སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ།

བཅུ་བདུན་པ་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ་ལ་གསུམ། ཉོན་ཅིག་པར་གམདས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོང་བྱེད་ཀྱི་ལས་ལྔ་པོ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱོངས་ཀྱི་སོགས་རྐང་པ་གཉིས་ཏེ། སྦྱོངས་ཐམས་ཅད་ཀྱི་ལོག་གནོན་རྩ་ནས་སྦྱོང་བ་བསྟན་པ་ལ་སྔོན་འགྲོ །དངོས་གཞི། རྗེས། ཕན་ཡོན་བསྟན་པ་དང་རྣམ་པ་བཞིར་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། སྔོན་འགྲོ་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་རྩ་སྦྱོངས་ཀྱི་སྦྱོར་བའི་སྔོན་འགྲོ་ལ། ཉེ་བ་དང་རིང་བའི་སྔོན་འགྲོ་རྣམ་པ་གཉིས་སུ་ཡོད་ལ། རིང་བའི་སྔོན་འགྲོ་ནི། ནད་གཞི་གང་ཡིན་པ་དེའི་སྔོན་འགྲོ་དང༌། དེའི་སྟེང་དུ་འབྲས་བུ་གསུམ་ཆ་མཉམ་པའི་བསྡུས་ཐང་དགོང་མོའི་དུས་སུ་བཏང་ཞིང༌། བྱིས་པ་དང༌། དགེ་སློང་སྡོམ་གཙང༌། མཁལ་ནད་ཡོད་པ་རྣམས་ལ་ཐོག་མར་ད་བྱིད་བཟང་པོ། སྡིག་སྲིན། སུག་སྨེལ། ཉི་དགའ། སྲ་ (ཁ་ཅིག་ཨ་འབྲས་ལ་འདོད་) འབྲས། གསེར་གྱི་བྱེ་མ། མཁལ་མ་ཞོ་ཤ། རྩྭ་ཁུ་བྱུག་རྣམས་བུ་རམ་གྱི་རིལ་བུར་དྲིལ་བའམ། རྩྭ་ཁུ་བྱུག་མ་རྙེད་ན་དབྱི་མོང་དཀར་པོའམ། ཁུ་བྱུག་རྫིས་ཐོག་གམ། རྒྱ་ལྕམ་པའི་ས་བོན་རྣམས་གང་རུང་རེས་ཚབ་རུང་ཞིང༌། དེ་ལྟར་ད་བྱིད་བརྒྱད་སྦྱོར་རེང་བུའམ་ཕྱེ་མས་རྩ་ལམ་སྦྱངས། ཉེ་བའི་སྔོན་འགྲོ་གཟའ་སྐར་འཕྲོད་སྦྱོར་ཚེས་གྲངས་བཟང་བ་ལ་བབས་པའི་དུས། མཁན་པ་དཀར་ནག་གང་རུང་དང༌། སྦང་མ་གཉིས་ཆུ་འཇམ་དུ་བསྲོས་པའི་ཁུ་བས་ལུས་ཀུན་དག་པར་བཀྲུས་རྗེས། རྩི་མར། འབྲུ་མར། སྤང་སྤོས་དང་སྦྱར་བའི་བྱུག་པས་ལུས་ཀུན་ཁྱབ་པར་བྱུག ཁྱད་པར་སྤྱི་གཙུག་དང༌། མཚན་མའི་པགས་པ། ལུས་ཀྱི་ཚིགས་པ་རྣམས་མཉེ་ཤིང་འཕུར། གཡེར་མ་དང༌། ཉི་དགའི་ཐང་གིས་རྩ་ཁ་ཕྱེ། ཕོ་མོ་འཁྲིག་པ་སྤྲད་པ་དང༌། །ཞེས་ཤངས་བ་སོགས་ཁ་ཅིག་དངོས་སུ་འདོད་ཅིང་རང་ལུགས་དཔྱི་རུས་དང་དཔྱི་མིག་འཕྲད་པའི་རུས་པ། ར་གཞོན་ནུའི་ཝ་གདོང་ཞེས་པ་བྱང་པ། སྒལ་ཚིགས་ཀྱི་སྣེ་མཇུག་མའི་རྩ་བ་ཝའི་གདོང་པ་འདྲ་བ་དེ་ཡིན་པར་འདོད། བྱར་པོ་བ། མདོ་མོའི་རུས་པ་ལ་འདོད། སྨན་ངོ་གསལ་བྱེད་དུ་འགྲངས་སམ་ལྟོགས་སུ་བཤད། བླ་རྟ་ཚེ་དབང་དང་འབྲི་གུང་པ་མཐུན་པར་སེར་བ་རུས་སམ། རུས་པ་དོན་གྲུབ་ཏུ་གྲགས་པ་དེ་ཡིན་གསུངས་པ་ནུས་པའི་བྱེད་ལས་ཁྱད་པར་ཆེར་ཡོད་པ་མ་མངོན་ཀྱང༌། བཤད་རྒྱུད་དུ། སེར་བ་རུས་ཀྱིས་ཆུ་འགགས་སེལ། །ཞེས་གསུངས་པ་རྒྱུ་མཚན་དང་འབྲེལ། ཉི་དགའ་འདབ་མའི་ཚོད་མ་ཚྭ་དང་གཡེར་མ་བཏབ་པ་བཏང་བར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་དངོས་གཞི་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི།

        སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། རྒྱ་ཚྭ་སྡིག་པ་ཀ་ཀ་རུ། །སུག་སྨེལ་མཚལ་དང་པད་མེ་དང༌། །ཕྱེ་མ་ཆང་དུ་མཉེས་ལ་བཏང༌། །ལོག་ན་དོམ་མཁྲིས་ནག་པོ་མཚལ། །ཆང་ལ་བཏབ་པས་ཞི་བར་འགྱུར། །མཁལ་ནད་མཛེ་དང་ཕོལ་འབྲས་དང༌། །བུད་མེད་ཚབས་རིམས་དག་ལའོ། །ཡང་ན་རྒྱ་ཚྭ་ཕོ་ཚོམ་གཅིག །པད་མེ་དག་དང་མཚལ་དང་ནི། །པི་པི་ལིང་དང་ཧ་ཤིག་པ། །ཕྱེ་མ་ཆང་དུ་བཏབ་ལ་བཏང༌། །སྣ་ལ་ཤིང་མངར་དོམ་མཁྲིས་དང༌། །ལོག་གནོན་པི་པི་ལིང་གིས་བྱ། །རྒྱམ་ཚྭ་སུག་སྨེལ་ཕག་མགོ་དང༌། །གཤའ་ཙེ་པདྨེ་ཀ་ཀ་རུ། །དེ་ནས་སྦྲང་རྩི་རིལ་བུ་བཏང༌། །ཚད་ནི་སྲན་མ་ཆེ་ཚད་ཙམ༌། །རབ་འབྲིང་ཐ་མ་བཅུ་དང་བདུན། །ཐ་མ་ལྔ་དག་བཏང་བར་བྱ། །ཡང་ན་ད་ཚུར་ཧ་ཤིག་པ། །རྒྱ་ཚྭ་མཚལ་དང་སྡིག་པ་དང༌། །པད་མེ་གསེར་གྱི་ཕྱེ་མ་བཏང༌། །ཕོལ་དང་མཁལ་ནད་བད་ཀནདང༌། །དུག་དང་བད་ཀན་ཕོ་སྲིན་དང༌། །མཆིན་ནད་དག་དང་རྩ་འགྲམས་དང༌། །འབྲས་དང་མཛེ་ནད་སེལ་བར་འགྱུར། །ཁྱད་པར་མོ་ཡི་ནད་རྣམས་སེལ། །གློ་རྩ་དག་ལ་མཚལ་དང་ནི། །ནད་དྲ་དག་དང་དར་ཚུར་བཏང༌། །སྙིང་ལ་སྦལ་རྒྱབ་དར་ཚུར་དང༌། །ཀུ་དཀར་ནད་དྲ་སྦྱར་ལ་བཏང༌། །མཆིན་པ་དག་ལ་དར་ཚུར་དང༌། །གུ་གུལ་བྱང་པ་བཏང་བར་བྱ། །མཁལ་མ་དག་ལ་ཧ་ཤིག་པ། །མཚལ་དང་རྒྱ་ཚྭ་དར་ཚུར་དང༌། །ནད་དྲ་དག་ནི་བཏང་བར་བྱ། །མཆེར་པ་དག་ལ་དར་ཚུར་དང༌། །མཚལ་དང་བྱང་པ་བཏང་བར་བྱ། །མ་ཕིགས་མཚལ་དང་གུར་གུམ་དང༌། །ག་པུར་ཅུ་གང་གློ་ལ་འོ། །གུར་གུམ་ཁབ་ལེན་སྦལ་རྒྱབ་དང༌། །ག་བུར་མཆིན་པ་དག་ལ་འོ། །ཞོ་ཤ་ག་བུར་ཐལ་ཆེན་དང༌། །རྡོ་ཐལ་རུ་རྟ་སྙིང་ལའོ། །སྦལ་རྒྱབ་གཉིས་དང་ཁབ་ལེན་དང༌། །དངུལ་རྡོ་སེར་པོ་ཁྲག་རྐང་དང༌། །དེ་རྣམས་མཆེར་དང་མཁལ་མ་ལའོ། །ཞེས་དང༌། ཡང་ན་འོལ་མོ་སེ་དང་ནི། །ཤ་རུས་བསྲེགས་པའི་ཐལ་བ་དང༌། །རྒྱ་ཚྭ་དག་གི་ཕྱེ་མ་ནི། །ཚ་དང་སྦྱར་བས་བཏང་བར་བྱ། །དེ་ནས་ལོང་རྩ་དག་ཀྱང་གཏར། །ཟླ་མཚན་ཚད་པས་སྟོད་དུ་དྲངས། །ནུ་མར་དྲངས་པས་སྐྲངས་ཤིང་འབྲས། །ཚིགས་པ་བདུན་པ་གསུམ་པ་བསྲེག །གུར་གུམ་བདུན་པ་བཏང་བར་བྱ། །ཚ་གྲང་བདུན་པ་ཟླ་མཚན་རྩར། །ཚ་བ་ཆེ་ཞིང་རུ་ཤིང་ན། །དེ་ལ་བསིལ་གྱིས་བཅོས་པར་བྱ། །མགོ་འཁོར་སོ་ན་རྣ་བ་འུར། །ལུས་པོ་ཞིག་པ་ལྟ་བུ་ལ། །མིག་ནད་ཚག་པ་དག་ལ་ནི། །སྨན་མར་དུགས་དག་བྱ་བ་སྟེ། །ཀུན་ལ་རྩ་བཤལ་མཚོག་ཏུ་འོ། །སྤྱི་བོའི་གཙུག་དང་ལྟག་ཟུར་བསྲེག །བཅུད་དག་རྟག་ཏུ་འཛག་པ་ལ། །མདངས་ཤོར་ཁ་དོག་དཀར་བ་ལ། །རྒྱ་སྤོས་དག་གི་ཐང་བཏང་སྟེ། །བཅུ་གསུམ་བཅོ་ལྔ་བསྲེག་པར་བྱ། །རྐང་པའི་ནང་གང་ཐུར་གང་དང༌། །མཐེ་བོང་མཛུབ་བར་ཐུར་གང་བསྲེག །དེ་ལ་མངལ་ནད་སྲིན་བུ་ནི། །མངལ་སྲིན་མངལ་ཀྱང་ཟ་ཕྲུག་པས། །སྨད་དུ་སྐྲངས་དང་རྒུད་བསྡོམས་པ། །ལར་ན་རྩ་བཤལ་ལོང་རྩ་གཏར། །དུགས་དང་བསྐུ་མཉེ་བྱ་བའོ། །ཟ་ཞིང་ཕྲུགས་པས་སྲིན་ནད་དེ། །གཞང་ཁ་ཕྱིར་ལྡོག་སྐྲངས་པ་ལ། །བྱི་ཏང་ཀ་དང་སྤང་རྒྱན་རྩ། །སྒོག་སྐྱ་ཕུར་མོང་པི་པི་ལིང༌། །ཁ་རུ་ཚྭ་དང་ཤིང་ཚ་སྒ། །མར་དུ་སྦྱར་ལ་བུ་རམ་དང༌། །ཡང་ན་བྱི་ཏང་ཀ་དང་ནི། །ཕུར་མོང་ཐལ་བ་སྒོག་སྐྱ་སྦྱར། །ཡང་ན་གཡེར་མ་དག་དང་མར། །བཏང་བས་སྲིན་ནད་ཞི་བར་བྱེད། །ཚབས་ནི་གློ་སྙིང་མཆིན་ལ་འདྲའོ། །རྩ་ཡི་མཛེ་རུ་འགྲོ་བ་ཡོད། །རྒྱ་ཚྭ་དང་ནི་སྡིག་པ་དང༌། །མཚལ་དང་པི་པི་ལིང་དང་ནི། །སུག་སྨེལ་པདྨེའི་ཕྱེ་མ་དག །ཆང་ངམ་ཆུ་ལ་རྟ་བྱ་ཡི། །ལོག་གནོན་དོམ་མཁྲིས་ཤིང་མངར་རོ། །དུར་བྱིད་ཐར་ནུ་རེ་ལྕག་པ། །ཁ་རུ་ཚྭ་དང་ལྕེ་མྱང་ཚྭ། །པི་པི་ལིང་དང་པད་མེའུ། །རྣོ་སྨན་མཉམ་པར་གསུམ་པའོ། །ཀུན་དང་ཤ་ཆེན་མཉམ་པའོ། །ནད་རྣམས་ཐམས་ཅད་འཁྲུ་བར་བྱེད། །ཁྱད་པར་བུད་མེད་ནད་ལའོ། །ཐར་ནུ་རེ་ལྕག་པ་དང་ནི། །དུར་བྱིད་ཤོ་མོང་ཁྲོན་བུ་དང༌། །དནྡ་རོག་པོ་དོང་ག་དང༌། །ལྕུམ་རྩ་སྐྱེར་པའི་བར་ཤུན་དང༌། །པི་པི་ལིང་དང་ཁ་རུ་ཚྭ། །ཨ་རུ་ར་དང་སྦྱར་བས་ནི། །ཐར་ནུ་ཞོ་གཅིག་གཉིས་པོ་ཕྱེད། །ཀ་ར་དག་ལ་སྦྱར་ལ་བཏང༌། །རྟ་ནི་དར་བ་ཆུ་ཡིས་བྱ། །སྐྱུག་ན་ཅོང་ཞི་སྐོལ་ལ་བཏང༌། །ནད་རྣམས་འཁྲུ་བའི་རྩ་བཤལ་ལོ། །ཁྱད་པར་མོ་ནད་དམུ་དང་ནི། །དུག་ལ་ཤིན་ཏུ་བསྔགས་པའོ། །ཞེས་རྒྱ་ཆེར་གསུངས་ཤིང༌།

        ལག་ལེན་དུ་བྱེད་ཚུལ་ཤངས་ལུག་ཕྱི་རྒྱུད་འགྲེལ་པར། །འདིར་མན་ངག་གི་གནད་ཟབ་ཤོས་གཅིག་ལ། རྩ་སྦྱོངས་ཀྱི་དངོས་གཞིའི་སྨན་གཞན་རྣམས་ཚད་ལྡན་རིལ་བུ་བྱས་དར་ཁྲ་དར་ཚགས་ཞེས་པའམ་རས་ཚགས་ཞིབ་པ་བག་མེད་པའི་ཁུད་དུ་བཏུམས་ལ་མཐེབ་མཛུབ་ཀྱིས་ཕྱི་ནས་ཉེད་བྱས་པས། ཆང་སྡེབས་མེད་པ་ཧུབ་དོ་ཙམ་རེ་ལ་མང་ཉུང་བཟང་ངན་དང་དཔགས་ལ། ཉི་མ་ཕྱེད་ཁར་ཙམ་རེ་སྦངས་ནད་པ་ལ་རྩ་སྦྱོངས་ཀྱི་དངོས་གཞིའི་རིལ་བུ་གཏོང་བའི་དུས་ལ་བབས་པའི་ཚེ། བྱང་ཁྲ་དེའི་རྩིགས་ཡེ་མ་ཤོར་བ་བྱས། ཁུ་བ་ཚིར་གྱིས་བཙིར་ནས་རིལ་བུ་དང་ལྷན་དུ་བཏང་ཞིང༌། རིལ་བུ་གཏོང་རེས་ཀྱིས་བྱང་པའི་ཁུ་བའམ་དེ་དང་མཚུངས་པར་ཆོ་ག་དེས་བཏང་བས། རྩིགས་མ་མ་ཤོར་བ་འཇམ་ཞིང༌། ཁུ་བ་དེ་འཇུ་སླ་བས་ཐེབས་མགྱོགས་ལ་བཏང་བཞག་གིས་ཚོད་འཕྲལ་མ་ལྟ་ཞིང་བྱས་པས་ཆོག་པས་འཇམ་པའི་སྐྱོན་མི་ཡོང༌། མ་ཐེབས་ན་བྱང་ཁྲའི་ཁུ་བ་དེ་འཕྲལ་དུ་བཏང་བས་ངེས་པར་ཕིགས་ཡོང༌། དེས་ན་ཟུར་དུ་བྱང་པ་སྦངས་ནས་གཏོང་བ་འདི་མན་ངག་བླ་མེད་མྱོང་ཤེས་གྲུབ་ཅིང་སྙན་ནས་བརྒྱུད་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ཡིན་ནོ། །ཞེས་དང༌། རྒྱལ་པོའི་དཀོར་མཛོད་ལས། སྨན་སྦྱར་བ་ནི། དུར་བྱིད་མཐེབ་ཚིགས་ཙམ་གཅིག ཁྲོན་བུ་དེའི་ཕྱེད། ཨ་རུ་ར་རྡོག་པོ་ཆེ་བ་གཅིག རྒྱམ་ཚྭ་དུམ་གཅིག པི་པི་ལིང་རྡོག་པོ་བདུན། དེ་རྣམས་ཞིབ་པར་ལྟར་དུ་བཤལ་མགྱོགས་སོ། །དེ་ནི་ལྟོ་བཤལ་གྱི་མན་ངག་ཁྱད་པར་ཅན་ནོ། །དེའི་སྟེང་དུ་རྩ་བཤལ་གྱི་སྨན་ལ་བྱང་པ་བར་གཤོག་མེད་པ་ལྔའམ་བདུན། ལྕམ་པ་ཚོམ་གཅིག །རྒྱ་ཚྭ་རིལ་མ་ཙམ་གཅིག མཚལ་རིལ་མ་འབྲིང་པོ་ཙམ་གཅིག དེ་རྣམས་སྦྱར་བ་ནི། དང་པོ་མཚལ་ཞིབ་པར་བཏགས་ལ། དེ་ནས་གཞན་ཚོ་བཏགས་ཆུ་ལ་སྦྱར་ཏེ་བཏང༌། ནད་པ་ལུས་ཙོག་པུར་འདུག་ལ་རྐང་པ་རྐྱང་དུ་མི་གཞུག སྐྱུག་ན་ཁ་ཕྲུ་དང་ཕུ་ཡིས་གདབ། དེས་དང་པོ་ལྟོ་འཁྲུ། དེ་ནས་རྩ་ནས་འཁྲུ་སྟེ། སྔོན་ལ་དྲི་ཆུ་མང་པོ་འབྱུང་སྟེ། དེ་སན་དྲི་མ་དང་ལྗན་ལྗིན་འབྱུང༌། དེ་ནས་ཆུ་སེར་དང་ཁྲག་འབྱུང༌། ཁྲག་ཐིགས་པ་རེ་ལ་ཟུག་ཤིན་ཏུ་ཆེ་བར་འགྱུར་བ་སྟེ། འཇིགས་པར་མི་བགྱི། ཁྲག་ཤས་འགགས་ན་རྡོ་རྗེ་མཉེ། །སྨད་དུ་ན་ན་ཡོས་དུགས་བྱ། །ཟུངས་ཁྲག་དམར་ལ་དངྭས་པ་བྱུང་ན་བཅད་པར་བྱ་སྟེ། དོམ་མཁྲིས་ཆུ་གྲང་ལ་སྦྱར་ལ་བཏང༌། མར་ཁུ་ཞུ་བ་བཏང་བས་འབོལ་གྱིས་འགྲོ་ཞེས་སོགས་ཕྱག་ལེན་མི་འདྲ་བ་མང་ཡང༌། ཆོས་ཀྱི་རྗེ་རྡརྨ་སྭ་མིས། གནམ་ལྕགས་ཟིལ་པ་ས་བཅུད་དངྭས་མ་དང༌། །སྟག་ཆུང་དམར་ཁྲ་ཆུ་ཡི་སྙིང་པོ་མཉམ། །མྱུར་མགྱོགས་ཕོ་ཉ་སྤྲེལ་མཇུག་མ་གི་ཏ། །ལི་ཁྲིའི་འོད་འཕྲོ་གཡུ་འབྲུམ་ཟེ་བ་རྣམས། །རྩི་བཞིན་བཏགས་ལ་ལོ་བརྒྱད་དྲི་ཆུས་དྲིལ། །ཐོ་རེངས་དུས་ན་རླངས་ལྡན་བུ་མོས་ཕུལ། །ཐུར་དུ་ནམ་རྒྱུག་དུས་ན་རིལ་བུ་བདུན། །བྱང་ཁྲ་གྲོགས་ལྡན་སིང་ལྷག་ཧུབ་རེས་ཕུལ། །ཟུག་གཟེར་སྐྱེས་ན་རྒྱམ་ཚྭའི་ཆུ་སྐོལ་གཏོང༌། །མ་དག་བར་དུ་སིང་ལྷག་གོང་བཞིན་བཏང༌། བཅད་རན་དུས་སུ་བཤལ་རྗེས་ལྟ་བུར་གཟབ། །ལོག་གནོན་མ་ཆོད་དོམ་མཁྲིས་དྲི་ཆུས་གཅོད། །ཅེས་གསུངས་པ་ཟབ་ཅིང་བསླུ་བ་མེད་པའི་གདམས་པ་ཡིན་ནོ།།

        གཉིས་པ་ཚིག་གི་དོན་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། དངོས་གཞི་སོགས་རྐང་པ་གསུམ་སྟེ། རྩ་སྦྱོངས་ཀྱི་དངོས་གཞི་ལ། སྣ་སེལ། མདུང་སྨན། བྱང་པ། སྦྱར་ཚད། སྣ་ཁྲིད། བཏང་ཐབས། ཐེབས་རྟགས། ལྕག ལོག་གནོན་དང་བཅས་རྣམ་པ་དགུ་ཡིས་བསྟན་པ་ཡིན་ནོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུའི་དང་པོ་ནི། །སྣ་སེལ་སོགས་རྐང་པ་གཉིས་ཏེ། སྣ་སེལ་གྱི་སྣ་སྨན་ནི། སུག་སྨེལ། སྡིག་སྲིན། རྩྭ་ཁུ་བྱུག་གམ། མ་རྙེད་ན་དབྱི་མོང་དཀར་པོ། ཉི་དགའ་རྣམས་ཚ་བ་ལ་ཀ་ར་དང༌། གྲང་བ་ལ་བུ་རམ་གྱི་རྟས་བསྒྱུར་ནས་བཏང་ན། མྱུར་དུ་འབིགས་པར་བྱེད་དོ་ཞེས་པའོ། །གཉིས་པ་མདུང་སྨན་ནི། མདུང་སྨན་སོགས་རྐང་པ་གཉིས་ཏེ། རྩ་སྦྱོངས་ཀྱི་སློང་བྱེད་མདུང་སྨན་དུ་གྲགས་པའི་སྦྱོར་བ་ནི། རྒྱ་ཚྭ། ལི་ཤི། སྡིག་སྲིན། རྒྱ་མཚལ། ལྕམ་པ་རྣམས་གོང་བཞིན་ཚ་གྲང་གི་རྟ་དང་སྦྱར་ནས་བཏང་བས་ནད་སློང་ཞིང་འཁྲུག་པར་བྱེད་པར་འགྱུར་རོ་ཞེས་སོ། །གསུམ་པ་བྱང་པ་ནི། བྱང་པའི་ཞེས་པ་ནས་བཅུ་བདུན་བཏང་ཞེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། རྩ་སྦྱོངས་ཀྱི་གཙོ་བོ་བྱང་པའི་ཆོ་ག་ལ་དང་པོར་བཟང་ངན་བརྟག་པ། དེ་རྗེས་དུག་དབྱུང་ཞིང་འཇམ་བཙལ་བས་ཟུག་ཆུང་བ་དང་ནད་འདྲོངས་ཆེ་བའི་དགོས་པ་ཡོད་དོ། བྱང་པའི་ངོ་བོ་བཟང་ངན་ནི། སྤྱིར་བྱང་པ་རིགས་ནག་པོ། དམར་ཁྲ། སེར་ཁྲ་གསུམ། མིང་པདྨེ་སོགས་སུ་གྲགས། བཟང་བ་ནི། དམར་ཁྲ་སྐྱི་ཚེར་དང་སྲད་མའི་གསེབ་ཏུ་གནས་པ། ཐན་པ་ཆེ་བ་དང༌། སྟོན་སེར་གྱི་དུས་གློ་བུར་དུ་གྲིར་ཤི་བ་བཟང་བ་ཡིན་ལ། ངན་པ་ནི། སེར་ཁྲ། ཡོག་མོ་དང་ལོའི་གསེབ་ཏུ་གནས་པ། དབྱར་ཆར་ཆེ་ཞིང༌། ནམ་གཞུག་ཆད་དུས་རང་བཞིན་གྱི་ཤི་བ་ངན་པ་ཡིན་ཞིང༌། དུག་ནི་བར་གཤོག་དཀར་པོ་དེ་ཡིན་པས། དེ་བཏང་ན་ཟུག་ཆེ་བས་དེ་དབྱུང་བ་དང༌། འཇམ་བཙལ་བ་ནི། ཆུ་ནང་དུ་མྱུར་བར་རྒྱུག་པའི་སྦུར་ཆུང་ནག་པོ་ཤིན་ཏུ་མགྱོགས་པ་ཆུ་སྤུར་ཞེས་པ་དེ་ཉིད་ཀྱི་གྲོགས་དང་བསྡེབས་ལ་དེ་མ་འཛོམ་ན་ཆ་ག་པ་ཞེས་པའམ། རེ་ལྕག་པ། ཏེ་བ་ཕན་ཅག སེང་འབྲུག་གནམ་མཆོང༌། ཚག་ཚག་པ་སོགས་སུ་གྲགས་པ། ཚག་པ་ཚག་རྒྱུའི་མགོ་བོ་དང༌། ཡང་ན་བྱང་པ་དེ་ཡོས་དྲོན་མོའི་ནང་ངམ། དྲི་ཆུར་ཅུང་ཟད་སྤངས་ཁུ་བ་ཕོ་སྟེ་བཏུལ་བ་ཤིས་ལ། བྱང་པའི་ལུས་མགོ་དང་རྐང་ལག་སོགས་ཆད་ན་དེ་དང་དེའི་ནད་མི་འདྲོངས་པས་འདྲོངས་ཆུང་ལ། བྱང་པ་བཟང་ཞིང་མགོ་དང་རྐང་ལག་ཐམས་ཅད་ཚང་ན་གྲངས་བཅུ་གཅིག་དང༌། བྱང་པ་ངན་ཞིང་རྙིངས་པ་མགོ་དང་རྐང་ལག་མེད་ན་གྲངས་བཅུ་བདུན་བཏང་ངོ་ཞེས་པའོ།།

 

        བཞི་པ་སྦྱོར་བ་གཉིས་ཀྱི་ཚད་བསྟན་པ་ནི། སྦྱར་ཚད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། རྩ་སྦྱོངས་ལ་བྱང་པ་བདུན་པ་དང༌། རྒྱ་རུ་དགུ་པའི་སྦྱོར་བ་གཉིས་སུ་ཡོད་པའི་དང་པོའི་སྦྱར་ཚད་ནི། བྱང་པ། རྒྱ་ཚྭ། སྡིག་སྲིན། རྒྱ་མཚལ། གུར་གུམ། ཧ་ཤིག །མ་རྙེད་ན་ལོང་རྡོ། དར་ཚུར་རྣམས་ཀྱི་ཕྱེ་མ་རྩི་བཞིན་དུ་བཏགས་པ་ཆང་གིས་སྦྲུས་པའི་རིལ་བུ་སྲན་སྦོས་ཙམ་དུ་དྲིལ་བ་དང༌། ཡང་ན་རྒྱ་རུ། བྱ་མ་བྱི་རུས། བྱི་བཟུང༌། འོལ་མོ་སེ། རྣོན་པོ་གསུམ་སྟེ། རྒྱ་ཚྭ། གསེར་བྱེ། སྡིག་སྲིན། སུག་སྨེལ། རྒྱ་མཚལ་གྱི་རིལ་བུ་རྣམས་ཀྱིས་ཀྱང་རྩ་ནད་སྦྱོང་བར་བྱེད་དོ་ཞེས་སོ། །ལྔ་པ་སྣ་ཁྲིད་ནི། སྣ་ཁྲིད་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྣ་ཁྲིད་དུ། གློ་བ། སྙིང༌། མཆིན་པ། མཆེར་པ། མཁལ་མ། དུག ཆུ་སེར་གྱི་ནད་ལ་སོགས་པ་གང་ཡོད་ཀྱི་གཉེན་པོར་རང་རང་གང་ཤིས་ཀྱི་སྨན་དང་བསྡེབས་ནས་བཏང་བས་ནད་ཐོག་ཏུ་འཁྲིད་ཅིང༌། ཡང་ན་གོང་དུ་བཤད་པའི་མདུང་སྨན་དང་སྦྱར་ལ་བཏང་བ་ཡིན་ནོ་ཞེས་པའོ། །དྲུག་བཏང་ཐབས་ནི། བཏང་ཐབས་སོགས་ཚིགས་བཅད་བཞིས་བསྟན་ཏེ། རྩ་སྦྱོངས་དེ་དག་བཏང་བའི་ཐབས་ནི། དགོང་མོ་ཉི་དགའི་འདབ་མའི་ཚོད་མ་བཏང་ཞིང༌། སྲོད་འཁོར་ཙམ་ལ་སྣ་སེལ་དང༌། ནམ་གུང་ལ་མདུང་སྨན་བཏང་ལ། ཐོ་རངས་ཀྱི་དུས་ན་རྩ་སྦྱོངས་ཀྱི་རིལ་བུ་དགུ་ཚ་བ་ལ་ཆུ་གྲང་དང༌། གྲང་བ་ལ་ཆུ་སྐོལ་སྦྱར་བའི་རྟ་ཡིས་འཕུལ་ལ་བཏང༌། ཉི་ཤར་ཙམ་གྱི་དུས་སུ་ཕལ་ཆེར་ཐེབས་པ་ཡིན་ལ། གལ་ཏེ་དེ་དུས་མ་ཐེབས་ན་སླར་རིལ་བུ་བདུན་ཙམ་བསྣན་པ་གོང་བཞིན་དུ་བཏང༌། ནམ་ཐེབས་པའི་དུས་ན་རིལ་བུ་ལྔ་རེ་ལྔ་རེ་སྔ་མ་ཞུ་རིམ་བཞིན་ཕྱི་མ་བསྟེན་པར་བྱ་ལ། དེ་ལྟར་རིལ་བུ་དུམ་དུམ་ཐུབས་སུ་བཅད་ནས་རིམ་གྱིས་བཏང་བས། བྱང་པའི་དུག་གི་ནད་ཟུག་དུས་གཅིག་ཏུ་མི་འབྱུང་སྟེ་ནད་པ་ཟུག་ཆུང་ཞིང་ཆུ་འགགས་པའི་དོགས་པ་མེད་པ་ཡིན་ལ་སྨན་ཡང་ཡང་དུ་བསྣན་པས་མི་ཐེབས་པ་མི་སྲིད་ཅིང༌། ཁྱད་པར་ནད་འདྲོངས་ཆེ་བར་འབྱུང་བས་ན་ནད་མ་འདྲོངས་ཀྱི་བར་དུ་རིམས་ཀྱིས་བཏང་བ་མན་ངག་ཡིན་ལ། གནད་དེ་ལྟར་མི་ཤེས་པའི་བླུན་པོས་རིལ་བུ་མང་པོ་དུས་གཅིག་ལ་བཏང་བས། བྱང་པའི་དུག་ལངས་ཤིང་ཆུ་སེར་དུས་གཅིག་དུ་མར་འཕུལ་བས་ཕོ་མཚན་གྱི་སྦུབས་སུ་མ་ཤོང་བར་ཆུ་འགགས་ཤིང་ཟུག་གཟེར་ཆེ་ལ་རང་སྡུག་ཅིང་འཆི་བ་ཡང་སྲིད་དོ།།

        བདུན་པ་ཐེབས་རྟགས་ནི། ཐེབས་རྟགས་སོགས་རྐང་པ་གསུམ་སྟེ། རྩ་བཤལ་ཐེབས་པའམ་ཕིགས་པའི་རྟགས་ནི་ལུས་སྦྲིད་ཅིང་ནད་གང་ཡོད་སར་ན་བ་དང༌། རྒྱུ་ཞབས་ཚ་རུམ་རམ་བྱེད་ཅིང༌། མཚན་མ་ཚ་ཞིང་གཡའ་བ་དང༌། ཕོ་རྟགས་བྲེང་བྲེང་བྱེད་ལ། ནད་ཀྱི་ཆུ་ངན་ཐིགས་པ་རེ་རེ་ཙམ་ཐོན་དཀའ་བ་ལ་རྒྱུན་མི་ཆད་པར་ཡང་ཡང་འབྱུང་བ་ཡིན་ནོ། །བརྒྱད་པ་ལྕག་ནི། ལྕག་ཏུ་ཞེས་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། ལྕག་ཏུ་དེའི་དུས་སུ་སིང་པོ་གསར་གླེག་ཏུ་གྲགས་པའི་གར་པོ་རང་མིན་པས་ཡང་ཡང་བསྐུལ་ཏེ་བཏང་བས། རྩ་ལམ་དང་ཆུ་ལམ་འདག་ཅིང༌། དེ་ཡང་ཚ་བ་ཤས་ཆེ་ན་ཇ་འཇམ་པོའམ་ཆུར་ཁུ་བཏང་ལ། ནད་ཞེན་ཆེ་ན་སྐབས་སུ་ནད་སློང་བའི་མདུང་སྨན་སྤེལ་ལ་བཏང་བ་དང༌། སྟོད་སྨད་གང་ན་སར་རྡེའུ་ལ་ཆང་བྲན་པ་བསྲོས་པས་བདུག་ཅིང་ལངས་པ་སོགས་སང་སེང་མི་བྱ། རྐང་པ་མི་བརྐྱང༌། མལ་དང་གོས་དྲོད་ལ་བསྒོར་ཏེ་དེལྟར་ལུས་མ་གྲང་བར་དུགས་ཡང་ཡང་དུ་བསྟེན་པར་བྱས་པས་རྩ་ཁྲུས་ཀྱི་སྦྱོངས་རྒྱུན་མི་འཆད་ཅིང་ནད་འདག་པར་ཐེ་ཚོམ་མེད་པ་ཡིན་ལ། གལ་ཏེ་ལུས་གྲང་ཞིང་ཆུ་སེར་འགྱིངས་ན་ནད་མི་ཐོན་ལ། ཟུག་ཆེ་ཡང་ལྕག་མ་བྲབ་ན་ནད་མི་འབྱོངས་བས། དེའི་ཕྱིར་ལྕག་དང་དྲོ་བ་ཤིན་ཏུ་གཅེས་སོ། །སྣོད་གཅིག་མཚན་མའི་འོག་ཏུ་རྒྱུན་དུ་བཟེད་ནས་སྣོད་ནང་གི་སྦྱོངས་དེ། སྐབས་སྐབས་སུ་སྔས་ཁར་ཕྲུ་བའི་ནང་དུ་བླུག་ལ་བསག དེ་ཁ་དོག་སེར་པོ་སྨུག་པོ་རྣག་ཁྲག སྤུ་རྡེའུ་སོགས་སྣ་ཚོགས་འབྱུང་བས་ནད་དག་ཅིང་འདྲོངས་ནས་སྦྱོངས་སྨན་འཕྲོ་བཅད་ལ་ལྕག་ལན་འགའ་བརྡེག་གོ །དགུ་པ་ལོག་གནོན་ནི། ལོག་གནོན་ཞེས་པ་ནས་དོམ་མཁྲིས་བཅད་ཅེས་པའི་བར་ཚིགས་བཅད་དྲུག་དང་རྐང་པ་གཅིག་གིས་བསྟན་ཏེ། རྩ་སྦྱོངས་ཐལ་དྲགས་པ་སོགས་ཀྱི་གཉེན་པོ་ལོག་གནོན་ནི་དྲུག་སྟེ། མ་ཐེབས་པར་བརྒལ་ཏེ་གྱེན་དུ་སྐྱུག་པ་མནན་པ་དང༌། སྟོར་ཏེ་སྨན་ངོ་མ་བྱུང་བ་བཙལ་བ་དང༌། ཕོ་བར་འགྱིངས་པ་ན་ཐུར་དུ་དྲང་བ། གཟེར་ཆེ་ན་བཅག་པ། འགགས་ན་བསལ་བ། འབྱམས་པ་གཅོད་པ་དང་དྲུག་ལས་མ་ཐེབས་པར་ཡར་སྐྱུག་ན་མནན་པའི་ཐབས་ནི་ལྟོ་བཤལ་གྱི་སྐབས་དང་འདྲ་ལ། སྟོར་ནས་རྟགས་ཅི་ཡང་མེད་ན་དེའི་རྒྱུ་གདོན་དང༌། སྨན་སོ་རྙིངས་པ་སྟེ་རྣོ་མེད་པ་དང༌། ཞིབ་ཏུ་གདུལ་དྲགས་པའམ་རིལ་བུ་བྱེད་ན་འདམ་བཏགས་རྒྱུན་རིངས་པ། ཐུན་ཆུང་བ། ཚ་གྲང་གི་སྨན་རྟ་ལོག་པ་སོགས་གང་རུང་ཡིན་པས་གང་ཡིན་ངོས་བཟུང་ལ་དེའི་གཉེན་པོ་གདོན་ལ་ཡས་བྱིན། སོ་རྙིངས་ན་གསར་པ་སྦྱར། གདུལ་བ་ཞིབ་དྲགས་པའམ། འདམ་བཏགས་རྒྱུན་རིངས་ན། རྩིང་ཧྲོལ་ལེ་བའམ་ཡུན་ཐུང་བ་བྱ། ཐུན་ཆུང་ན་བུང་བསྐྱེད། ཚ་གྲང་སྨན་རྟ་ལོག་ན་སླར་བསྐྱར་བ་སོགས་རིག་པས་དཔྱོད་པ་ལ་མཁས་པས་སྟོར་བ་བཙལ། མར་མི་འབབ་པར་འགྱིངས་ནས་ཕོ་བ་རྫིངས་ན་བསྐུ་མཉེ་དང་དུགས་བྱ་ཞིང༌། ཆུ་སྐོལ་དང་ལོ་བརྒྱད་དྲི་ཆུ་ཐེངས་འགའ་བཏུང་དུ་གཞུག རྒྱུ་ཞབས་དང་མཚན་མ་ཟུག་ཆེ་ཞིང་གཟེར་ན་རྡེའུ་ཆང་བྲན་གྱི་དུགས་ཀྱིས་གསོ་ཞིང༌། དེས་མ་ཆོགས་ན་ཆུ་སེར་འགྱིངས་པ་ཡིན་པས་དེ་ལ་རྒྱ་ཚྭ། སྡིག་སྲིན། དྲོད་སྨན་པི་པི་ལིང་ཆང་དང་སྦྱར་བ་བཏང་བའམ་ཡང་ན་དྭ་ཚ་མར་གསར་གྱིས་དྲིལ་བའི་རིལ་བུ་མིད། དེས་ཀྱང་ཟུག་མ་ཆོགས་ན་བྱང་པ་རྩུབ་པ་ཡིན་པས། སླར་ཆ་གའི་མགོ་བོ་གསུམ། ཆུ་ནང་གི་སྦུར་མགྱོགས། བོང་ང་དཀར་པོ་རྣམས་ཆང་དང་སྦྱར་ལ་བཏང༌། དེས་མ་ཆོགས་ན་རླུང་ཡིན་པས་རུས་རྙིང་ཚ་བ་སྟེ་ཐུག་པ་བཏུང༌། དེ་དག་རྣམས་སྐབས་དང་སྦྱར་བ་བྱས་པས་གཟེར་བ་མི་ཆོགས་པ་ག་ལ་སྲིད་དེ་ངེས་པར་ཆོགས་ཤིང༌། ལམ་འགགས་ན་ས་བོན་འཁར་བ་དང༌། སྤུ་འཐུམས་ཆེས་པ་དང༌། ཁྲག་ཤ་དང་རྡེའུས་འགགས་པ་ཡིན་པས་ལག་པས་མཚན་མ་མཉེ་ཞིང་འོ་མ་བཞོ་བ་ལྟར་བཞོ། དེས་མ་ཕན་ན་རྒྱ་ཚྭ། རུ་རྟ། ཤུ་དག་ནག་པོ། ཕོ་བ་རིས་སྦྱར་བའི་ཁུ་བ་ཐུར་མ་གཅེའུ་དབང་པོའི་སྦུབས་སུ་གཅུག་ལ་ལྒང་པར་བསྐྱལ། འབྱམས་ཏེ་འབབ་དྲགས་པ་ནི། ལུས་སྟོབས་བཟང་ན་མི་བཅད་པར་བཞག་ལ། གལ་ཏེ་བཅད་དགོས་ན་རྒྱ་ཚོས་ཞུ་མཁན་གྱིས་སྤངས་པའི་ཁུ་བ་དོམ་མཁྲིས་བཏབ་ལ་བཏང༌། དེས་མ་ཆོད་ན་མར་བབས་པའི་དྲི་ཆུ་ཡང་སློག་ལ་དོམ་མཁྲིས་བཏབ་ལ་བཅད་དོ་ཞེས་པའོ།།

        གསུམ་པ་རྗེས་གཅོད་ནི། རྗེས་གཅོད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། རྩ་སྦྱོངས་ཀྱི་རྗེས་གཅོད་ནི། གྲང་བ་ཤས་ཆེ་ན་ཆང་གསར་འཇམ། ལུག་ཤའི་ཚོ་ཁུ་མེ་མ་འཕྲད་དང༌། ཟན་དྲོན་རྣམས་རིམ་པས་ཆ་བསྐྱེད་ལ་བཤལ་གྱི་སྐབས་ལྟར་བཏང་ཞིང༌། ཚ་བ་ཤས་ཆེ་ན་སྐོམ་པོ་སྟེ་རྟོལ་གྱི་ཤའི་ཚོ་ཁུ་དང༌། བསྐོལ་གྲངས་བྱས་པའི་ཆུ། ཆབ་ཚ་ཕྱེ་ཐུག་སྡོར་མེད། ཟན་དྲོན་རྣམས་བཏང༌། ལུས་པོ་མ་གྲང་བར་དལ་བུས་བཅག་ཅིང་ཟླ་བ་ཕྱེད་ཀྱི་བར་དུ་ཟས་དང་སྤྱོད་ལམ་ལ་གཟབ་དགོས་སོ་ཞེས་པའི་དོན་ནོ། །བཞི་པ་ཕན་ཡོན་ནི། ཕན་ཡོན་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རྩ་སྦྱོངས་ལེགས་པར་བཏང་བའི་ཕན་ཡོན་ནི། སྨན་གྱི་སྒོ་ནས་འབྱུང་ཚུལ་དང༌། ནད་ཇི་ལྟར་ལ་ཕན་གཉིས་སུ་ཤེས་པར་བྱ་དགོས་ལ། དང་པོ་སྨན་གྱི་ཕན་ཡོན་བྱང་པས་རྩའི་ཆུ་སེར་འདྲེན་པར་བྱེད་པ་དང༌། རྒྱ་ཚྭ་སྡིག་སྲིན་གྱི་རྩ་ལམ་འབྱེད་པ། གུར་གུམ་གྱིས་རྩ་མཉེན་ཞིང༌། མཚལ་གྱིས་དྭངས་མ་དང་སྙིགས་མ་འབྱེད་པར་བྱེད། དར་མཚུར་གྱིས་ནད་སྡུད་ལ། ཧ་ཤིག་གི་རྡོས་སྨན་རུས་གཏིང་དུ་འཁྲིད་པར་བྱེད་ཅིང༌། ནད་གང་གང་འཇོམས་ནི། བུ་མི་འོང་བའི་རྩི་སྨན་བཏང་བ་དང༌། སྐྱེ་འཕྲོ་ཆད་པ། བུ་རོ་ལུས་ནས་མ་ཐོན་པ་དང༌། མངལ་སྐྲན། ཁྲག་ཚབས་བྱེར་བ། ཁྲག མཁྲིས་པ། སྦྱར་དུག་སོགས་དུག་གི་རིགས་དང་ཚ་བ་རྙིང་པ། དྲེག གྲུམ་བུ། འབྲས། ཟ་འཕྲུག མགོ་བོ་ཆག་པ། ནད་རྩར་བྱེར་བ། རྨ་རྒན་དྲག་ཏུ་མི་འདོད་པ། སུར་ཡ། དམུ་ཆུ། རྩའི་སྐྲན། ཆུ་སེར་རྒྱས་པ། རླུང་ནད་ད་རྒན། རྩ་འགྲམས་པ་ཐམས་ཅད་སྦྱོང་སྟེ། མདོར་ན་ས་བོན་བླུགས་པ་མ་གཏོགས་པའི་རྩ་ནད་ཀྱི་རིགས་ཀུན་ལ་རྩ་སྦྱོངས་ཉིད་བསྔགས་ལ། ཁྱད་པར་རྩར་བབས་ཀྱི་ནད་ཐམས་ཅད་ཀྱི་གཉེན་པོ་མཆོག་འདི་ཡིན་ནོ་ཞེས་གསུངས་སོ་ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པའི་ལེའུ་བཅུ་དགུ་པའོ་ཞེས་བྱ་བའི་དོན་ཏོ།།

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 2:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།