སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གསུམ་པ། ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་གསུམ་པ། ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས།



ལེའུ་བཅུ་གསུམ་པ། ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔའི་སྔོན་འགྲོ་སྣུམ་འཆོས་རུང་མི་རུང༌། །བསྟེན་ཐབས་ལེགས་ཉེས་དེ་ཡི་ལོག་གནོན་ནོ།།

སྣུམ་རུང་རྒས་སྦེག་སྟོབས་ཆུང་སེམས་ལས་ཆེ། །ལྟོ་སྐྱ་ཁྲག་ཟགས་ཁོང་རྩུབ་ཁུ་བ་ཟད། །རླུང་ཆེ་མིག་འགྲིབས་སྦྱང་བ་དགོས་ལ་བཏང༌།།
མི་རུང་མེ་དྲོད་ཆུང་བ་མ་ཞུ་འཁྲུ། །དྲེག་གྲུམ་དབྱིག་དུག་ཡི་ག་འཆུས་པ་དང༌། །བད་ཀན་སྐྱུག་ནད་སྐོམ་དད་ཆེ་ལ་སྤང༌།།

བསྟེན་ཐབས་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་འབྲུ་མར་ཞུན་མར་རྐང་མར་ཚིལ། །ལུས་དང་མགོ་བསྐུ་འཇམ་རྩི་ཁོང་དུ་བཏང༌། །རྣ་བ་མིག་དང་མཁུར་བཀང་སྣ་ནས་དགང༌། །ནད་དང་ཇི་ལྟར་འཚམ་པ་བཞིན་དུ་སྦྱར། །བཟའ་བའི་ཐུན་ཚད་མེ་དྲོད་འཇུ་སྟོབས་དཔག །ཆུང་འབྲིང་ཆེན་པོ་རིམ་པས་བསྐྱེད་ལ་བཏང༌། །རྟག་ཏུ་ལྟོ་སྐྱིད་སྣུམ་ལ་གོམས་པ་ལ། །སྔོན་ལ་རྩུབ་འཆོས་བྱས་ལ་དེ་རྗེས་བསྟེན། །ལྟོ་སྐྱ་ཁོང་རྩུབ་སྣུམ་གཏོང་ལན་ཚྭར་སྡེབ། །སྣུམ་འཆོས་ཀུན་ལ་ཆུ་ཚན་འཇུ་རྩི་ཡིན། །སྔོ་ངད་རུལ་སྐྱུར་རྗེན་ཟས་སྤང་བྱས་ལ། །ཡང་ཞིང་དྲོ་ལ་འཇུ་སླ་ཅུང་ཟད་བསྟེན། །བུད་མེད་དྲག་ཤུལ་མྱ་ངན་མང་དུ་སྨྲ། །རྟ་ཞོན་ཉིན་གཉིད་ཆུ་རླུང་དུད་པ་སྤང༌། །ཁྱད་པར་སྨན་མར་ལ་སོགས་ཞི་བྱེད་སྣུམ། །ལྟོ་སྟོང་ཟས་དང་མ་སྦྲགས་རྐྱང་པར་བཏང༌། །ཚེ་རིང་མེ་དྲོད་སྐྱེད་ཅིང་དྲན་པ་གསལ། །བློ་འཕེལ་འདོད་ལ་ཞུན་མར་བསྟེན་པར་བྱ། །རླུང་འཕེལ་ལྟོ་སྲ་མཁྲང་འདོད་འབྲུ་མར་ཕན། །དྲོད་ཆེ་བུ་བཙས་རྗེས་དང་རྩོལ་བས་དུབ། །ཟུངས་ཟད་རྩ་སྦུགས་འགགས་ལ་རྐང་ཚིལ་ཕན། །རྨ་དང་མེས་ཚིག་རུས་ཚིགས་ན་བ་དང༌། །ལྟོ་མངལ་རྣ་ཀླད་ན་ལ་ཚིལ་མཆོག་ཕན། །ཞུན་མར་དགུན་དུས་འབྲུ་མར་དབྱར་བཏང་བསྔགས། །རྐང་ཚིལ་དཔྱིད་དུས་ཉིན་མོར་བསྔགས་པ་ཡིན། །སྦྱོང་བྱེད་སྣུམ་འཆོས་ཐོ་རངས་ཞུན་མར་བཏང༌། །ཁོང་སྣུམ་བར་བསྟེན་དེ་ནས་མི་ཕན་འདྲེད། །བརྟ་བྱ་བྱིས་པ་རྒས་དང་སྐྱིད་པར་འདུག །སྣུམ་འདྲིས་མེ་དྲོད་ཆུང་དང་སྐོམ་དད་ཆེ། །སྟོབས་ཆུང་སོས་དུས་ཤ་ཁུ་ཡོས་ཐུག་འབྲས། །སྦྲང་དང་བུ་རམ་ཞུན་མར་སྦྱར་ཏེ་བཏང༌། །འཇུ་སླ་དང་ག་མི་འགག་སྟོབས་སྐྱེད་མཆོག །དེ་དག་ཟོས་རྗེས་ཟས་གོང་ཟས་བར་དུ། །སྣུམ་བསྟེན་ལུས་ཀྱི་སྟོད་སྨད་བར་ལ་ཤིས།།

སྣུམ་ལེགས་ཁོང་སྣུམ་གྱུར་ཚད་རླུང་བདེར་རྒྱུ། །བཤང་བ་མི་སྲི་དྲོད་ཆེ་སྣུམ་མི་འདོད། །ཕན་ཡོན་མདོག་སྟོབས་དབང་གསལ་རྒས་ཀ་སྲ། །སྣུམ་དྲགས་གྱེན་ཐུར་སྣུམ་འབྱུང་དང་ག་འགག །དཔྱིད་སོས་འབྲུ་མར་བསྟེན་ན་བད་མཁྲིས་སློང༌། །དགུན་དུས་ཚིལ་བསྟེན་ལུས་འཁྱགས་མ་ཞུ་སྐྱེད།།

ལོག་གནོན་བཀྲེས་སྐོམ་དུགས་བྱ་སྐྱུག་ཏུ་གཞུག །སྲན་མ་སོ་བ་དར་རྙིང་དྭངས་ཆང་བསྟེན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།



མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།