད་མ་ཤོར་ཞིང་ལུས་ཟུངས་བཟང་བ་ལ་འདུག་ན་ཨ་རུ་མཆུ་སྙུང་དང་ལྕུམ་རྩ་དང་གསེར་མེ་ཏོག་ཧོང་ལེན་རྣམས་བ་ཆུར་བསྐོལ་ཏེ་གྲང་པ་བཏང་ལ། ཡར་སྐྱུགས་ན་ཕྱི་རྒྱུད་ལྟར་བསྲུང་ཞིང་ཕིགས་ནས་བསྐོལ་གྲང་སོགས་ལྕག་གིས་བསྐུལ་ཞིང་རྗེས་ལ་ཆུ་གྲོག་གོང་དུ་བཤད་པ་ལྟར་བསྐོལ་གྲང་ལ་རྩམ་པ་བཏབ་པ་དང་འབྲས་ཐུག་དང་ཞོ་ཡིས་བཅད་ཅིང་ནད་དངོས་སུ་འདོན་པར་བྱེད་པས་གསོ་དཔྱད་ཀྱི་གཙོ་བོ་ལྟ་བུའང་ཡིན་ནོ། །དཔྱད་ཀྱིས་བཅོས་པ་ནི་སྟོད་སྨད་གར་བབས་གཏར་བ་དང་རྔུལ་འདོན་པ་དང་ཆུ་དང་དུགས་དང་བཞི་ཡོད་པ་ལས་སྨན་གྱི་རིགས་ཀྱིས་མ་ཆོམས་ན་གཏར་གྱིས་དབྱུང་བར་བྱ་སྟེ། དེ་ཡང་གང་རྒྱས་པའི་རྩ་དང་དོན་སྣོད་སོགས་གང་ལ་བབས་པའི་རྩ་ལ་གཏར་དགོས་ཀྱི་དམིགས། འཕྲུལ་གྱི་ལྡེ་མིག་ཏུ། སྟོད་ཀྱི་ནད་ལ་རྩེ་ཆུང་དྲུག་འགོ་གཏར། །སྨད་ཀྱི་ནད་ལ་རྩ་བོ་ཆེ་ཉིད་དང༌། །ལོང་རྩ་བྱིན་གཞུག་སོགས་ལ་གཏར་བར་བྱ། །བར་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར། །རྒྱབ་ཀྱི་ནད་ལ་སྒང་རྩ་དྲུག་འགོ་གཏར། །མདུན་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར། །ཞེས་གསུངས་པ་ལྟར་དང་གཏར་གྱི་སྔོན་འགྲོ་དང་དངོས་གཞི་ཕྱི་རྗེས་བཅད་གསུམ་ཕྱི་རྒྱུད་གཏར་བ་སྤྱི་དང་མཐུན་ཞིང་འགྲམས་དང་འཁྲུགས་ཀྱི་ཁྲག་ངན་རྩའི་ནང་དང་དོན་ལྔ་ལ་ལྷགས་པ་ཡིན་པས་དེའི་ཕྱིར་གསོ་དཔྱད་ཀུན་གྱི་གཙོ་བོར་གཏར་བ་ཁོ་ན་ཤིས་པ་ཡིན་ནོ། །ཚ་བ་བ་སྤུར་འདྲེན་པར་བྱེད་ཅིང་རྔུལ་དུ་དབྱུང་བ་ནི་ར་དཀར་པོའི་རྭ་རྩེ་གཡས་པ་བསྲེགས་པའི་གཞོབ་དང་ལུག་ཐོང་པའི་བལ་ཚི་སྦྱར་བ་ཡིད་འཇམ་བསྲོས་ལ་ལུས་པོ་ཀུན་ལ་ཁྱབ་པར་བྱུག་ཅིང༌། དེ་སྐམ་པའི་རྗེས་ལ་ག་བུར་རྒྱལ་པོ་ཅུ་གང་བློན་པོ་ཙནྡན་དཀར་པོ་བཅས་གསུམ་དང་ལུག་ཤ་པ་སྟེ་རླིག་ཅན་གྱི་རླིག་པའི་བལ་གྱི་ཁུ་བས་ཕུལ་ཏེ་བཏང་བས་བ་སྤུར་འདོན། ཡང་ན་ཨ་རུ་ར་དང་ཛཱ་ཏི་དང་བྱི་ཚེར་གྱི་ཐང་དྲོ་ལ་འཇམ་པ་བཏང་ལ་རྔུལ་དབྱུང་ཞིང་བལ་དང་ཕྱེས་ཕྱི་བ་དང་ཡོས་དྲལ་པའི་ཐུག་པ་དྲོ་འཇམ་པ་བཏང་ཞིང་རྩམ་དུད་སོགས་ཀྱིས་རླུང་ཁ་མནན་ནོ། །རིམས་ནི་མཁྲིས་ཚད་རྔུལ་ལ་གནས་པ་བ་སྤུར་ལྷགས་པ་ཡིན་པས་གཏར་བ་མི་བཟང་བས་དེ་ལ་དཔྱད་ཀྱི་མཆོག་རྔུལ་དུ་དབྱུང་བ་ཡིན་ནོ། །ཆུ་ལྕག་ནི་སྐར་ཆུས་ཉི་མ་ཁ་དྲོས་པ་ལ་ནད་པ་སྤང་ལེབ་ཐོག་ཏུ་གཅེར་བུ་ཙོག་པུར་འདུག་སྟེ་ཆུ་ཕུལ་ཕྱེད་ཚ་བ་ཁོངས་སུ་མི་འཆོར་ཕྱིར་ཁོང་དུ་བཏང་ལ་ལུས་ཀུན་ཁ་ཆུས་བྲན་ཞིང་དེའི་རྗེས་ལ་མི་དངངས་ཙམ་པའི་ཆུ་རྒྱུན་ནད་པས་ནམ་ཚུགས་ཀྱི་ཚད་བར་བླུག་ཅིང་དེས་ཚ་བའི་རླངས་འདོན་ལ་ཚད་པའི་མགོ་གཅོག་གོ། །དུགས་ཀྱིས་བཅོས་པ་ནི་གཟེར་གང་བྱུང་སྟེང་ཆུ་རྡོ་དང་རྨོན་ལྕགས་བྱང་མ་སྟེ་བྱེར་བཞིན་པ་དང་རོ་ནུས་བསིལ་བའི་སྔོ་སྨན་སྣ་ཚོགས་པ་འམ། ཡང་ན་ཚན་རིགས་གསུམ་དང་ཀྱི་ལྕེ་དཀར་པོ་ཞོ་དང་སྦྱར་བའི་གྲང་མོས་ཡང་ཡང་དུ་གསོར་བ་སྟེ་བརྗེས་ནས་བདུགས་པས་འཕྲལ་གྱི་ཟུག་གཅོག་གོ། །ཟས་ཀྱིས་བཅོས་པ་ལ་འབྲས་དང་ནས་སྔོན་གྱི་ཆག་ཚེ་དང༌། རྒྱ་ཁུར་མ་དང་ཁུར་མང་གི་ཚོད་མ་བའི་ཞོ་དང་དར་བ་གསར་པ་དང་གངས་ཆུ་དང་བ་ཚ་མེད་པའི་ཆུ་བསིལ་བཏང་ཞིང་ཕོ་བ་ཞན་པ་ན་དེ་ཡང་བསྐོལ་ནས་གྲང་པ་ཤིས་ཤིང་ལན་ཚྭ་དང་ཤ་ཆང་སྒོག་པ་སོགས་རོ་ནུས་ཚ་བའི་སྔོ་དང་གནག་ལུག་གི་ཞོ་དང་དར་བ་དང་དྲོད་བཅུད་རྣམས་དུག་དང་འདྲ་བས་སྤང་ངོ༌། །སྤྱོད་ལམ་ནི་བསིལ་བུ་སྟེ་རླུང་ཕོགས་པ་དང་གྲིབ་མ་དང་ཆུའི་འགྲམ་དང་ནེའུ་གསིང་སྟེ་ན་ཁ་ས་གཙང་མ་དང་ཟླ་བའི་འོད་སོགས་བསིལ་བའི་གནས་ལ་འདུག་ཅིང༌། ལུས་དང་ངག་ཡིད་གསུམ་ག་ཞི་ཞིང་དལ་ལ་དེས་པར་བྱ་ཞིང༌། མེ་ཚན་མོར་བསྲོ་བ་དང་ཉི་མ་ཚན་མོ་དང་ལུད་གྱི་སྟེང་དུ་སྡོད་པ་དང་ཉིན་པར་གཉིད་ཉལ་བ་དང་འགྲོ་འདུག་བྱེད་པ་དང་ལྡང་ཉལ་བྱེད་པ་སོགས་ལུས་ངག་གི་རྩོལ་བ་བྱེད་པ་སྤང་ངོ༌། །དེ་ཡང་སྨན་དཔྱད་ཟས་སྤྱོད་བཞི་འདི་ལྟར་དུ་གསུངས་པ་ལ་འགའ་རེ་བཤད་རྒྱུད་དུ་ཐོག་མར་སྤྱོད་ལམ། དེ་ནས་ཟས་སྨན་དཔྱད་རིམ་པར་གསུངས་པ་ལས་འདིར་ལེའུ་འགའ་རེར་གོ་རིམས་ལོག་པ་འགལ་བའི་དོགས་པ་ཤར་ན་བཤད་རྒྱུད་སྤྱིར་བཏང་དང་འདིར་དམིགས་བསལ་ཡིན་ཏེ། སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི། །སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། །སོགས་གསུངས་པས་སོ། །

དེ་ནས་རྒྱས་ཚད་བྱེ་བྲག་ཏུ་བཅོས་པ་ལ་ཐོག་མར་ཐང་གིས་དབྱེ། བར་དུ་སྟོད་སྨད་གང་ཉེར་གཏར་གས་དྲངས། ཐ་མར་འགམ་ཕྱེ་ཞེས་སྨན་གྱིས་བསད་པ་དང་གསུམ་དུ་ཤེས་པར་བྱ་དགོས་ཏེ། རྙིང་ཚད་ལ་སྐྱུ་རུ་བ་ཤ་ཀ་ཙནྡན་དཀར་པོ་གུར་ཀུམ་སོགས་སྦྱར་བའི་ཐང་བཏང་ལ་དེ་རྗེས་སྙིང་རྩ་གཏར་ཞེས་པ་རྩེ་ཆུང་ཐོང་རྩ་ལྕེ་རྩ་གཏར་བར་བཤད་ཀྱང་སྣོད་ཀ་གཏར་བས་འཐུས་པ་དང༌། ག་བུར་ཅུ་གང་གུར་ཀུམ་ཨུཏྤལ་ཏིག་ཏ་ཧོང་ལེན་ཨ་ག་རུ་སྟེ་བདུན་པ་དང༌། ཡང་ན་ཙནྡན་དཀར་དམར་གཉིས་ཨ་ག་རུ་ཅུ་གང་ཏིག་ཏ་ཨུཏྤལ་གླ་རྩི་པུ་ཤེལ་ཙེ་རྣམས་ཏེ་དགུ་པ་དང༌། ཡང་ན་ཙནྡན་དཀར་པོ་དང་ཏིག་ཏ་བ་ལེ་ཀ་བོང་དཀར་ཀ་ཀོ་ལ་ཨ་རུ་ནཱ་ག་གེ་སར་རུ་རྟ་སྟེ་བརྒྱད་པ་རྣམས་ལ་ཀ་ར་སྦྱར་རོ། །སྲོག་རྩར་ཤོར་ན་ཐང་དང་གོང་ལྟར་སྣོད་ཀ་གཏར་བ་སོགས་སྙིང་བཞིན་བཅོས་པ་དང༌། ཕྱེ་མ་ཨ་གར་ནག་པོ་དང་ཙནྡན་དཀར་དམར་ཛཱ་ཏི་ལི་ཤི་སྙིང་ཞོ་ཤ་གུར་ཀུམ་ནཱ་ག་གེ་སར་རུ་རྟ་ཀ་ར་བཅས་དགུ་སྦྱོར་བྱ་ཞིང་སྤྱི་བོའི་གཙུག་སྤུ་འཁྱིལ་དང་རྐང་མཐིལ་གྱི་རྒྱུ་རྩ་གཉིས་གཏར་ལ་བསྲེག་ཅིང་ལུག་གི་གཞུག་གུ་ཆུང་ལྔའམ་བདུན་གང་རིགས་ཀྱི་བསྡུས་ཁུར་ག་བུར་རྒྱལ་བློན་གོང་བཤད་ལྟར་སྦྱོར་བ་བྱས་པས་ཟུག་བྲི་ཞིང་སེམས་དྲན་པ་གསལ་ན་ཐུབ་པའི་རྟགས་སོ། །གློ་འཁྲུགས་པ་ལ་བ་ལེ་སྲོ་ལོ་བ་ཤ་ཙནྡན་དཀར་པོ་རྒྱ་གར་ཏིག་ཏ་བཅས་པའི་ཐང་བཏང་ཞིང་གློ་རྩ་དྲུག་འགོ་གཏར་ལ། ཤིང་མངར་དང་ཅུ་གང་གུར་ཀུམ་ཛཱ་ཏི་ཀ་ཀོ་ལ་རྒུན་འབྲུམ་ཏིག་ཏ་ཨུཏྤལ་རྣམས་ཏེ་བརྒྱད་དང༌། ཅུ་གང་དང་གུར་ཀུམ་ཛཱ་ཏི་ལི་ཤི་སུག་སྨེལ་བོང་དཀར་ཏིག་ཏ་རྣམས་ཏེ་བདུན་པ་དང༌། ཨ་རུ་གེ་སར་བསྣན་པས་དགུ་པར་ཀ་ར་སྦྱར་བ་གང་འོས་བསྟེན་ནོ། །མཆིན་ཚད་ལ་བ་ཤ་དང་བ་ལེ་ཀ་གུར་ཀུམ་རྒྱ་གར་ཏིག་ཏ་བཅས་པའི་ཐང་བཏང༌། རུ་ཐུང་གཡས་གཏར་ཞིང་ཕྱེ་མ་གུར་ཀུམ་དང་ཅུ་གང་སུག་སྨེལ་ཀ་ཀོ་ལ་བ་ལེ་ཀ་གསེར་མེ་ཏིག་ཏ་སོགས་བདུན་དང༌། དེ་སྟེང་ཧོང་ལེན་དུག་ཉུང་བསྣན་པའི་དགུ་པ་ཀ་ར་དང་སྦྱར་བ་གང་འོས་བསྟེན་ནོ། །མཆེར་པའི་ཚ་བ་ལ་གསེར་གྱི་མེ་ཏོག་དང་ཙནྡན་དཀར་པོ་ལི་ཤི་བཅས་པའི་ཐང་བཏང་ལ་མཆེར་རྩ་རྟ་མཐུར་སྲིན་ལག་རྒྱབ་རྩ་གཏར་ཞིང་སུག་སྨེལ་དང་ཀ་ཀོ་ལ་ལི་ཤི་གུར་ཀུམ་ཏིག་ཏ་སླེ་ཏྲེས་གསེར་གྱི་མེ་ཏོག་བདུན་པ་ཀ་ར་སྦྱར་བ་དང༌། མཁལ་ཚད་ལ་གུར་ཀུམ་བྲག་ཞུན་སུག་སྨེལ་སོགས་ཀྱི་ཐང་བཏང་ལ་བྱིན་གཞུག་དང་ལོང་རྩ་གཏར་ཞིང༌། ཤུག་ཚེར་དང་སྡིག་སྲིན་སུག་སྨེལ་ཉི་དགའ་སྟེ་ལྕམ་པ་ཨ་རུ་ཏིག་ཏ་གུར་ཀུམ་བཅས་བདུན་པ་དང༌། ཙནྡན་དཀར་པོ་གླ་རྩི་གུར་ཀུམ་ཏིག་ཏ་བྲག་ཞུན་བོང་དཀར་སུག་སྨེལ་ཨ་རུ་མཁལ་མ་ཞོ་ཤ་བཅས་དགུ་པ་ཀ་ར་དང་སྦྱར་བ་གང་འོས་བཏང་ངོ༌། །ཕོ་བའི་ཚ་བ་ལ་བྱི་ཚེར་ཏིག་ཏ་སྐྱུ་རུ་པུཥྐར་མཱུ་ལ་བཅས་པའི་ཐང་བཏང་ལ། སྣོད་ཀ་གཏར་ཞིང་བྲག་ཞུན་ཨ་རུ་སུག་སྨེལ་གུར་ཀུམ་གླ་སྒང་དུག་ཉུང་དོམ་མཁྲིས་བཅས་བདུན་པ་ཀ་ར་དང་སྦྱར་རོ། །མཁྲིས་ཚད་ལ་ཏིག་ཏ་དང་གསེར་གྱི་མེ་ཏོག་བ་ཤ་ཀ་བཅས་པའི་ཐང་བཏང་ལ་མཁྲིས་རྩ་གསེར་མདུང་དང་གཤའ་རིངས་གཏར་ཞིང་ཕྱེ་མ་ལ་གསེར་གྱི་མེ་ཏོག་དང༌། ཏིག་ཏ་དུག་ཉུང་གུར་གུམ་སྐྱེར་པ་དོམ་མཁྲིས་བ་ཤ་ཀ་དང་བཅས་བདུན་པ་ཀ་ར་དང་སྦྱར་ཞིང་སྤྱི་བཅོས་གོང་ལ་བློས་བརྟགས་ནས་གང་ལ་གང་འཚམ་མདེ་ཁར་གདགས་སོ། །དེ་ལྟར་དུ་བཅོས་པས་ནད་པ་སོས་པའི་མཚན་མ་ནི་འདི་ལྟར་དུ་འབྱུང་སྟེ། སྔོན་ལ་རྩ་བྱིང་བ་ཡོད་ན་ཁར་ཐོན་པ་དང་ཕྲ་བ་ཡོད་ན་སྦོམ་དུ་སོང་བ་དང༌། དྲག་པ་ཡོད་ན་དལ་དུ་སོང་ལ་གྲིམས་པ་ཡིན་ན་ལྷོད་པ་དང་སྟོངས་པ་ཡིན་ན་མཁྲང་ལ་སྤུན་པ་ཡིན་ན་རིང་དུ་སོང་བ་དང་ཆུ་མདོག་དཀར་སེར་དྭངས་ལ་དྲི་ཆུང་ཞིང་ཀུ་ཡ་སྲབ་པ་དང་ནད་ཀྱི་ཟུག་ཆོགས་ཤིང་སྙིང་གི་རྩ་སེང་བ་སྟེ་ཁམས་དངས་པ་ལ་ཟས་ལ་རོ་རྙེད་པ་དང༌། དབུགས་བདེ་ཞིང་ཉིན་པར་གཉིད་ཆུང་ལ་ནུབ་གཉིད་ཆེ་བ་དང་གང་བྱེད་པའི་བྱ་བའི་ལས་ལ་ལུས་དང་སེམས་འཇུག་པར་འདོད་དོ། །དེ་ལྟར་དུ་བཅོས་པའི་རྗེས་ཀྱི་ཞུ་འཁྱགས་སམ་ས་མཚམས་ནི་དབྱར་གྱི་ཐ་མར་དགུན་ཀ་འབྱུང་བ་བཞིན་དུ་ཚ་བ་རྒྱས་པའི་རྗེས་ལ་སྟོངས་པར་འགྱུར་བས་དེ་ཕྱིར་ཚ་བ་ཟད་ངེས་པའི་རི་ཐང་མཚམས་ཀྱི་གསོ་ཐབས་བསྟན་པ་ནི་མི་རིགས་དང་གནས་དང་ནད་ཀྱི་ཁམས་དང་རྐྱེན་གྱི་དབང་གིས་རླུང་དང་མཁྲིས་པ་དང་བད་ཀན་གྱི་ཞུ་འཁྱགས་རྣམ་པ་གསུམ་པོ་རླུང་གི་ཞུ་འཁྱགས་ཐོར་བུའི་རླུང་ལ་ཟས་ཀྱི་ཁ་གླན་ལ་སྔུན་ནས་བསུ་བ་དང༌། མཁྲིས་པའི་ཞུ་འཁྱགས་ཚ་བ་ཟད་པའི་དུས་ལས་མི་ཕྱི་བར་འཕྲང་ལ་བསྒུག་པ་དང༌། བད་ཀན་ཞུ་འཁྱགས་ཚ་བ་ཟད་ངེས་པའི་ཕྱི་རྗེས་བཅད་པ་གསུམ་ཡོད་པ་དེ་ཡང་བཤད་གྲུབ་པའི་རི་ཐང་མཚམས་ཀྱི་ལེའུར་ཤེས་པར་བྱ་བ་གལ་ཆེའོ། །ཚ་བའི་རྗེས་མ་ལོག་ན་ཟས་དང་སྤྱོད་ལམ་གྱིས་ནད་མཇུག་མཐའ་རུ་གདོན་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:00 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།