སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།



ལེའུ་བཅུ་དྲུག་པ། རྒྱས་པའི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་རྒྱས་པའི་རྒྱུ་རྐྱེན་ངོ་བོ་གང༌། །ཚ་བ་རྒྱས་པའི་མིང་དུ་ཅི་ལྟར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་ལྟར་ཞུས་པའི་དོན་ལ་ལན་གསུངས་པ།།

རྒྱས་ཚད་རྒྱུ་ནི་གནོད་བྱེད་མཁྲིས་པ་སྟེ། །ངོ་བོ་ཚ་ཞིང་རྣོ་ལ་དྲི་མ་མནམ། །དེ་ལ་རྒྱས་རྐྱེན་རང་བཞིན་རྒྱས་པ་དང༌། །དུས་ཀྱིས་རྒྱས་དང་རྐྱེན་གྱིས་རྒྱས་པ་འོ། །རང་བཞིན་མ་མོ་མཁའ་འགྲོ་འཁྲུགས་པ་དང༌། །སྟོན་དཔྱིད་ཚ་སྒོའི་ཡུལ་དུས་འཛོམ་པ་དང༌། །ཤ་ཆང་ལ་སོགས་ཟས་སྐོམ་དྲོད་བཅུད་དྲགས། །སྤྱོད་ལམ་དྲག་ཤུལ་རྐྱེན་གྱིས་འཁྲུགས་པ་ལས། །ཚ་བ་རྣོ་དྲོའི་མེ་དྲོད་ཐང་ལ་ལྷགས། །ལུས་ཟུངས་ཁྲག་དང་དྲི་མ་རྔུལ་ལ་རྒྱས། །དུས་ནི་སྨིན་དང་ཚ་བའི་སྒང་ལ་བབས། །རྐྱེན་ནི་མ་སྨིན་ཚ་བ་ཡུལ་དུས་དང༌། །རང་བཞིན་ན་སོ་གནས་དང་ནད་ཁམས་རྣམས། །མཁྲིས་པར་འདོམ་ལ་ཟས་སྤྱོད་ལོག་པ་ཡིན།།

ནད་སྨིན་ཤུགས་རྫོགས་རྐྱང་པའི་ཚ་བ་དེས། །ལུས་ཟུངས་སྲེག་པར་བྱེད་ཕྱིར་རྒྱས་ཞེས་བྱ། །དཔེར་ན་ཤིང་སྐམ་མེ་ཡི་ཕུང་པོ་འདྲ།།

དབྱེ་བ་རིགས་དང་སྟོབས་དང་བབས་སྒོས་དབྱེ། །རིགས་ཀྱིས་དབྱེ་ན་རིམས་རྒྱས་འཁྲུགས་རྒྱས་གཉིས། །སྟོབས་ཀྱིས་དབྱེ་ན་སྟོབས་ཆེན་སྟོབས་ཆུང་གཉིས། །བབས་སྒོས་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །བྱེ་བྲག་སྙིང་སྲོག་གློ་མཆིན་མཆེར་མཁལ་དྲུག །ཕོ་བ་མཁྲིས་པ་བརྒྱད་ལ་རྒྱས་པའོ།།

རྒྱས་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྩ་ནི་སྦོམ་ལ་དྲག་པ་དང༌། །འབུར་འདྲིལ་མཁྲང་གྲིམས་མྱུར་ལ་མགྱོགས་པར་འཕར། །ཆུ་མདོག་དམར་སེར་དྲི་མནམ་རླངས་པ་ཆེ། །ལུད་པ་དམར་སེར་དུད་ཁ་མང་དུ་ལུ། །དབུགས་ཐུང་གཟེར་དྲག་ཁ་སྐམ་སོ་དྲེག་ཆགས། །ལུས་ལྕི་དང་ག་མི་བདེ་སྐོམ་དད་ཆེ། །སྙིང་ལ་བསིལ་འདོད་ལུས་ལ་རྔུལ་དྲི་མནམ། །ཁྱད་པར་རིམས་རྒྱས་མགོ་ན་ཟ་ཟི་མང༌། །སྟོབས་ཆེན་སྟོབས་ཆུང་ནད་ཀྱི་སྟོབས་ལས་དཔག །བྱེ་བྲག་སྙིང་ལ་ཚ་བ་རྒྱས་པ་ནི། །མྱོས་ལྡན་དྲན་པ་མི་གསལ་གོས་ལ་སྡང༌། །ལྕེ་སྐམ་གཞུང་ནག་གཉིད་དང་སྐོམ་དད་ཆེ། །དང་ག་འགག་ལ་ནུ་མའི་སྟེང་དུ་གཟེར། །སྲོག་རྩར་བབས་པས་ཕུས་འདེབས་ཤེས་པ་འཁྲུལ། །གོས་ཀྱི་རྔུལ་སེལ་མིག་དམར་གནམ་ལ་བལྟ། །གློ་ལ་རྒྱས་ན་དབུགས་ཐུང་བྲང་རྒྱབ་གཟེར། །མགོ་འཁོར་དབུགས་རྔམ་སྐད་འགག་གློ་སྙིང་རྡུང༌།  མཚན་མོ་ཉལ་ཁར་གློ་མང་ཁ་གདོང་སྐྲངས། །མཆིན་པར་རྒྱས་ན་མིག་དམར་ལུད་པ་སེར། །རྩིབ་ལོགས་གཡས་ཀྱི་སྟེང་དང་མཆིན་དྲི་གཟེར། །མཆེར་རྒྱས་ཁོང་སྦོ་གཡོན་གྱི་རྩིབ་ལོགས་གཟེར། །དབུགས་རྒོད་ལྕེ་སྐྱ་མཆུ་ནག་པུས་མོ་སྐྲངས། །རྐང་ལག་སྦྲིད་ཅིང་རྐེད་པ་ཆག་སྙམ་བྱེད། །མཁལ་རྒྱས་ཆུ་སྲི་རྐང་བཤལ་མཁལ་རྐེད་གཟེར། །ཆུ་དམར་ཚ་རླངས་མགོ་འཐོམ་རྣ་བ་འོན། །ཕོ་བར་རྒྱས་ན་གླང་ཐབས་ན་ཞིང་སྐྱུག །གྲང་དྲོ་གཉིས་ཀ་ན་ལ་ལྟག་མིག་བལྟ། །མཁྲིས་པར་རྒྱས་ན་ཁ་ཁ་མིག་ཆུ་སེར། །དང་ག་འགག་ལ་མཁྲིས་པ་སྐྱུག་པར་འགྱུར།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོའོ། །བཅོས་ཚུལ་སྟོབས་ཆེན་དར་དྲག་ཐོག་བབས་བསད། །སྟོབས་ཆུང་ཚ་བ་འཇམ་ལ་ཞི་བས་བཅོས། །དང་པོར་རླངས་བསད་བར་དུ་ལོ་མ་བྲབ། །ཐ་མ་རྩ་བ་བཅད་པའི་ཚུལ་དུ་བཅོས། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །སྨན་གྱིས་བཅོས་པ་ཞི་དང་སྦྱོང་བ་གཉིས། །ཞི་བྱེད་སྨན་ལ་ཐང་དང་ཕྱེ་མ་སྟེ། །ཐང་ལ་དབྱེ་བའི་ཐང་དང་བསད་ཐང་གཉིས། །དབྱེ་ཐང་ཏིག་ཏ་སླེ་ཏྲེས་སྐྱུ་རུ་ར། །བ་ཤ་ཀ་ཡི་བསྐོལ་གྲང་ནད་ཁྲག་འབྱེད། །དེ་ལྟར་དབྱེ་ཐང་མེད་པར་ཁྲག་གཏར་བས། །ཟུངས་ཁྲག་ནད་ལ་ཤོར་ཏེ་ཉེས་པ་ཆེ། །བསད་ཐང་སླེ་ཏྲེས་སྐྱུ་རུ་བ་ལེ་ཀ །དེ་གསུམ་གཞིར་བཞག་ཚ་བ་རབ་འབྲིང་གིས། །ཧོང་ལེན་ཏིག་ཏ་བ་ཤ་ཀ་སྦྱར་བ། །བསྐོལ་གྲང་ཁུ་བ་རྒྱས་ཚད་འཇོམས་པའི་མཆོག །ཡང་ན་སླེ་ཏྲེས་བྱི་ཚེར་འབྲས་བུ་གསུམ། །ཏིག་ཏ་ཧོང་ལེན་བོང་ང་དཀར་པོ་དང༌། །རྒྱ་སྐྱེགས་བ་ཤ་ཀ་དང་འབྲས་བུ་གསུམ། །མ་ནུ་པུཥྐར་ར་གསུམ་ཨུཏྤལ་ལ། །ག་དུར་ཀུན་ལ་བསྲེས་པའི་བསྐོལ་གྲང་ཐང༌། །རླུང་མཁྲིས་ཁྲག་དང་བད་ཀན་ཚ་བ་འཇོམས། །ཕྱེ་མས་བསད་པ་ཚ་བ་སྟོབས་རྒྱས་ལ། །ག་བུར་རྒྱལ་བློན་གསུམ་(གུར་ཀུམ་ཧོང་ལེན་བ་ཤ་ཀ་ཏིག་ཏ་བསྣན་པའི་)བདུན་(ག་བུར་གཙོ་བརྒྱད་ལ་བསྣན་པའི་)དགུ་པ་སྦྱར།།ཚ་བ་འབྲིང་ལ་གི་ཝཾ་(བསིལ་གསུམ་ཙན་དན་གླ་རྩི་བོང་དཀར་ཨ་རུ་ཀ་ར་)ཙན་དན་(བསིལ་གསུམ་ག་དུར་ཨུཏྤལ་ཏིག་ཏ་ཤིང་མངར་ཀ་ར་)བརྒྱད། །ཚ་བ་ཐ་མ་ཅུ་གང་(གུར་ཀུམ་སུག་སྨེལ་བྲག་ཞུན་ཏིག་ཏ་ཨ་རུ་མཚལ་པི་ལིང་ཀ་ར་)བརྒྱད་པ་དང༌། །གུར་ཀུམ་(ཅུ་གང་བ་ལེ་ཀ་ཨུཏྤལ་བ་རུ་ར་མཚལ་ཏིག་ཏ་)བདུན་དང་ཐང་ཆེན་(ཏིག་ཏ་དུག་ཉུང་གསེར་མེ་ག་དུར་སྐྱུ་རུ་ཧོང་ལེན་བ་ཤ་ཀ་ཀ་ར་)བདུན་པ་སྦྱར། །སྦྱང་བ་ཚ་བ་སྨིན་དང་སྣོད་དུ་ལྷུང༌། །མཆིན་མཁྲིས་ལ་བབས་བཅོས་སྐྱེད་ཆུང་བ་དང༌། །རྩ་ཤེད་མ་ཤོར་ལུས་ཟུངས་བཟང་བ་ལ། །ཨ་རུ་མཆུ་སྙུང་ལྕུམ་རྩ་གསེར་མེ་ཏོག །ཧོང་ལེན་བ་ཆུར་བསྐོལ་ཏེ་གྲང་པ་བཏང་། །སྐྱུག་ན་བསྲུང་ཞིང་ཕིགས་ནས་ལྕག་གིས་བསྐུལ། །རྗེས་ལ་ཆུ་གྲོག་འབྲས་དང་ཞོ་ཡིས་བཅད། །ནད་དངོས་གདོན་བྱེད་གསོ་དཔྱད་གཙོ་བོ་ཡིན། །དཔྱད་ཀྱིས་བཅོས་པ་གཏར་རྔུལ་ཆུ་དུགས་བཞི། །སྨན་གྱིས་མ་ཆོམས་གཏར་གྱིས་དབྱུང་བ་སྟེ། །གང་རྒྱས་རྩ་དང་གང་བབས་རྩ་ལ་གཏར། །སྔོན་འགྲོ་དངོས་གཞི་ཕྱི་རྗེས་སྤྱི་དང་མཐུན། །འགྲམས་འཁྲུགས་ཁྲག་ངན་རྩ་དང་དོན་ལ་ལྷག །དེ་ཕྱིར་གསོ་དཔྱད་གཙོ་བོ་གཏར་བ་ཡིན། །ཚ་བ་བ་སྤུར་འདྲེན་བྱེད་རྔུལ་དུ་དབྱུང༌། །ར་དཀར་རྭ་རྩེ་གཡས་གཞོབ་བལ་ཚི་སྦྱར། །འཇམ་བསྲོས་ལུས་པོ་ཀུན་ལ་ཁྱབ་པར་བྱུག །དེ་སྐམས་རྗེས་ལ་ག་བུར་རྒྱལ་བློན་གསུམ། །ཤ་བལ་ཁུ་བས་འཕུལ་བཏང་བ་སྤུར་འདོན། །ཡང་ན་ཨ་རུ་ཛཱ་ཏི་བྱི་ཚེར་ཐང༌། །དྲོ་འཇམ་བཏང་ལ་རྔུལ་དབྱུང་བལ་ཕྱེས་ཕྱི། །དྲལ་ཐུག་དྲོ་འཇམ་བཏང་ཞིང་རླུང་ཁ་མནན། །རིམས་ནི་མཁྲིས་ཚད་རྔུལ་གནས་བ་སྤུར་ལྷག །གཏར་བ་མི་བཟང་དཔྱད་མཆོག་རྔུལ་དུ་དབྱུང་། །ཆུ་ལྕག་སྐར་ཆུས་ཉི་མ་ཁ་དྲོས་ལ། །སྤང་ལེབ་ཐོག་ཏུ་གཅེར་བུ་ཙོག་པུར་འདུག །ཕུལ་ཕྱེད་ཁོང་བཏང་ལུས་ཀུན་ཁ་ཆུས་བྲན། །མི་དངངས་བ་ཡི་ཆུ་རྒྱུན་ཚུགས་ཚད་བླུག །དེ་ཡིས་ཚ་བའི་རླངས་འདོན་ཚད་མགོ་གཅོག །དུགས་ཀྱིས་བཅོས་པ་གཟེར་སྟེང་ཆུ་རྡོ་དང་། །རྨོན་ལྕགས་བྱང་མ་བསིལ་བའི་སྔོ་སྣ་འམ། །མཚན་དང་ཀྱི་ལྕེ་ཞོ་སྦྱར་གྲང་མོ་ཡིས། །ཡང་ཡང་གསོར་ཏེ་བདུགས་པས་འཕྲལ་ཟུག་གཅོག །ཟས་ཀྱིས་བཅོས་པ་འབྲས་དང་ཆག་ཚེ་དང༌། །རྒྱ་ཁུར་ཁུར་ཚོད་བ་ཡི་ཞོ་དར་གསར། །གངས་ཆུ་བ་ཚྭ་མེད་པའི་ཆུ་བསིལ་བཏང༌། །ཕོ་བ་ཞན་ན་དེ་ཡང་བསྐོལ་གྲང་ཤིས། །ལན་ཚྭ་ཤ་ཆང་སྒོག་པ་ཚ་བའི་སྔོ། །གནག་ལུག་ཞོ་དར་དྲོད་བཅུད་དུག་འདྲ་སྤང༌། །སྤྱོད་ལམ་བསེར་བུ་གྲིབ་མ་ཆུ་ཡི་འགྲམ། །ནིའུ་གསིང་ས་གཙང་ཟླ་འོད་བསིལ་གནས་འདུག །ལུས་ངག་ཡིད་གསུམ་ཞི་དལ་དེས་པར་བྱ། །མེ་ཚན་ཉི་ཚན་ལུད་སྟེང་ཉིན་གཉིད་དང༌། །འགྲོ་འདུག་ལྡང་ཉལ་ལུས་ངག་རྩོལ་བ་སྤང༌། །དེ་ནས་རྒྱས་ཚད་བྱེ་བྲག་བཅོས་པ་ལ། །ཐང་གཏར་འགམ་ཕྱེ་གསུམ་དུ་ཤེས་པར་བྱ། །རྙིངས་ཚད་སྐྱུ་རུའི་(བ་ཤ་ཀ་ཙན་དན་གུར་ཀུམ་སྦྱར་བ་)ཐང་བཏང་སྙིང་རྩ་གཏར། །ག་བུར་(ཅུ་གང་གུར་ཀུམ་ཨུཏྤལ་ཏིག་ཏ་ཧོང་ལེན་ཨ་ག་རུ་ཀ་ར་)བདུན་དགུ་(ཙན་དན་གཉིས་ཨ་ག་རུ་ཅུ་གང་ཏིག་ཏ་ཨུཏྤལ་གླ་རྩི་པུ་ཤེལ་རྩེ་ཀ་ར་)ཙན་དན་(ཏིག་ཏ་བ་ལེ་ཀ་བོང་དཀར་ཀ་ཀོ་ལ་ཨ་རུ་ནཱ་ག་གེ་སར་རུ་རྟ་ཀ་ར་སྟེ་) བརྒྱད་པ་སྦྱར། །སྲོག་རྩར་ཤོར་ན་ཐང་གཏར་སྙིང་བཞིན་བཅོས། །ཕྱེ་མ་ཨ་གར་ནག་པོ་(ཙན་དན་དཀར་དམར་ཛཱ་ཏི་ལི་ཤི་སྙིང་ཞོ་ཤ་གུར་ཀུམ་ནཱ་ག་གེ་སར་རུ་རྟ་ཀ་ར་)དགུ་སྦྱོར་བྱ། །སྤྱི་བོའི་གཙུག་དང་རྐང་མཐིལ་གཏར་ལ་བསྲེག  །གཞུག་ཆུང་ལྔ་བདུན་ག་བུར་སྦྱོར་བ་བྱ། །ཟུག་བྲི་དྲན་པ་གསལ་ན་ཐུབ་པའི་རྟགས། །གློ་འཁྲུགས་བ་ལེ་(སྲོ་ལོ་བ་ཤ་ཙན་དན་ཏིག་ཏའི་)ཐང་བཏང་གློ་རྩ་གཏར། །ཤིང་མངར་(ཅུ་གང་གུར་ཀུམ་ཛཱ་ཏི་ཀ་ཀོ་ལ་རྒུན་འབྲུམ་ཏིག་ཏ་ཨུཏྤལ་)བརྒྱད་དང་ཅུ་གང་(གུར་ཀུམ་ཛཱ་ཏི་ལི་ཤི་སུག་སྨེལ་བོང་དཀར་ཏིག་ཏ་ཀ་ར་) བདུན་(ཨ་རུ་གེ་སར་)དགུར་སྦྱར། །མཆིན་ཚད་བ་ཤ་(བ་ལེ་ཀ་གུར་ཀུམ་ཏིག་ཏའི་)ཐང་བཏང་རུ་ཐུང་གཏར། །ཕྱེ་མ་གུར་ཀུམ་(ཅུ་གང་སུག་སྨེལ་ཀ་ཀོ་ལ་བ་ལེ་ཀ་གསེར་མེ་ཏིག་ཏ་ཀ་ར་)བདུན་དང་(ཧོང་ལེན་དུག་ཉུང་དང་)དགུ་པ་སྦྱར། །མཆེར་པའི་ཚ་བ་གསེར་གྱི་མེ་ཏོག་(ཙན་དན་ལི་ཤིའི་)ཐང༌། །མཆེར་རྩ་གཏར་ཞིང་སུག་སྨེལ་(ཀ་ཀོ་ལ་ལི་ཤི་གུར་ཀུམ་ཏིག་ཏ་སླེ་ཏྲེས་གསེར་མེ་ཀ་ར་)བདུན་པ་སྦྱར། །མཁལ་ཚད་གུར་ཀུམ་(བྲག་ཞུན་སུག་སྨེལ་གྱི་)ཐང་བཏང་བྱིན་ལོང་གཏར། །ཤུག་ཚེར་(སྡིག་སྲིན་སུག་སྨེལ་ཉི་དགའ་ཨ་རུ་ཏིག་ཏ་གུར་ཀུམ་ཀ་ར་)བདུན་པ་ཙན་དན་(གླ་རྩི་གུར་ཀུམ་ཏིག་ཏ་བྲག་ཞུན་བོང་དཀར་སུག་སྨེལ་ཨ་རུ་མཁལ་མ་ཞོ་ཤ་ཀ་ར་)དགུ་པ་སྦྱར། །ཕོ་བའི་ཚ་བ་བྱི་ཚེར་(ཏིག་ཏ་སྐྱུ་རུ་མ་ནུའི་)ཐང་བཏང་ལ། །སྣོད་ཀ་གཏར་ཞིང་བྲག་ཞུན་(ཨ་རུ་སུག་སྨེལ་གུར་ཀུམ་གླ་སྒང་དུག་ཉུང་དོམ་མཁྲིས་ཀ་ར་)བདུན་པསྦྱར། །མཁྲིས་ཚད་ཏིག་ཏ་(གསེར་མེ་བ་ཤ་ཀའི་)ཐང་བཏང་མཁྲིས་རྩ་གཏར། །ཕྱེ་མ་གསེར་གྱི་མེ་ཏོག་(ཏིག་ཏ་དུག་ཉུང་གུར་ཀུམ་སྐྱེར་པ་དོམ་མཁྲིས་བ་ཤ་ཀ་ཀ་ར་)བདུན་པ་སྦྱར། །སྤྱི་བཅོས་གོང་ལ་བློས་བརྟགས་མདེ་ཁར་གདགས། །དེ་ལྟར་བཅོས་པས་སོས་པའི་མཚན་མ་ནི། །རྩ་བྱིང་ཁར་ཐོན་ཕྲ་བ་སྦོམ་དུ་སོང༌། །དྲག་པ་དལ་ལ་གྲིམས་པ་ལྷོད་པ་དང༌། །སྟོངས་པ་མཁྲང་ལ་སྤུན་པ་རིང་དུ་སོང། །ཆུ་མདོག་དྭངས་ལ་དྲི་ཆུང་ཀུ་ཡ་སྲབ། །ཟུག་ཆོགས་སྙིང་རྩ་སེང་ལ་ཟས་རོ་རྙེད། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་གཉིད་ཆེ། །བྱ་བའི་ལས་ལ་ལུས་སེམས་འཇུག་པར་འདོད། །དེ་ལྟར་བཅོས་རྗེས་ཞུ་འཁྱགས་ས་མཚམས་ནི། །དབྱར་མཐའ་དགུན་བཞིན་རྒྱས་རྗེས་སྟོངས་པར་འགྱུར། །དེ་ཕྱིར་རི་ཐང་མཚམས་ཀྱི་གསོ་ཐབས་བསྟན། །མི་རིགས་གནས་དང་ནད་ཁམས་རྐྱེན་དབང་གིས། །རླུང་མཁྲིས་བད་ཀན་ཞུ་འཁྱགས་རྣམ་པ་གསུམ། །རླུང་གི་ཞུ་འཁྱགས་སྔུན་ནས་བསུ་བ་དང༌། །མཁྲིས་པའི་ཞུ་འཁྱགས་འཕྲང་ལ་བསྒུག་པ་དང༌། །བད་ཀན་ཞུ་འཁྱགས་ཕྱི་རྗེས་བཅད་པ་གསུམ། །རི་ཐང་མཚམས་ཀྱི་ལེའུར་ཤེས་པར་བྱ། །ཚ་རྗེས་མ་ལོག་ཟས་སྤྱོད་མཐའ་རུ་གདོན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།