སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གསུམ་པ། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ།




ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ། 

ཚ་བ་སྤྱི་བཅོས་བསྟན་པའི་རྗེས་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ནད་ལ་རྣམ་པའི་སྒོ་ནས་དཔག་ཏུ་མེད་པ་བསྟན་མོད་ཅིང་གྲངས་ཀྱིས་ཕྱེས་པ་སྟོང་དང་ཉིས་བརྒྱ་སོགས་སུ་བཤད་ཀྱང༌། མདོར་བསྡུས་ན་ཚ་བ་དང་གྲང་བ་གཉིས་སུ་མ་འདུས་པའི་ནད་མེད་ཀྱང༌། དེ་གཉིས་པོ་ཚ་གྲང་ནོར་བར་བཅོས་པ་ཚ་བ་ལ་གྲང་བར་བཟུང་ནས་དྲོད་ཀྱིས་བཅོས་པ་དང་གྲང་བ་ལ་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པ་ན་རང་བཞིན་གྱི་འཚོ་བའི་རྟེན་སྲོག་ཅེས་པ་དེ་འདོར་བའམ་འགགས། དེ་འགགས་ན་དབང་པོ་ཐམས་ཅད་འགགས་ནས་འཆི་བ་སྟེ་སྡུད་པར་དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འགག་པར་འགྱུར་ཞེས་པ་ལྟར་འགྱུར་བས་དེའི་སླད་དུ་ཚ་གྲང་གཉིས་པོ་དེའི་ངེས་པ་ངོས་བཟུང་བ་དང༌། དེ་ལ་འཁྲུལ་སོ་ཅི་འདྲ་ལྟར་བྱས་ནས་བསལ་དགོས་ཞེས་འདྲི་ཞིང་འགྲོ་བ་རྣམས་ཀྱི་སྲོག་ཡུན་རིང་དུ་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་བདག་ལ་བཤད་དུ་གསོལ་ཞེས་ཚིག་གོང་དུ་བསྟན་པ་དེ་སྐད་ཞུས་བའི་དོན་ཚ་གྲང་འཁྲུལ་སོ་བསལ་ནས་གཞན་སྲོག་བརྟན་པར་བྱེད་པའི་ཐབས་ལ་ལན་གྱི་ཚུལ་དུ་གསུངས་པ་ནི། རྟགས་དང་ངོ་བོ་ཕྱོགས་མཐུན་དེ་ལ་མཚན་ཉིད་ཅེས་བྱ་ལ་དེ་ཡང་མཚན་མ་ནི་གནས་བརྒྱད་ཆེན་པོའི་རྩ་བར་མཚན་མ་ནི་མཚོན་པར་ནུས་པ་སྟེ་ཕོ་དབང་གིས་ཕོ་མཚོན་པར་ནུས་པ་ལྟ་བུའོ་ཞེས་པ་དེ་དང༌། དེ་ཁོ་ན་ཉིད་ཅེས་པ་དངོས་པོའི་གནས་ལུགས་ཏེ་དེ་ཉིད་སྒྲ་བསྡུས་པས་མཚན་ཉིད་ཅེས་བྱ་མཚན་མ་རྟགས་དང་ཉིད་དེ་ཁོ་ན་ལ་འཇུག་གོ །དེའི་ཁྱད་པར་བརྗོད་ན་ངོ་བོ་ནི་མཚན་ཉིད་དང་ལྡན་པའི་དངོས་པོ་སྟེ་གསལ་དྭངས་ཚ་བའི་མཚན་ཉིད་ཅན་ཉི་མ་ལྟ་བུའོ། །རྟགས་ནི་མཚན་ཉིད་ཚ་བའི་རྟགས་དྲོ་བ། མཚན་ཉིད་གསལ་དྭངས་ཀྱི་རྟགས་སྣང་བ་ལྟ་བུ་དེ་ལ་ཡོད་པའི་ཆོས་སམ་རྟགས་དེ་མངོན་སུམ་གྱིས་རྟོགས་པར་བྱའོ། །དེ་ཡུལ་ལ་ཞུགས་པ་དོན་བྱེད་ནུས་པའི་རྟགས་དྲོད་ཀྱིས་རྟགས་སྨིན་པ་དང་སྐམས་པ་སོགས་དང་སྣང་བའི་རྟགས་ཡུལ་གྱི་བྱེ་བྲག་ཕྱེད་པ་སོགས་རྗེས་དཔག་གིས་རྟགས་བྱའོ། །དེ་ལ་འདིར་མཚན་ཉིད་སྙོམས་པ་ནད་མེད་ཀྱི་རྟགས་ངོ༌། །ཐང་ལས་ལྷགས་པ་འཕེལ་བའི་རྟགས་ངོ༌། །ཐང་ལས་ཆད་པ་འབྲི་བའི་རྟགས་ངོ་རྣམས་རྟགས་ཅན་ངོ་བོའི་མཚན་ཤས་ཆེ་ཆུང་དང་འབྲེལ་པའི་རྟགས་ངེས་པར་སྟོན་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། དཔེར་ན་སྙོམས་པའི་ལས་བྱེད་པ་ལ་བཤད་རྒྱུད་དུ། མཁྲིས་ལས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང༌། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་བརྟན་བྱེད། །ཅེས་དང༌། མི་སྙོམས་པའི་ལས་བྱེད་པ་ནི། མཁྲིས་ཚད་ཀྱི་མཚན་ཉིད་བདུན་ལྡན་ཞིག་ཐང་ངམ་ཚང་ལས་ལྷག་པས་གདོང་སྣུམ་པ་སོགས་གོང་དུ་བཤད་པ་ལྟར་རང་རྟགས་བསྟན་ནོ། །ཚད་ལས་ཆད་པ་ཟད་པའི་རྟགས་ནི་བཤད་རྒྱུད་དུ། མཁྲིས་ཟད་དྲོད་མདོག་ཉམས་པས་གྲང་དང་ནག །ཅེས་པ་ལྟར་རོ། །རྟགས་དང་རྟགས་ཅན་འབྲེལ་པ་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་པར་བྱེད་པ་ལ་བརྟག་པའམ་ངོས་འཛིན་ཞེས་བྱ་སྟེ། འདས་པའི་རྟགས་སློང་བ་རྒྱུ་ལ་བརྟག་པ། ད་ལྟར་གྱི་རྟགས་ཉིད་རྟགས་ལ་བརྟག་པ། མ་འོངས་པའི་རྟགས་ཕན་གནོད་གོམས་པ་ལ་བརྟག་པ་སྟེ་བྱ་ར་བ་ལྟ་བུའོ། །དེ་དག་ལ་འཁྲུལ་བ་ནི་ངོ་བོ་ལ་འཁྲུལ་བ་ཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུ། རྟགས་ལ་འཁྲུལ་བ་དུ་བ་རླངས་པར་འཁྲུལ་པ་ལྟ་བུའོ། །འདྲ་སྣང་ལ་འཁྲུལ་བ་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་ལྟ་བུའོ། །དེ་ཡང་རྐྱེན་གྱི་དབང་གིས་འདྲ་མིན་ཞིག་ལ་འཁྲུལ་པར་འགྱུར་བ་སྟེ་ལྷ་ཡིན་ཡང་འདྲེ་ལྟར་དུ་སྣང་བ་དང་འདྲེ་ཡིན་ཡང་ལྷ་ལྟར་དུ་སྣང་བ་ལྟར་ཚ་བ་ཡིན་ཡང་གྲང་བ་ལྟར་དུ་སྣང་བ་དང༌། གྲང་བ་ཡིན་ཡང་ཚ་བ་ལྟར་དུ་སྣང་བ་འདི་ལ་འདྲ་སྣང་བློ་བྲིད་ཀྱི་འཕྲང་ཞེས་བྱ་ལ། དེ་ལྟ་བུའི་གནད་འགག་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ་ཞེས་བྱའོ། །སྤྱིར་འགྲོ་བའི་ལུས་དང་དེའི་ཁམས་ནད་དང་རླུང་སེམས་གཉིས་མེད་རྣམས་འབྱུང་བ་ལྔས་བསྐྱེད་ཅིང་ཁམས་གཅིག་ལའང་ལྔ་གས་ཁྱབ་ཀྱང་ཤས་ཆེ་ཆུང་གི་ནམ་མཁའ་སྤྱི་ཁྱབ་ཏུ་བྱས་ནས་མེ་ཁམས་ལ་ཚ་བ་ས་ཆུ་རླུང་གི་ཁམས་ལ་གྲང་བ་ཐ་སྙད་བྱས་པའི་ལུས་གནས་ཀུན་གྱི་འདུས་པ་ཚ་བ་དང་གྲང་བ་གཉིས་ཀྱིས་འཁྲུལ་བའི་གཞི་དོ་གལ་ཆེ་བའི་གནད་འགག་ལ་རྣམ་པ་བཞི་ཡིན་ཏེ། དེ་ཡང་ཕྱི་ནང་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ཚ་བ་དང༌། དེ་བཞིན་ཕྱི་ནང་གི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་གྲང་བ་དང༌། ཡང་ཕྱི་ནང་སོགས་ཀྱི་རྟགས་ཚ་བར་སྟོན་ཡང་དོན་ནད་ཀྱི་ངོ་བོ་གྲང་བར་གནས་པ་དང༌། དེ་བཞིན་དུ་ནད་ཀྱི་ངོ་བོ་ཚ་བར་གནས་ཀྱང་ཕྱི་ནང་གི་རྟགས་སོགས་གྲང་བར་སྟོན་པ་འབྱུང་བ་ཡིན།

རྒྱུ་རྐྱེན་ནི་སྤྱིར་རྒྱུ་ལ་སྤྱིའི་རྒྱུ་མ་རིག་པ་རིང་རྒྱུ་དུག་གསུམ། །ཉེ་རྒྱུའི་དངོས་རྒྱུ་ཉེས་གསུམ། རྐྱེན་སྐྱེ་མཆེད། གསོག་ལྡང་སློང་རྐྱེན། དུས་གདོན་ཟས་སྤྱོད་བཞི་སོགས་བཤད་ཀྱང༌། འདིར། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་བྱུང༌། །ཞེས་པ་ལྟར་སློང་རྒྱུ་དེ་ལ་རྒྱུ་རྐྱེན་དུ་བཞག་པའི་སློང་རྒྱུའམ་སློང་རྐྱེན་དང༌། ཕྱི་ནང་གི་རྟེན་འབྲེལ་གྱི་ངེས་པ་ཅན་སྡོད་པའི་ཡུལ་དང༌། ཉི་མས་བགྲོད་པའི་དབང་གིས་ཕྱིས་འབྱུང་སྐྱེ་འབྲི་བྱེད་པ་ལྟར་ནང་གི་འབྱུང་ཁམས་ཀྱང་སྐྱེ་འབྲི་བྱེད་ཅིང་གསོག་ལྡང་ཞི་བའི་ངེས་པ་ཅན་ནམ་ཟླའི་དུས་དང༌། ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། །ཉེས་པ་ལྷག་འགྱུར་རང་བཞིན་བདུན་དུ་འགྱུར། །ཞེས་པའི་ཐོག་མ་ནས་དེའི་རང་བཞིན་དུ་ཡོད་པའི་རང་བཞིན་དང༌། རྒས་པ་རླུང་མི་དར་མ་མཁྲིས་པའི་མི། །བྱིས་པ་བད་ཀན་མི་ཡིན་ན་སོས་གཉན། །ཞེས་པ་ལྟར། རྒན་བྱིས་དར་མ་ཉེས་གསུམ་ཤས་ཆེ་ཆུང་ཅན་ན་སོའི་ཚོད་དང༌། གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ག་དང༌། །ལྟེ་བའི་འོག་བར་སྟེང་ན་མས་རིམ་གནས། །ཞེས་ཉེས་གསུམ་གྱི་ཁམས་ཤས་ཆེ་བར་སོ་སོར་འཛིན་པའི་གནས་ས་དང༌། དགོངས་དང་ཐོ་རངས་རླུང༌། ཉིན་གུང་མཚན་གུང་མཁྲིས་པ། སྲོད་དང་སྔ་དྲོ་བད་ཀན་ལ་བབ་སྟེ་ཉིན་ཞག་གི་ལྡང་དུས་དང༌། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། །རོ་མངར་ལྦུ་བ་ཅན་གྱུར་བད་ཀན་སྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པས། །རྣམ་པར་ཚ་བས་རོ་སྐྱུར་མཁྲིས་པ་སྐྱེད། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། །ཁ་བར་གྱུར་ཏེ་དེ་ཡིས་རླུང་བསྐྱེད་འགྱུར། །ཞེས་པའི་ཞུ་དུས་ཏེ་ཟས་ཟོས་དང༌། ཟས་སྤྱོད་དང་སྨན་ཡུན་དུ་བསྟེན་པའི་འདྲིས་ཤིང་གོམས་པ་དང༌། ཚ་གྲང་གི་ལ་ཤན་དབྱེ་ནུས་ཤིང་གསལ་བ་ཆུ་སྟེ་འདི་བཅུའི་སྒོ་ནས་ཚ་གྲང་འཁྲུལ་བ་མེད་པར་ངོས་བཟུང་དགོས་ཏེ།

མཁྲིས་པ་ཆེར་སྐྱེད་པར་བྱེད་པའི་སློང་རྒྱུ་རྐྱེན་ལྟར་སྣང་ཡང་སློང་བའི་རྒྱུར་རུང་སྟེ་དཔེར་ན་རྐྱེན་སེམས་བསྐྱེད་པ་སོགས་བསགས་སྦྱང་གི་རྐྱེན་སངས་རྒྱས་ཀྱི་རྒྱུ་ཡིན་པ་ལྟར་རོ། །དེས་ན་སློང་རྒྱུའམ་སློང་རྐྱེན་བཤད་རྒྱུད་དུ། ཚ་བའི་རོ་དང་རྣོ་ཚ་སྣུམ་བསྟེན་དྲགས། །རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང༌། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང༌། །བང་དང་འགྲོ་ལས་དག་གིས་ཉེན་པ་དང༌། །རྟ་ཡིས་བརྡབ་དང་གཡང་ལ་ལྷུང་བ་དང༌། །ཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་དང༌། །ཤ་མར་བུ་རམ་ཆང་སོགས་བཟའ་བཏུང་དྲགས། །རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་སློང་བར་བྱེད།། ཅེས་གསུངས་པས། རྒྱུ་དེས་བསྐྱེད་ནས་ན་བ་དང༌། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་དང༌། དུས་སོས་ཀ་ས་གའི་ཟླ་བ་དང༌། སྣྲོན་གྱི་ཟླ་བ། སྟོན་ཁྲུམས་སྟོད་ཀྱི་ཟླ་བ་དང༌། ཐ་སྐར་གྱི་ཟླ་བ་དང༌། ན་ཚོད་བཤད་རྒྱུད་དུ་བཤད་པ་ལྟར་གྱི་དར་མ་ཁྲག་དང་རང་བཞིན་བདུན་ལས། མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་ང་རྒྱལ་ཆེ། །རྔུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང༌། །མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་སྟེ། །སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན། །ཞེས་གསུངས་པ་ལྟར་མཁྲིས་ཤས་ཆེ་བ་དང་ནད་ཀྱི་གནས་སྙིང་ག་མན་ལྟེ་འོག་ཡན་གྱི་བར་ན་གནས་པ་དང༌། ཉིན་ཞག་ཕྱི་ནང་གི་མེ་དྲོད་འཕེལ་བའི་དུས་ཉིན་གུང་མཚན་གུང་ཟས་ཟོས་རྣམ་པར་ཚ་བ་རོ་སྐྱུར་མཁྲིས་པ་སྐྱེད་ཅེས་པའི་ཞུ་དུས་ན་བ་དང༌། གོམས་པ་ཤ་མར་བུ་རམ་ཆང་རྙིངས་སོགས་ཁ་ཟས་དྲོད་བཅུད་ཡུན་དུ་བསྲིངས་ནས་བསྟེན་པས་ད་ལྟ་མཚན་ཉིད་དང་འབྲེལ་བའི་རྟགས་ཏེ་ཆུ་དམར་བ་ནི་ཁྲག་འཕེལ་བས་མཁྲིས་པ་རྒྱས་ཚད་པ་བསླང་བ་སྟེ་རྟེན་བརྟེན་པ་གཉིས་ཀ་འཕེལ་བའི་རྟགས་སོ། །བསྐ་བ་ནི་དྲོད་ཀྱིས་ཆུ་ཁམས་བྲི་ནས་གར་བར་བྱས་པ་ཡིན་ལ་དྲི་དུགས་པ་ནི། ཚ་རྣོ་ལུས་ཟུངས་འདྲུལ་ཞིང་དྲི་མནམ་པའི་ཆ་འཕེལ་བའོ། །ཀུ་ཡ་མཐུག་པ་ནི་ཁྲག་མཁྲིས་སྟོབས་སུ་གྱུར་པ་དངོས་ཀྱི་རྟགས་སོ་ཞེས་བཤད་མ་ཐག་པ་དེ་བཅུ་ཚོགས་པ་དེ་ལ་མཁྲིས་པ་འཕེལ་བའི་རྟགས་སྤྱིར། མཁྲིས་པ་འཕེལ་བས་བཤང་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་འཁྲུ་བར་བྱེད། །ཅེས་དང༌། ཁྱད་པར་དུ། ཚ་བའི་རྩ་ནི་མགྱོགས་རྒྱས་གྲིམས་པ་ཡིན། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །མགོ་ན་ཤ་ཚ་ཁ་རོ་སྐྱུར་ལ་ཁ། །ལྕེ་སྟེང་བད་ཀན་ཆེ་ལ་སྣ་སྒོ་སྐམས། །མིག་སྤྲིན་དམར་སེར་གཟེར་བ་གཅིག་ཏུ་འགྲིལ། །ལུད་པ་དམར་སེར་ཚྭ་བྲོ་སྐོམ་དད་ཆེ། །ཁྲག་མཁྲིས་འཁྲུ་སྐྱུག་རྔུལ་ཆེ་དྲི་མ་མནམ། །ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །ཁ་དོག་དམར་སེར་སྨིན་དང་འདྲུལ་བར་བྱེད། །དེ་དག་མཁྲིས་པའི་མེ་དྲོད་འཕེལ་རྟགས་ཡིན། །ཞེས་པ་དེ་རྣམས་བྱུང་ན་ཕྱི་རུ་སྣང་བའི་རྟགས་དང༌། རྟགས་ཅན་ནད་རང་གི་ངོ་བོ་གཉིས་ཀ་ཚ་བ་ཡིན་ནོ།།

གལ་ཏེ་བཅུ་པོ་དེ་ལ་བད་ཀན་དང་རླུང་འཕེལ་རྟགས་སྤྱིར། བད་ཀན་འཕེལ་བས་དྲོད་མེད་འཇུ་སྟོབས་ཆུང༌། །མཆིལ་མང་ལུད་པ་གཉིད་ཆེ་དབུགས་མི་བདེ། །ལུས་ལྕི་མདོག་དཀར་ཁོང་སྙོམ་ཡན་ལག་ལྷོད། །ཅེས་པ་དང༌། ཁྱད་པར་དུ། བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་གུད་དལ། །ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲངས། །སྣབས་ལུད་མང་ཞིང་མགོ་འཐོམ་ལུས་སེམས་ལྕི། །མཁལ་རྐེད་ན་ཞིང་ལུས་སྦོ་ལྦ་བ་སྐྱེ། །རྩམ་པ་བད་ཀན་སྐྱུག་ཅིང་འཁྲུ་བ་དང༌། །དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུར། །གཡའ་མཁྲང་ཚིགས་དམ་ཤ་རྒྱས་ལས་མཐའ་རིང༌། །ནམ་ཞོད་སྲོད་དང་སྔ་དྲོ་ཟས་ཐོག་ལྡང༌། །ཞེས་པ་དང༌། རླུང་འཕེལ་བའི་སྤྱི་རྟགས། དེ་རྟགས་རླུང་འཕེལ་སྐེམ་ནག་དྲོད་ལ་དགའ། །ལུས་འདར་ལྟོ་བ་སྦོ་ཞིང་བཤང་བ་སྲི། །སྨྲ་མང་མགོ་འཁོར་སྟོབས་ཉིད་དབང་པོ་ཉམས། །ཞེས་པ་དང༌། ཁྱད་པར་དུ། འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་རྐྱལ། །ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། །འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་ཟི་འཁོར་རྣ་བ་འུར་ལ་འཁྲོག །ལྕེ་སྐམ་དམར་རྩུབ་ཁ་རོ་བསྐ་བ་བྲོ། །གཟེར་འཕོ་གྲང་འདར་འགུལ་ཁྱབ་ཟུག་དང་སྙོམ། །རེངས་འཁུམས་བྱེ་ཆག་འབྱིན་དང་དཀྲིས་སྙམ་བྱེད། །འགུལ་ན་ཟུག་ཆེ་སྤུ་བརྩེ་ཕྲུམ་སེར་ཁྱེར། །གཉིད་མེད་གཡལ་འདར་བརྐྱང་འདོད་ཚིག་པ་ཟ། །དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུ་འགྲམ་ཟུག་ཅིང་གཟེར། །རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ལྦུ་གསོབ་ལུ། །སྦོ་འཁྲོག་དགོངས་དང་ཐོ་རངས་ཞུ་རྗེས་ན། །ཞེས་པ་རྣམས་འབྱུང་བའི་རྟགས་ཡོད་ན་དེ་ནི་ཕྱི་རྟགས་བད་རླུང་འཕེལ་བ་ལྟར་གྲང་བར་སྣང་ཡང་ནད་ཀྱི་ངོ་བོ་ཚ་བར་གནས་པ་ཡིན་ཏེ་སྦས་པའི་མེ་ལྟར་རོ། །དེས་ན་བཅུ་པོ་འདི་ངེས་པ་ཅན་དང་གཞན་འདྲ་སྣང་དུ་བལྟའོ། །བད་རླུང་ནི། ཡན་ལག་བརྒྱད་པར། ཟུང་དུ་འཇུག་པ་རླུང་གི་མཆོག །ཅེས་དང༌། འདིར་ནི། རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། །ཞེས་ཚ་གྲང་གཉིས་ཀར་ཁྱབ་པར་བཤད་པ་ནི་བྱེད་པར་དགོངས་པ་ཡིན་ལ། འདིར་བད་རླུང་ཕྱོགས་མཐུན་གྲང་བར་བཤད་པ་ནི་ངོ་བོ་ལ་དགོངས་པ་སྟེ་མཚན་ཉིད་གྲང་ཞིང་སྲ་བ་དང༌། གཉེན་པོ་དྲོད་བཅུད་ཀྱིས་སེལ་བ་སོགས་ལས་ཤེས་པར་བྱའོ།།

བད་ཀན་དང་རླུང་བསྐྱེད་པའི་སློང་རྒྱུ་ནི། གཞུང་དུ། དེ་རྐྱེན་ཁ་དང་ཡང་རྩུབ་བསྟེན་དྲགས་དང༌། །ཆགས་པས་དུབ་དང་ལྟོ་ཆག་གཉིད་ཆག་དང༌། །ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟགས་དང་འཁྲུ་སྐྱུག་དྲག་པོས་བཏབ། །བསེར་བུས་བུས་དང་ག་ཆད་ངུས་པ་དང༌། །མྱ་ངན་སེམས་ལས་ཁ་ཡི་ལས་ཆེས་དང༌། །བཅུད་མེད་ཁ་ཟས་ཡེན་ལ་གཏད་པ་དང༌། །ཤུགས་བཀག་པ་དང་ནན་གྱིས་བཙིར་བ་ཡིས། །ཞེས་སོ། །རླུང་མཚན་ཉིད་བདུན་ལྡན་ཐ་མལ་དུ་གནས་པ་དེ་རྣམས་ཀྱིས་བསྐྱེད་ཅིང་སློང་བས་སློང་རྒྱུའོ། །དེ་བཞིན་དུ་བད་ཀན་གྱི་སློང་རྒྱུའི་གཞུང་དུ། །སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། །འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང༌། །ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང༌། །རྩི་མར་རུལ་པ་ལོ་ཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང༌། །མ་ཚོས་ཚིག་དང་ཁེངས་པོའི་ཟས་རྣམས་དང༌། །བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ། །བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང༌། །ཞེས་པ་སོགས་བད་ཀན་བསྐྱེད་པའི་སློང་རྒྱུ་སྟེ། འདིར་ཕྱོགས་གཅིག་ཏུ་བད་རླུང་བསྐྱེད་པའི་སློང་རྒྱུ་བསྟན་པ་དང༌། གྲང་ངད་ཅན་དང་རླུང་བསེར་བུ་ཅན་རླུང་གི་གནས་རླན་ཅན་བད་ཀན་གྱི་ཡུལ་དང༌། དབྱར་ཆུ་སྟོད་དང་གྲོ་བཞིན་གྱི་ཟླ་བ་རླུང་གི་དུས་དང༌། དགུན་སྨིན་དྲུག་མགོ་རྒྱལ་མཆུའི་ཟླ་བ་བད་ཀན་གསོག་པའི་དུས་དང༌། ན་ཚོད་ལྔ་བཅུ་ཡན་རྒས་པ་རླུང་དང༌། བཅུ་དྲུག་མན་བྱིས་པ་བད་ཀན་གྱི་གནས་སྐབས་དང༌། རང་བཞིན་རླུང་དང་བད་ཀན་ཤས་ཆེ་བ་ཞེས་པའི་རླུང་ནི། །དེ་ལས་རླུང་གིས་བསྐྱེད་པའི་མི་རྣམས་ནི། །དབྱིབས་སྒུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང༌། །གྲང་ལྷགས་མི་བཟོད་འགྲོ་ཚེ་སྒྲ་དང་བཅས། །ནོར་ཆུང་ཚེ་ཐུང་གཉིད་སྲབ་ལུས་བོངས་ཆུང༌། །གླུ་དང་དགོད་དང་འཐབ་མོ་མདའ་ལ་དགའ། །མངར་སྐྱུར་ཁ་ཚའི་རོ་ལ་སྲེད་པ་སྟེ། །བྱ་རྒོད་ཁྭ་ཝའི་མཚན་ཉིད་ལྡན་པ་ཡིན། །ཞེས་པ་དང༌། བད་ཀན་གྱི་རང་བཞིན་ཤས་ཆེ་བ་ལ། བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང༌། །རུས་ཚིགས་མི་མངོན་ཤ་རྒྱས་ཁ་དོག་དཀར། །དབྱིབས་དགྱེ་བཀྲེས་སྐོམ་ཉོན་མོངས་ཐན་པ་བཟོད། །ལུས་ཆེ་ཚེ་རིང་ནོར་མང་གཉིད་འཐུག་ཅིང༌། །ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང༌། །ཚ་སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ། །སེང་གེ་ཁྱུ་མཆོག་མཚན་ཉིད་ལྡན་པ་ཡིན། །ཞེས་དེ་ཤས་ཆེ་བ་སྟེ་བད་རླུང་ཤས་ཆེ་བ་དང༌། རླུང་སྙིང་ག་ཡན་སྟོད་ན་གནས། བད་ཀན་ལྟེ་འོག་མན་སྨད་ན་གནས་ཤིང་དུས་ཉིན་ཞག་གི་ཐོག་མ་སྔ་དྲོ་དང༌། སྲོད་བད་ཀན། ཐ་མར་དགོངས་དང་ཐོ་རངས་རླུང་གི་དུས་ན་ན་བ་དང༌། ཟས་ཟོས་ཐོག་བད་ཀན་ཞུ་རྗེས་རླུང་གི་དུས་ན་ལྡང་བ་དང༌། གོམས་པ་སྔོ་དང་བྲ་བོ་གཡེར་མ་སོགས་བཅུད་མེད་པའི་བསིལ་བའི་ཟས་རྒྱུན་དུ་བསྟེན་པས། ཆུ་སྔོ་བ་ནི་དྲོད་ཆུང་བས་མ་བསྒྱུར་བར་རང་མདོག་སྔོ་བའོ། །དྲི་དང་རླངས་པ་ཆུང་བ་ནི་གྲང་བའི་ཁམས་འཕེལ་བ་ཡིན་ལ། ཀུ་ཡ་སྲབ་པ་ནི་ཁྲག་མཁྲིས་ཤས་ཆུང་ཞིང་གྲང་བའི་ཁམས་འཕེལ་བའོ། །གོང་དུ་བསྟན་པ་བཅུ་པོ་དེ་འཚོགས་པ་དེ་ལ་བད་ཀན་རང་གནས་འཕེལ་བའི་རྟགས་དང་བད་ཀན་འཕེལ་བས་མཆིལ་མ་འབྱར་བག་མང་སོགས་དང༌། གཞན་གནས་སུ་སླེབ་རྟགས། བད་ཀན་འཁྲུགས་རྟགས་རྩ་ནི་བྱིང་ལ་གུད། །སོགས་དང༌། རླུང་རང་གནས་སུ་འཕེལ་རྟགས། དེ་རྟགས་རླུང་འཕེལ་སོགས་དང༌། གཞན་གནས་སུ་སླེབ་རྟགས། འཁྲུགས་རྟགས་རླུང་གི་རྩ་ནི་སྟོང་ལ་ཀྱལ། སོགས་བད་རླུང་འཕེལ་བའི་རྟགས་བྱུང་ན་ཕྱི་ནང་གི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་གྲང་བ་ཡིན་ལ། དེ་ལ་མཁྲིས་པ་འཕེལ་བའི་ཕྱི་ནང་དུ་ཚད་རྟགས་ཡོད་ན་ཕྱི་རྟགས་ཚ་བ་ལྟར་སྣང་ཡང་ངོ་བོ་གྲང་བར་གནས་པའི་རླངས་པ་ལྟར་ཡིན་ནོ།།

རྟགས་དང་ངོ་བོའི་རྣམ་དབྱེ་གོང་དུ་བསྟན་པ་ལྟར་འོང་རིགས་ཀྱང་གལ་ཏེ་རྒྱུ་མཚན་སོགས་གོང་གི་བརྟག་པ་བཅུ་པོ་དེ་དག་ཕན་ཚུན་འདྲེས་པར་གྱུར་ན་རྒྱུ་དང་འབྲས་བུའི་ཚུལ་དུ་ཚ་བ་དང་གྲང་བ་འདྲེས་པས་ཡིན་པ་ལ་མིན་པ་དང་མ་ཡིན་པ་ལ་ཡིན་པ་ལྟར་དུ་སྣང་བའི་ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་ལུས་འདི་ལ་འབྱུང་བ་ལྔའི་ཁམས་ཉེས་གསུམ་གྱི་མཚན་ཉིད་ཉི་ཤུ་རྣམས་ཟུངས་དང་དྲི་མ་ཙནྡན་དང་དྲིའི་ཚུལ་དུ་ལ་ལ་ཤས་ཆེ་བར་གནས། ལ་ལ་རྒྱས་འགྱུར་བག་ཉལ་གྱི་ཚུལ་དུ་གནས་པ་ལ་རྒྱུ་རྐྱེན་སོགས་བཅུ་པོ་དེ་དག་འདྲེས་ཤིང་འཁྲུགས་པས་ཉེས་པ་རང་གི་འཕེལ་ཟད་འཁྲུགས་པ་དང༌། གནས་ཀྱི་དབང་གིས་བསྒྱུར་ནས་ངོ་བོའི་འཕེལ་འགྲིབ་དང་དེའི་རྟགས་སོགས་དུ་མར་འགྱུར། དཔེར་ན་ཆུ་ལ་གཟུགས་མདོག་དུ་མར་བསྒྱུར་བ་དང༌། འཁྱགས་པ་གོང་བུར་འདྲིལ་བ་དང༌། གཞན་བསིལ་བར་བྱེད་པ་དང༌། དྲོས་ན་གཞན་ཚོས་པར་ནུས་པ་དང༌། རླངས་པ་གཡོ་བ་སོགས་དུ་མར་སྣ་ཚོགས་བྱེད་པ་ལྟར་རོ། །ངོ་བོ་ཚ་བ་ཡིན་པ་ལ་རྟགས་གྲང་བ་ལྟ་བུར་སྣང་བ་དང༌། ངོ་བོ་གྲང་བ་ཡིན་པ་ལ་རྟགས་ཚ་བ་ལྟ་བུར་སྣང་བ་གང་ཡང་རུང་སྟེ། འཁྲུལ་སོ་ནད་ཀྱི་གཞི་ལ་ལྟར་སྣང་དང་རྟགས་ཀྱི་ལྟར་སྣང་དང་བཅོས་ཐབས་ཀྱི་ལྟར་སྣང་དང༌། གོམས་པའི་ལྟར་སྣང་དང༌། བཅོས་པའི་སྐྱེད་བྱུང་མིན་གྱི་ལྟར་སྣང་སྟེ་འདི་ལྔས་འཁྲུལ་སོའི་སོ་འཚམས་བསལ་བར་བྱའོ།།

འཁྲུལ་སོ་ལྔའི་དང་པོ་ནད་གཞི་དང་དེའི་མིང་གི་ལྟར་སྣང་ནི། ནད་གཞི་དྭངས་མ་མ་ཞུ་བ། ཅིའི་ཕྱིར་དྭངས་མ་མཆིན་གནས་མཁྲིས་ལྡན་ཚ། །ཞེས་པ་དང༌། ཚ་བའི་གླང་ཐབས་འདུས་པ་ཡིན་པ་དང་ཁྲག་ཚད་རྒྱས་དུས་ཀྱི་བད་ཀན་སྨུག་པོ་དང༌། ཚ་སྐྲན་དང་ཚ་ཆུ་དང་ཚ་བའི་ཆུ་འགགས་པ་དེ་རྣམས་ལ་མཚན་ཉིད་དང་མིང་གི་ལྟར་སྣང་དྭངས་མ་མ་ཞུ་བ་ལའང་དྭངས་སྙིགས་མ་ཕྱེད་པར་མ་ཞུ་བ་ཡིན། ཚ་གླང་ལའང་ཚ་གྲང་མ་ཕྱེད་པར་གླང་ཐབས་ཡིན། བད་ཀན་སྐྱ་སྨུག་མ་ཕྱེད་པར་བད་ཀན་ཡིན། ཆུ་ཚ་གྲང་མ་ཕྱེད་པར་དམུ་ཆུ་ཡིན། སྐྲན་ཚ་གྲང་མ་ཕྱེད་པར་སྐྲན་ཡིན་པ་དང༌། ཆུ་འགགས་ཚ་གྲང་མ་ཕྱེད་པར་ཆུ་འགགས་ཡིན་ཞེས་བྱ་བའི་མིང་ཙམ་ལ་བསྟེན་བྱས་ནས་དྲོད་ཀྱིས་བཅོས་པས་ཚ་བ་ལ་ཚ་བ་བསྣན་པ་ལྟར་སོང་བས་དྲོད་ཀྱི་རྟེན་སྣོད་བྱ་འདྲུལ་ནས་ནད་པ་དེའི་བརྟེན་པ་སྲོག་ཕྱིར་འདོར་བར་བྱེད་དོ། །དུག་རིགས་རྣམས་ཀྱི་ནང་ནས་དབྱིག་དུག་དང་རྡོ་དུག་ལ་འོག་ཏུ། རིན་ཆེན་རྡོ་ལས་སྦྱར་བ་གྲང་བར་འགྱུར། །ཞེས་པ་ལྟར་ཡིན་པ་ལ་དུག་ཡིན་ཞེས་མིང་ཙམ་ལ་བརྟེན་ནས་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པས་བསིལ་ལ་བསིལ་བསྣན་པས་གནོད་བྱ་ལ་དྲོད་རྒྱས་འགྱུར་ཙམ་ཡང་མེད་པར་བྱས་ཏེ་གྲང་བས་སྲོག་འདོར་བར་བྱེད་དོ། །རྒྱུ་མཚན་དེའི་ཕྱིར་ལྟར་སྣང་ཙམ་གྱི་མིང་ལ་མི་བརྟེན་པར་ནད་རང་གི་ཚ་གྲང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བར་བྱ་སྟེ་དུ་བ་ལ་མེ་ལྟར་བརྟགས་པ་ལ་བརྟེན་ནས་རྟོགས་པར་འགྱུར་བས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀའ་བསླུ་བ་མེད་པ་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་དང༌། བཤད་རྒྱུད་དུ། མེ་དང་དུ་བ་ཇི་བཞིན་དུ། །ནད་ཀྱི་ངོས་ནི་རྟགས་ལ་བཟུང༌། །ཞེས་དང༌། གང་ན་མེ་ཡོད་ན་དུ་བ་ཡོད་པས་ཁྱབ། དཔེར་ན་དུ་ལྡན་ལ་ལ་ཆོས་ཅན་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཀྱང་རྟོགས་པར་འགྱུར་རོ།།དེ་ཡང༌།

མིང་གི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། །ཞེས་པ་ལྟར་དེ་ལའང་རྟགས་རང་ལ་ངོ་བོ་དང་འགལ་བའི་ལྟར་སྣང་གི་འཁྲུལ་སོ་འབྱུང་སྲིད་དེ། གང་ཞེ་ན་རླུང་གི་མཚན་ཉིད་ཡང་གཡོས་ཁྲག་ཚད་སྐྱེ་བས་ཁ་དང་ལྕེ་སྐམས་པ་དང་རྩུབ་གཡོས་རླུང་གསང་དུ་གཟེར་འཕོ་བ་དང་མི་འགྱུར་མི་འཕོ་བད་ཀན་ལྷེན་གཟེར་རམ་སྟོད་གཟེར་ཆེན་པོ་དང་མཁྲིས་པའི་ཚད་པ་མེ་ལྟ་བུའམ་ཆུ་ཚན་ལྟ་བུ་རླུང་གིས་ཆེར་བུས་པའི་དྲོད་རླངས་ཀྱིས་མགོ་ནད་དང་མ་ཞུ་བ་དྭངས་སྙིགས་འདྲེས་པས་རྩ་ལམ་བཀག་ཅིང་མཁྲིས་ཡུལ་འཕྲོགས་པའི་མིག་སེར་དང་ཚད་པ་རྒྱས་རྗེས་སམ་གཞུག་རླུང་གིས་བུས་པའི་སྟོང་པའི་ཚད་པ་རྣམས་ངོ་བོ་རླུང་དང་བད་ཀན་ཡིན་པས་གྲང་ཡང་ཕྱི་སོགས་རྟགས་ཚ་བར་འཁྲུལ་བར་བྱེད་དོ། །དེ་ཡང་ངོ་བོ་བད་རླུང་དུ་མ་རྟོགས་པ་ལྟར་སྣང་གི་རྟགས་ཁ་ལྕེ་སྐམ་པ། གཟེར་བ་མགོ་ན་བ་མིག་སེར་བ་དྲོད་ཆེ་བ་སོགས་ཀྱི་རྗེས་སུ་འབྲངས་ནས་ཚད་པར་བཟུང་ན་དེའི་གསོ་བའང་ལོག་པར་འགྲོ་སྟེ་གཉེན་པོ་བསིལ་གྱིས་བཅོས་པས་དངོས་གཞིའི་བད་རླུང་ཆེར་བསྐྱེད་ནས་གྲང་བས་འཚོ་བའི་རྟེན་སྲོག་འདོར་བར་བྱེད་དོ། །སྲོག་འདོར་ཞེས་པའི་སྲོག་ནི་སྤྱིར་རང་རང་འཚོ་ཞིང་འཛིན་པའི་ཁམས་དེ་སྲོག་ཡིན་ལ་འདིར་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་སྲོག་ཅེས་བྱ། དེ་ཡང་རྩ་བ་དང་ཡན་ལག་གི་རླུང་སྲོག་འཛིན་དང་ཀླུ་ནམ་མཁའི་ཁམས་གྱེན་རྒྱུ་དང་རྩངས་པ་མེ་ཁྱབ་བྱེད་དང་ལྷ་སྦྱིན་ཆུ་མེ་མཉམ་དང་རུས་སྦལ་རླུང་ཐུར་སེལ་དང་ནོར་ལས་རྒྱལ་བ་ས་ཁམས་ཏེ་འབྱུང་བ་ལྔའི་རང་བཞིན་ལས་གནོད་བྱ་གནོད་བྱེད་དབང་པོ་དབང་ཤེས་རྣམས་རྟེན་འབྲེལ་གྱི་ཚུལ་དུ་གྲུབ་སྟེ་བཤད་རྒྱུད་དུ། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་བརླན་པ་བསྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་བསྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་བསྐྱེད། མཁའ་ལས་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། །གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེད། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པས་ལུས་སུ་འགྲུབ། །ཅེས་དང༌། ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས། །ཞེས་སོགས་དང༌། དུས་འཁོར་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུང་བ་དག་ལས་བྱུང་གྱུར་པ། །རོ་དྲུག་དག་ཀྱང་འབྱུང་བ་ལས་བརྟེན་འབྱུང་བ་དག་ཀྱང་ངེས་པར་ནམ་མཁའི་ཁམས་ལས་སོ། །ལུས་དང་ཡེ་ཤེས་རོ་མཉམ་བསྲེས་པ་དག་ལ་རབ་གསལ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། །ཞེས་དང༌། སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོའི་རྩ་བ་དག་དང་མདུན་དུའོ། །ཞེས་སོགས་གསུངས་སོ། །དེའི་རྟེན་གཙོ་བོར་གྱུར་པ་གཉན་པའི་གནད་རྣམས་དང་ཚེའི་རྩ་དང་ཤ་བཅས་ནད་གཞི་ལུས་ཟུངས་དྲི་མ་ཐམས་ཅད་ལ་ཁྱབ་པ་ཙནྡན་དང་དྲི་ལྟ་བུར་གནས་པ་ལས་རོ་ནུས་སྤྱོད་ལམ་གྱིས་བྱེད་པས་ནད་ཟུངས་དྲི་མ་མཉམ་པར་གནས་ན་ནད་མེད་བདེ་བར་འཚོ་ཞིང་འཕེལ་ཟད་འཁྲུགས་པས་ནད་དང་ཐམས་ཅད་ཚ་བའི་སྟོབས་སུ་གྱུར་ནས་གྲང་བའི་ཁམས་ཟད་པ་དང༌། ཐམས་ཅད་གྲང་བའི་སྟོབས་སུ་གྱུར་ནས་དྲོད་ཀྱི་ཁམས་ཟད་པ་དང་རླུང་གི་སྲོག་རྟེན་ཆད་པ་སོགས་གཅིག་གཤེད་གཅིག་གིས་བྱས་ནས་བག་ལ་ཉལ་རྒྱས་གྱུར་ཙམ་ཡང་མེད་པ་རྩ་བ་ཆད་པའི་ཤིང་དང་ཤིང་ཚིག་པའི་སོལ་བ་དང་སྣུམ་ཟད་པའི་མར་མེ་ལྟར་གྱུར་ན་བརྟེན་པ་སྲོག་དེ་འདོར་བར་བྱེད་དོ།།

དེ་ཡང་གནས་པ་ངེས་པ་ཅན་ཕོ་བ་དང་མཁལ་མ་དང་སྙིང་སྟེ་དེ་རྣམས་ལ་ཚ་བ་གབ་པའི་གནས་སུ་བསྟེན་པ་ནི་མིད་པའི་མར་སྣ་དང་ཟངས་ཚགས་ལུ་གུ་མགོའི་བར་གྱི་ཕོ་བའི་ཡུལ་དེ་ནི་ཟས་འཇུ་ཞིང་སྨིན་པར་བྱེད་པའི་གཞི་རྟེན་ཡིན་པས་རྒྱུ་མཚན་དེའི་ཕྱིར་ཕོ་བའི་གནས་དེར་ཚ་བའི་ནད་ཀྱི་རིགས་ཞུགས་ན་འཇུ་བྱེད་ཀྱི་མེ་དེས་མཐུན་པའི་ལས་མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ་ཞེས་སོགས་དང༌། དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང༌། །ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཅེས་པ་དེ་མི་བྱེད་པར་དེ་ལས་ལོག་པའི་མི་འཇུ་བ་སོགས་ཕྱིན་ཅི་ལོག་པའི་ལས་བྱེད་དེའི་ཤུགས་ཀྱིས་རླུང་མེ་མཉམ་དང་བད་ཀན་མྱག་བྱེད་ཀྱང་ལོག་པའི་ལས་བྱེད་པས་གཟེར་བ་དང་རྫིང་བ་དང་མི་འཇུ་བ་དང་སྒྲེག་པ་དང་སོགས་ཁོངས་ནས་སྦོས་པ་སྐྱུག་པ་འགྱིངས་པ་བཤལ་བ་སོགས་གྲང་བའི་རྟགས་འབྱུང་སྟེ་ཕོ་བའི་མེ་དྲོད་གསུམ་ནི་རང་གི་ཚད་ལས་ལྷག་ནའང་མི་འཇུ་ཆད་ནའང་མི་འཇུ་བའི་དོན་ནོ། །ཚ་གྲང་སོགས་ནི་ལུས་སྤྱི་ལ་ཁྱབ་ཀྱང་གང་ཤས་ཆེ་བའི་གནས་དེར་དེ་མཐུན་རོ་ནུས་ཀྱི་མཚན་ཉིད་ལྷན་དུ་གནས་པ་ལས་མཁལ་མ་ས་ཆུའི་རང་བཞིན་ཅན་རོ་མངར་བ་དེ་མཐུན་གྱི་ནུས་པ་སྣུམ་ལྕི་འཇམ་བརྟན་སོགས་ཀྱི་རང་བཞིན་ལས་བད་ཀན་ལྷན་ཅིག་བརྟེན་པ་ས་ཆུ་དེ་གྲང་བའི་གཞིའི་ཡུལ་ལམ་གནས་ཡིན་པས། ཚད་པའི་ནད་ཞུགས་ཀྱང་གནས་ཀྱི་དབང་གིས་དྲོས་པའི་ཚེ་ན་ཕན་པ་དང་ཆུ་སྲི་བ་དང་གྲང་ན་ན་བར་མངོན་པ་སོགས་གྲང་བའི་རྟགས་སྟོན་ནོ། །སྙིང་ནི་རླུང་དང་བད་ཀན་གྲང་བའི་གཞི་ཡིན་པས་ཏེ། སྤྱིར་རོ་ནུས་མཚན་ཉིད་ལྷན་ཅིག་གནས་ཡིན་ལ། དམིགས་བསལ་དུ་བད་ཀན་མྱོང་བྱེད་མེ་ལ་གནས་སྙིང་དང་འབྲེལ། རླུང་ཁྱབ་བྱེད་སྙིང་རང་ལ་གནས་སོ། །དེའི་ཕྱིར་ཚད་ནད་ཞུགས་ཀྱང་སེམས་མི་བརྟན་པར་འཕྱོ་བ་དང༌། བརྗེད་ངས་ཆེ་བ་དང་གཉིད་མེད་ཅིང་དྲན་ཤེས་མེད་པར་སྨྱོ་བ་དང་དབང་པོ་ཉམས་པ་བརྒྱལ་ལམ་འབོགས་འདར་བ་ལ་སོགས་པའི་ཁོངས་ནས་གཞན་ཡང་རླུང་རྟགས་དུ་མ་འབྱུང་བས་དེ་ནའོ། །ཕོ་བར་བད་མཁྲིས་རླུང་གསུམ་ག་བརྟེན་ཅིང་འཇུ་བའི་གཞི་ཡིན་པ་དང་མཁལ་མ་བད་ཀན་གྱི་གནས་དང་སྙིང་རླུང་གི་གནས་ཡིན་པས་དེའི་ཚ་བའང་གྲང་རླུང་འདྲ་སྟེ་ངོ་བོ་དེ་ཚ་ཡང་ཕྱི་ནང་གི་རྟགས་དེ་གྲང་བར་འཁྲུལ་དུ་འཇུག་གོ། །གབ་ཚད་གསུམ་དུ་མ་ཟད་གཞན་ཡང་ཚ་བ་གཉིད་ཡེར་བ་ཁྲག་མཁྲིས་ཀྱི་སྐྱུག་པ་དང་ཚད་པ་རུས་ལ་ཞེན་ན་རུས་ཚིགས་ན་བ། ཚད་པ་རྩ་ལ་ཞུགས་པས་གཡལ་མང་ཞིང་འདར་བ་དང་ཚ་བ་སྙིང་སྲོག་ལ་ཞུགས་པས་སྨྱོ་ལབ་ལབ་པ་དང༌། །མཚན་ཉིད་མཆིན་ཚད་ཀྱི་སྐྱིགས་བུས་བཏབ་པ་རྣམས་ངོ་བོ་ཚ་བ་ཡིན་ཡང་གྲང་བའི་རྟགས་ལྟར་སྣང་བ་དེའི་རྟགས་རྣམས་ལ་བརྟེན་ནས་གྲང་བ་ཡིན་པར་བཟུང་ན་གསོ་བ་དྲོད་ཀྱིས་བཅོས་པས་ལོག་པར་འགྲོ་སྟེ་ཚད་པ་དྲོད་ཀྱིས་བཅོས་པས་ཐམས་ཅད་དེའི་སྟོབས་སུ་གྱུར་ནས་ཚ་བས་བསྲེགས་ཏེ་སྲོག་འདོར་བར་བྱེད་དོ། །ཚ་བ་སྤྱི་བཅོས་སུ། ཚ་བའི་རྒྱུ་མཚན་གནོད་བྱ་བསྲེག་པ་སྟེ། །གནོད་བྱ་ལུས་ཟུངས་བདུན་དང་དྲི་མ་གསུམ། །འདི་དག་ཐལ་བར་བསྲེགས་པ་མ་ཡིན་ཡང༌། །ཚ་བའི་དྲོད་ཀྱིས་འདྲུལ་བས་སྲོག་འདོར་བྱེད། །དེ་ཕྱིར་བསྲེག་ཅེས་བྱ་བར་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ།།

དེའི་ཕྱིར་ཕྱི་ནང་གི་ལྟར་སྣང་ཁོ་ནའི་རྗེས་སུ་འབྲངས་ན་སྲོག་འདོར་བས་དེའི་ཕྱིར་རྟགས་དེ་ལ་མི་བརྟེན་པར་བཅོས་པའི་ཐབས་འཕྲོད་པ་དང་མི་འཕྲོད་ཀྱིས་བརྟགས་ནས་འཁྲུལ་སོ་བསལ་དགོས་ཏེ། རྟགས་ཇི་ལྟར་སྣང་ཡང་བཅོས་འཕྲོད་མི་འཕྲོད་ལ་རག་ལུས་ཤིང་འཕྲོད་མི་འཕྲོད་ཀྱི་དོན་ནི་འདོད་པ་དང་མཐུན་པའི་སྐབས་དོན་འགྲུབ་མི་འགྲུབ་ལ་བྱ་བས་རྟགས་ཀྱི་འཁྲུལ་སོ་བཅོས་ཀྱིས་བསལ་བ་དེ་ལ་ཡང་དང་པོར་འཕྲོད་འཕྲོད་འདྲ་བ་ལ་རྗེས་སུ་མི་འཕྲོད་པ་དང༌། དང་པོར་མི་འཕྲོད་འདྲ་ལ་རྗེས་སུ་འཕྲོད་པར་བསལ་བའི་བཅོས་འཕྲོད་པ་མི་འཕྲོད་པ་ལྟར་དུ་སྣང་བ་དང༌། མི་འཕྲོད་པ་འཕྲོད་པ་ལྟར་དུ་སྐྱེད་སྣང་བའི་བཅོས་པའི་བློ་བྲིད་ལྟར་སྣང་ཞེས་བྱ་བ་འབྱུང་སྲིད་དེ་གབ་ཚད་སོགས་ངོ་བོ་ཚ་བ་ཡིན་ཡང་ཕྱི་རྟགས་གྲང་བའི་ཕྱི་ནང་གི་རྟགས་ལྟར་དུ་སྣང་བ་ལ་ཟས་སྤྱོད་སྨན་སྦྱོར་བསིལ་སྦྱོར་ངོ་བོ་གཏིང་ཚད་ལ་འཕྲོད་ཀྱང་འཕྲལ་དུ་གྲང་བ་ལ་ཕོག་པས་མི་འཕྲོད་པ་འདྲ་བ་དང༌། དྲོད་སྦྱོར་ཕུགས་སུ་གཏིང་ཚད་བསྐྱེད་པས་གནོད་ཀྱང་འཕྲལ་དུ་གྲང་བ་སེལ་བས་འཕྲོད་པ་ལྟར་དུ་སྣང་བ་ཡོད་དོ། །གྲང་བ་ནི། རླུང་གིས་ཁ་དང་ལྕེ་སྐམས་གཟེར་བ་དང༌། །ཞེས་པ་ལྟར་ངོ་བོ་གྲང་བ་ཡིན་ཡང་ཕྱི་རྟགས་ཚ་བའི་རྟགས་ཅན་རྣམས་ནི་སྔ་མ་དེ་ལས་གོ་བཟློག་པ་སྟེ་དྲོད་སྦྱོར་འཕྲོད་ཀྱང་འཕྲལ་དུ་མི་འཕྲོད་པ་འདྲ་བ་དང་བསིལ་སྦྱོར་གནོད་ཀྱང་འཕྲལ་དུ་འཕྲོད་པ་ལྟར་སྣང་བ་ཡོད་པས་འཕྲོད་མི་འཕྲོད་ཀྱི་ལྟར་སྣང་དེ་ཡང་སྨན་གྱི་ནུས་སྟོབས་ཡོན་ཏན་དང་ནད་ཀྱི་མཚན་ཉིད་འཐབས་པས་འབྱུང་བ་རེ་ཞིག་འཁྲུགས་པ་ལྟར་སོང་བས་མི་འཕྲོད་པ་འདྲ་ལ་ཡུན་བསྲིངས་ན་སྨན་རྒྱལ་ཏེ་འཕྲོད་པ་དང༌། ཡང་ངོ་བོ་ཚ་གྲང་གང་ཡིན་གྱི་མཚན་ཉིད་ཅན་ཡིན་ཡང་བསྡོངས་ཟླ་དང་གནས་ཀྱི་དབང་གིས་མཚན་ཉིད་འདྲེས་པ་ལྟར་རྟགས་ཀྱང་འདྲེས་པར་སྟོན་པས་དངོས་པོ་བསྡོངས་ཟླའི་སྟོབས་སུ་གྱུར་ནས་མི་འཕྲོད་པ་འདྲ་སྟེ་དཔེར་ན་གབ་ཚད་ལ་བསིལ་བསྟེན་པས། དང་པོ་བད་རླུང་ལ་ཕོག་མི་འཕྲོད་འདྲ། །བར་དུ་གྲང་བ་ཐལ་ནས་གནོད་པ་མེད། །ཐ་མ་ཚ་བར་སླེབས་ནས་ཕན་པར་ཚོར། །ཞེས་པ་ལྟར་རོ། །ངོ་བོ་དེ་མ་ཡིན་པ་ལྟར་དུ་སྣང་བའི་ཕྱི་རྟགས་ཀྱིས་མགོ་མནན་ནས་འཕྲོད་པ་འདྲ་སྟེ། གབ་ཚད་གྲང་བའི་མགོ་སྤུར་དྲོད་ཀྱིས་བཤུ། །ཞེས་པ་ལྟར་རོ། །དེས་ན་ཅིས་ཀྱང་སྔོན་ལ་ལྟར་སྣང་བསལ་རྗེས་སུ་ངོ་བོ་ལ་སླེབ་པར་བྱ་སྟེ་ལྟར་སྣང་ཁོ་ནའི་བཅོས་མི་བྱའོ།།

ལྟར་སྣང་བློ་བྲིད་ཀྱི་རྗེས་སུ་འབྲངས་ན་ངོ་བོ་འཕེལ་ཏེ་སྲོག་ལ་རྒོལ་བར་བྱེད་པས་བཅོས་པའི་ལྟར་སྣང་དེ་ལྟར་འབྱུང་བའི་རྒྱུ་མཚན་དེའི་ཕྱིར་ལྟར་སྣང་གི་བཅོས་ལ་མི་བརྟེན་ཞིང་ཡིད་མི་བརྟན་པར་གོམས་པ་གང་ཡིན་ཡུན་དུ་བསྲིང་དགོས་པས་རྟོགས་པར་འགྱུར་ཏེ་གང་ལའང་ལན་རེ་ཙམ་མིན་པར་ཡུན་བསྲིངས་པས་དོན་སྟོན་ཞིང་བསྒྲུབ་བྱ་འགྲུབ་པར་འགྱུར་བས་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཏེ་ཡུན་དུ་གོམས་པས་བསལ་བ་དེ་ལ་ཡང་ནད་པའི་སེམས་ཀྱི་རྟོག་པའི་ཞེན་ཕྱོགས་ཀྱི་གནོད་པས་ཀྱང་ཕན་ནམ་སྙམ་དུ་རྟོག་པ་དང་ཕན་ཀྱང་གནོད་དོ་སྙམ་པ་ལྟར་དུ་སྣང་བ་འབྱུང་བ་ཡང་སྲིད་པས་ཐམས་ཅད་ཕལ་ཆེར་རྟགས་ནས་ངོ་བོ་མཐུན་པར་འབྱུང་ལ། འདིར་བཤད་པ་ལྟར་ངོ་བོ་དང་རྟགས་མི་མཐུན་པའི་ཕྱིར་འཁྲུལ་སོ་བསལ་བ་འདི་གལ་ཆེ་བའི་མདོ་འགག་གོ་ཞེས་འདོམས་པར་བྱས་ཏེ་ནད་པའི་ལྟར་སྣང་ཡིད་རྟོག་མ་ཡིན་པར་བཅོས་འཕྲོད་དང་མི་འཕྲོད་སྨན་པས་རེག་པ་རྩ་མཐོང་བ་ཆུ་སོགས་ལ་བཅོས་པའི་སྐྱེད་བྱུང་ངམ་མ་བྱུང་དག་གི་འཁྲུལ་སོ་བསལ་བར་བྱ་དགོས་ཏེ།

གོམས་པའི་ལྟར་སྣང་འཁྲུལ་སོ་བཅོས་སྐྱེད་ཀྱིས་བསལ་བ་དེ་ལའང་བཅོས་སྐྱེད་ཀྱི་ལྟར་སྣང་འཁྲུལ་སོ་བཞི་ཡོད་དེ། གང་ཞེ་ན། ཕྱིའི་རྟགས་ལོག་ལ་ནད་ཀྱི་ངོ་བོ་མ་ལོག་པ་དང་ནད་ཀྱི་ངོ་བོ་ལོག་ལ་ཕྱིའི་རྟགས་མ་ལོག་པ་དང༌། ཕྱི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་མ་ལོག་པ་དང༌། ཕྱིའི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ལོག་པའོ་ཞེས་པས། ཕྱིའི་རྟགས་དང་པོ་དེ་ལས་གཞན་དུ་བཟློག་པ་ལྟར་དུ་སྣང་ལ་ངོ་བོ་མ་ལོག་པ་སྔར་མལ་དུ་གནས་པ་དང༌། ངོ་བོ་དང་པོ་ལས་གཞན་དུ་ལོག་པ་ཕྱི་རྟགས་མ་ལོག་པ་སྔར་མལ་དུ་གནས་པ་ལྟར་དུ་སྣང་བ་དང་རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་མ་ལོག་པ་རང་ལུགས་སུ་གནས་པ་དང༌། རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་ལོག་པ་དང་མུ་བཞིའོ།།

དང་པོ་ཡུལ་དུས་ན་ཚོད་རང་བཞིན་སོགས་བད་ཀན་ཅན་གྱི་ཚ་བ་ལ་ཟས་ཡེན་ལ་གཏོད་པ། སྤྱོད་ལམ་བསིལ་བར་སྡོད་པ་ག་བུར་སོགས་བསྟེན་པ། དཔྱད་གཏར་བཤལ་སོགས་གཉེན་པོ་བསིལ་བའི་སྦྱོར་བ་བསྟེན་ཞིང་ཡུན་དུ་གཏུགས་པས་གྲོགས་བད་རླུང་འཕེལ་བས་ངོ་བོ་མ་ལོག་པས་གཏིང་ཚད་མ་ཐོན་ཀྱང་བསིལ་གྱིས་ཕོ་བའི་མེ་དྲོད་ཤི་ནས་རྩ་དལ་ཆུ་སྔོ་ཟས་མི་འཇུ་བ་སོགས་རྟགས་ལོག་པས་གྲང་བ་ལྟར་དུ་སྣང་བའི་རྟགས་སྟོན་པར་བྱེད་དོ། །གྲང་བ་ཡུན་དུ་ལོན་པའི་རྒན་པོ་གཏིང་ནས་མཁར་ཞིང་ཞེན་པ་དྲོད་བཅུད་ཟས་མེ། གནས་གོས་དྲོ་བ་སྤྱོད་ལམ་གྱི་མེ་དྲོད་དགུ་སྦྱོར་བ་སྨན་གྱི་མེ། མེ་བཙའ་དཔྱད་མེ་སྟེ་མེ་བཞི་པོ་ལུས་ལ་ཡུན་དུ་བསྟེན་པར་བྱས་པས་དྲོད་ཀྱི་རླངས་པས་རྩའི་སྦུབས་ཀུན་དུ་ཁྱབ་སྟེ་ཕྱི་རྟགས་མགོ་ན་རྩ་མྱུར་དུ་རྒྱུག་ཆུ་མདོག་དམར་ལ་སོགས་པའི་ཁོངས་ནས་ཚད་རྟགས་ཐམས་ཅད་སྟོན་ཏེ་དེ་ནི་ངོ་བོ་མ་ལོག་པ་གྲང་བར་བསྡད་ན་ཡང་ཕྱིའི་རྟགས་ལོག་སྟེ་ཚ་བ་ལྟར་དུ་སྣང་བའི་ཕྱིར་རྟགས་ཀུན་ཚ་བར་སྟོན་པར་བྱེད་དོ། །ཕྱི་རྟགས་ལས་ངོ་བོ་མ་ལོག་པ་དེ་ལ་ཡང་གྲང་བ་ཡུལ་དང་གཙོ་བ་དུས་འདས་ཀྱི་རྒན་པོ་དྲོད་ཀྱིས་བསྲིངས་པས་ཚ་བ་འདྲ་བ་དང༌། ཚ་བ་ཡུན་དུ་ལོན་པའི་རྒན་པོ་བསིལ་བསྲིངས་ཏེ་བསྟེན་པ་ནི་གྲང་བ་འདྲ་བས་ན་ལྟར་སྣང་གི་འདྲ་འདྲ་གཉིས་པོ་དེ་ནོར་ནས་ཚ་གྲང་ནོར་ཉེན་ཡོད་དེ་འཁྲུལ་སོ་འབྱུང་བས་རྒྱུ་མཚན་གོང་དུ་བརྗོད་པ་དེའི་ཕྱིར་ལྟར་སྣང་གི་ཕྱི་རྟགས་གང་བྱུང་དེ་ཉིད་ཀྱིས་ངོ་གླན་ཙམ་གྱི་འཕྲལ་བཅོས་བྱ་ཞིང་གཏིང་གི་ནད་ངོ་བོ་སྟེ་གདོན་པའམ་འདོན་པར་བྱེད་དགོས་ཏེ་ཚ་བ་གྲང་བའི་ལྟར་སྣང་ཅན་ལ་སེ་འབྲུ་ལྔ་པ་བསྐུ་མཉེ་གསུར་དུད་ཙམ་གྱིས་རྟགས་ཀྱི་ངོ་གླན་གཏིང་ཚད་ལ་བསིལ་འཇམ་བསྟེན། གྲང་བ་ཚ་བའི་ལྟར་སྣང་ཅན་ལ་ཅུ་གང་བདེ་བྱེད་འབྲས་དང་ཆག་ཚེ་བསིལ་སར་དལ་བར་སྡོད་པ་ཙམ་གྱིས་རྟགས་ཀྱི་ངོ་གླན་དྲོད་ཀྱིས་ནད་དངོས་གདོན་ནོ། །གཞན་ཡང་སྟོབས་ཆུང་ན་བྲིད་དེ་བཅོས་པ་སྟོབས་མཉམ་ན་ཕྱིང་དྲིལ་ལམ་ལྟག་པ་སྤྲད་དེ་བཅོས་སོ།།

གཉིས་པ་དེ་ཡང་མེ་ཚོར་འོག་ཏུ་འགྲིམས་པ་རྐུན་པོའི་ནད་གྲང་བ་དང་ཚ་བ་དང་རླུང་དང་གསུམ་ཡོད་དེ། བད་ཀན་གྲང་བའི་ནད་ལ་གཉེན་པོ་མེ་བཞི་སོགས་དྲོད་ཀྱི་སྦྱོར་བ་ཧ་ཅང་བསྟེན་དྲགས་ན་ཕྱི་ནང་གི་གནས་རིང་ཉེ་དུས་ལུས་ཁམས་ཀྱི་རང་བཞིན་ཚ་བའི་རྐྱེན་ནི་གནས་སྐམ་ས་ཚ་གདུང་ཅན་དུས་སྟོན་དཔྱིད་ཚ་གདུང་ཅན་དུས་རང་བཞིན་ཁྲག་མཁྲིས་ཤས་ཆེ་རྣམས་ཕྲད་པས་ཁྲག་མཁྲིས་ཀྱི་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ་ངོ་བོ་ཚ་བར་ལོག་ཀྱང་ཕྱི་རྟགས་གྲང་བའི་འོག་ཏུ་འགྲིམས་ནས་ཚ་བ་མ་ཚོར་བར་རྐུན་བུར་སྐྱེས་ཏེ་ངོ་བོ་ཚ་བ་དེ་ཕྱི་རྟགས་གྲང་བའི་འོག་ཏུ་འགྲིམས་པ་མ་ཚོར་བར་ལྟར་སྣང་ལ་འཁྲུལ་ནས་གྲང་བར་ཡོད་བསམས་ད་དུང་དྲོད་སྦྱོར་བསྟེན་པས་དཔེར་ན་མེ་འབར་བ་ལ་ཤིང་བསྣན་ན་ཆེར་འབར་བ་བཞིན་དུ་ཚ་བ་ལ་དྲོད་སྦྱོར་བསྣན་པས་ལུས་ཟུངས་སྲེག་པར་བྱེད་པས་དེ་ལ་བྱ་རས་ནམ་ཚོར་བའི་དུས་སུ། ཟས་སྤྱོད་སྨན་དཔྱད་གོང་བཤད་ལྟར་གྱི་ཆུ་བཞི་བརྩོན་པར་བྱས་པ་ལ་བརྟེན་ནས་མྱུར་དུ་བཟློག་དགོས་སོ། །ཁྲག་མཁྲིས་ཚ་བའི་ནད་ལ་བཅོས་བསིལ་སྦྱོར་ཧ་ཅང་བསྟེན་དྲགས་ན་ཕྱི་ནང་གི་གནས་རླན་ཅན་གྲང་བ། ཉེ་རིང་གི་དུས་དབྱར་དཔྱིད་ཉིན་ཞག་གི་ཐོག་མཐའ། རང་བཞིན་གྲང་རླུང་ཤས་ཆེ་བ་སོགས་གྲང་བའི་རྐྱེན་དང་ཕྲད་པས་བསིལ་སྦྱོར་དང་རྐྱེན་རྣམས་འདོམ་པས་ངོ་བོ་ཚ་བ་གྲང་བར་ལོག་ཅིང་བད་རླུང་དང་གྲང་བ་འཕེལ་བའི་རྐྱེན་བྱས་ཏེ་ངོ་བོ་གྲང་བ་ཕྱི་རྟགས་ཚ་བའི་འོག་ཏུ་འགྲིམས་ནས་རྐུན་བུར་སྐྱེས་ཏེ་ཕྱི་རྟགས་ཚད་པ་ལྟར་དུ་སྣང་བའི་འོག་ཏུ་གྲང་བ་འགྲིམས་པ་མ་ཚོར་བར་ད་དུང་བསིལ་སྦྱོར་བསྟེན་པས་ཕོ་བའི་མེ་ཤི་ནས་གྲང་སྐྲན་དང་དམུ་ཆུར་འགྱུར་བས་དེ་ལ་བྱ་རས་ནམ་ཚོར་དུས་གོང་དུ་བཤད་པའི་མེ་བཞི་ལ་བརྩོན་པར་བྱས་ནས་མྱུར་དུ་བཟློག་དགོས་སོ། །གཞན་ཡང་ཚ་གྲང་དུ་མ་ཟད་རླུང་གི་རྟགས་དང་ངོ་བོ་འགལ་བའང་ཡོད་དོ། །ཚ་བའི་ནད་ལ་བསིལ་བསྟེན་དྲགས་པའམ་གཏུགས་པས་གནས་ངད་ཅན་གྲང་བ་དང་དུས་དབྱར་དགོངས་དང་ཐོ་རངས་དང་རང་བཞིན་ཤ་སྐམ་པ་སོགས་བཤད་རྒྱུད་ནས་ཇི་ལྟར་བཤད་པའི་རླུང་གི་རྐྱེན་དང་ཕྲད་དེ་ཐོར་བུའི་རླུང་སྐྱེས་ནས་ཚ་བའི་ལྷག་མ་ལུས་པ་དེ་བུས་ཏེ། ལུས་ལ་འབར་བའི་མེ་བཏང་བ་འདྲ་ཞིང་ཁ་དང་ལྕེ་སྐམ་པ་དབུགས་ཐུང་ལ་རྩ་རྒོད་ཅིང་གཟེར་འབྱུང་བ་དང་ཁ་སྐོམ་དད་ཆེ་བ་དེ་ནི། རླུང་གི་ཕྱི་རྟགས་ཚ་བའི་འོག་འགྲིམས་པ་ཡིན་ཏེ་འོག་འགྲིམས་དེ་མ་ཚོར་ན་བར་རྟགས་ལ་འཁྲུལ་ནས་བསིལ་སྦྱོར་བསྟེན་པས་མེ་ལ་རླུང་གིས་བསྐྱོད་པ་བཞིན་དེས་བུད་པའི་ཤིང་སྲེག་པ་ལྟར་བྱེད་པས་དེ་ཕྱིར་དཔེར་ན་གཅིག་གིས་གཅིག་ལ་གནོད་སྐྱེལ་བའི་ཚེ་དེའི་གྲོགས་ཤིག་གིས་ངོ་བླངས་ན་ཅུང་ཟད་ཅིག་དེའི་ངོ་ལ་བདེ་བར་འཇོག གཞན་ཐབས་དུ་མས་གནོད་པ་བྱེད་པ་ལྟར་ཐོར་བུའི་རླུང་ལ་ཟས་དྲོད་བཅུད་བག་ཙམ་གྱིས་ངོ་གླན་གཞན་ཐབས་དུ་མས་ཚད་ལྷག་གདོན་ནོ། །མདོར་བསྟན་དུ་ཉེས་པ་གསུམ་གྱི་སྒོ་ནས་ངོ་བོ་ལོག་ལ་རྟགས་མ་ལོག་པ་གསུམ་དུ་བཞག་ཀྱང་ཕྱི་མ་འདི་ཕྱི་རྟགས་ལྟར་སྣང་རླུང་དང་ངོ་བོ་བཅོས་སྐབས་རླུང་ཚད་པར་བཞག་པས་ན་ཡ་གཉིས་སུ་བཤད་ཅིང་བཅོས་པའི་ཚེ་གང་ཤས་ཆེ་བ་དེ་ལ་ངོ་བོར་བྱ་དགོས་པ་རླུང་འདི་ནད་ཀྱི་བསྡོངས་ཟླ་གང་ཤས་ཆེ་བ་དེའི་དབང་གིས་སོ།

བཅོས་ཡུན་དུ་བསྲིངས་ཀྱང་ཕྱི་རྟགས་དང་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་གང་ཡིན་དེ་ལས་གཞན་དུ་མ་ལོག་པར་སྔར་ལུགས་སུ་བསྡད་འདུག་ན་གཉེན་པོའི་སྦྱོར་བ་དམན་པའམ་ཚ་གྲང་ལོག་པ་ཡིན་པས་དམན་ནས་ནད་མ་ཞི་བར་འདུག་ན་གཉེན་པོ་ཆེར་བསྐྱེད་ཅིང་ལོག་པས་ནད་སྟོབས་སྐྱེད་ཅིང་འདུག་ན་དེ་ལ་སྔ་མའི་བཅོས་དེ་ཚ་གྲང་བསྒྱུར་ཏེ་སྔ་མ་དྲོད་ཡིན་ན་རྗེས་མ་བསིལ་ལ་བསྒྱུར་བ་ལྟ་བུ་བྱ་དགོས་ཤིང་ཞེས་བཅོས་གོམས་པ་ལས་ཕྱི་རྟགས་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་རླུང་སོགས་གང་རིགས་འཕེལ་བའི་ནད་དེ་ལ་ལོག་ནས་བསིལ་བསྟེན་པས་ཚད་པ་ངོ་བོ་དང་ཚ་རྟགས་བྲི། དྲོད་བསྟེན་པས་གྲང་བ་ངོ་བོ་དང་གྲང་རྟགས་བྲི། བཅུད་བསྟེན་པས་རླུང་དང་རླུང་རྟགས་བྲི་སྟེ་ལོག་ན་དེ་ལ་འཁྲུལ་སོ་མེད་དེ་རྟགས་དང་ངོ་བོ་གཉིས་ཀ་ཕྱོགས་གཅིག་ཏུ་སོང་བས་སོ།།

དེ་དག་གི་དོན་ཧྲིལ་གྱིས་དྲིལ་ན་སྔ་མའི་འཁྲུལ་སོ་ཕྱི་མས་བསལ་ཏེ་རིམ་བཞིན་འབྱུང་སྟེ་ནད་གཞིའི་མིང་གི་ལྟར་སྣང་གི་འཁྲུལ་སོ་གང་བྱུང་རྣམས་རྟགས་ཀྱིས་བསལ། རྟགས་ཀྱི་ལྟར་སྣང་གི་འཁྲུལ་སོ་རྣམས་བཅོས་གང་བྱེད་ཀྱིས་བསལ། བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ཡུན་དུ་གོམས་པས་བསལ། གོམས་པའི་ལྟར་སྣང་གི་འཁྲུལ་སོ་བཅོས་སྐྱེད་ཀྱིས་བསལ། བཅོས་སྐྱེད་ཀྱི་ལྟར་སྣང་གི་འཁྲུལ་སོ་ཆུས་བསལ་དགོས་ཏེ། ཕྱི་རྒྱུད་དུ། བལྟ་བ་ཚ་གྲང་ཆུ་ལ་མཐོང་བས་གསལ། །ཞེས་པ་ལྟར་རོ། །ཆུ་མདོག་གི་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ་བ་དེ། ཕྱི་རྒྱུད་དུ། ཀུ་ཡ་ཁྲག་མཁྲིས་གནས་ནས་འབྱུང་བའི་ཕྱིར། །ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ། །དཔེར་ན་ཚོང་པས་ཚོང་འདུས་གཏམ་བརྗོད་བཞིན། །ཞེས་སོ། །དེ་ཡང་འཁྲུལ་སོ་ཞེས་པ་དགྲ་ཉེན་ཆེ་ས་ལ་སོ་པ་དང་དགྲ་སོ་ཞེས་པ་ལྟར་འདི་རྣམས་ལ་ལྟར་སྣང་འཁྲུལ་བའི་ཉེན་ཆེ་བས་ན་འཁྲུལ་སོ་ཞེས་པས། དེ་ལྟར་རིམ་པས་ཤེས་ཤིང་འདྲིལ་བ་དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད་དོ། །གོང་དུ་བཤད་པ་དེ་དག་ལ་ལྟར་སྣང་ལྔ་ནད་པ་གཅིག་གི་ཐོག་ཏུ་གང་ལ་གང་དགོས་སྤྲུག་པའམ་ཕྲུགས་པའི་ཐབས་ཞེས་བྱ་སྟེ་འཁྲུལ་པ་མེད་པར་ཚ་གྲང་ངེས་པར་བྱེད་པའི་གནད་རྣམས་ཀྱི་གལ་ཆེ་བའི་མདོ་འགག་ཡིན་ནོ། །གོང་དུ་བསྟན་པ་དེ་ལྟར་ཉེ་བར་གདམས་པའི་མན་ངག་འདི་དང་ལྡན་པས་ནད་ཀྱི་ཚད་ལེགས་པར་ཇི་བཞིན་རྟོགས་པར་འགྱུར་གྱི། སྤྱིར་བཏང་དཀྱུས་མ་ཙམ་འཛིན་པའི་འཚོ་བྱེད་རྣམས་ཀྱིས་འོལ་སྤྱི་ཙམ་ལས་དེས་གསང་འདི་ལྟ་བུ་ཤེས་པར་མི་འགྱུར་རོ་ཞེས་གསུངས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོའི་ལེའུ་སྟེ་བཅུ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།