སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་གསུམ་པ། ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཅུ་གསུམ་པ། ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ།



 

ལེའུ་བཅུ་གསུམ་པ། ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ། 

གནས་གསུམ་པ་འཕེལ་འགྲིབ་ནད་ཀྱི་གནས་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ་ཞེས་མཚམས་སྦྱར་ནས། ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཞེས་མཚན་ནས་བོས་ཏེ། གནས་བཞི་པ་བྱ་བ་སྤྱོད་ལམ་གྱི་གནས་ལ་བདག་ཅག་རྣམས་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན། འཚོ་མཛད་སྨན་པའི་རྒྱལ་པོས་གསལ་བར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་པའོ། །དེ་ལྟར་བྱ་བ་སྤྱོད་ལམ་གྱི་གནས་ཞུས་པའི་ལན་དུ་སྟོན་པས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་གདམས་ནས་ལན་དངོས་ནི། བཤད་མ་ཐག་པའི་ནད་དེ་རྣམས་ལ་གསོ་བར་བྱེད་པའི་གཉེན་པོ་རྣམ་པ་བཞི་ཡོད་པའི་ནང་ནས་དང་པོ་བྱ་བ་སྤྱོད་ལམ་གྱི་གནས་ལ་ཁྱོད་རྣམས་བསླབ་པར་བྱ་བ་ཡིན་པ་དེའི་ཚེ་ན་ཉིན་རེ་རྒྱུན་དུ་སྤྱོད་པ་དང་དུས་སུ་སྤྱོད་པ་གནས་སྐབས་སུ་སྤྱོད་ལམ་ཞེས་བྱ་བ་དང༌། རྣམ་པ་གསུམ་དུ་ཡིད་ལ་ངེས་ཤིང་ཤེས་པར་བྱ་དགོས་སོ།།

བྱ་བ་སྤྱོད་ལམ་གྱི་གནས་དེ་ལས་དང་པོ་ཉིན་རེ་བཞིན་གནས་སྐབས་རྒྱུན་དུ་སྤྱོད་པའི་ལས་དེ་ལའང་རྣམ་པ་གསུམ་དུ་ཡོད་དེ། ཚེ་ཡུན་རིང་དུ་བསྲིང་ཞིང་བསྐྱང་བའི་སྤྱོད་པ་དང༌། འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་དང༌། དམ་པ་ཆོས་ཀྱི་སྤྱོད་པའོ། །དེ་ལ་རྒྱས་པར་ནི་འཚོ་བའི་མདོ་ཚིགས་སུ་བཅད་པ་ལས་རྒྱུན་དུས་གནས་སོགས་མ་དབྱེ་བར་གསུངས་པ་དང་ཡན་ལག་བརྒྱད་པ་རྩ་འགྲེལ་ལས་བཤད་པ་ལྟར། འོན་ཀྱང་འདི་སྐབས་ཀྱི་སློང་རྐྱེན་གཉིས་ནི་རྒྱུད་ཆུང་བ་དང་བརྒྱད་པ་རྩ་འགྲེལ་སོགས་ལས་མི་གསལ་ཡང་ནད་སློང་བའི་རྐྱེན་བྱེད་པར་གཙོ་ཆེ་ཞིང་རང་རང་གིས་སྤོང་པར་ནུས་པ་ཞིག་ཅི་ནས་དགོས་པར་བསྟན་པས། ཉེས་པ་གསུམ་མམ་ཚ་གྲང་གཉིས་དང་མི་མཐུན་པའི་ཟས་དང་སྤྱོད་ལམ་ལ་བྱ་ཞིང༌།

ཉིན་རེ་རྒྱུན་དུ་སྤྱོད་པའི་ལས་ལ་རྣམ་པ་གསུམ་ཡོད་པའི་དང་པོ་ཚེ་བསྲིང་ཞིང་ཡུན་རིང་དུ་བསྐྱང་བའི་སྤྱོད་ལམ་ནི་བདེ་བར་འདོད་པ་ཀུན་གྱིས་འདི་ལྟར་སྤྱོད་པར་བྱ་སྟེ། དེ་ལའང་འཇིག་རྟེན་འདིར་དུས་རྟག་ཏུ་ལུས་ལ་ནད་མེད་པར་བདེ་བའི་ངང་དུ་གནས་པར་འདོད་ཅིང་ཚེ་ཡང་རིང་པོར་བསྲིང་བའི་ཕྱིར་དུ་སྨན་གྱི་མཆོག་གྲུབ་པ་དངུལ་ཆུའི་རིལ་བུ་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། ཚ་གྲང་རིན་ཆེན་གྱི་རིལ་བུ་དང༌། དབང་པོ་རིལ་བུ་དང༌། ཤུ་དག་དང༌། ཡུངས་ཀར་དང༌། གུ་གུལ་ལ་སོགས་པ་རྣམས་དཔུང་པ་གཡོན་ལ་བཏགས་ཤིང་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དང༌། བཻ་ཌཱུརྱ་དང༌། པདྨ་རཱ་ག་དང༌། ཨིནྡྲ་ནྰི་ལ་དང༌། མརྒད་དང༌། དཀར་ཁྲ་མེན་ལ་སོགས་པ་རྣམས་གསེར་གྱི་པ་ཏྲའི་ནང་དུ་བཅུག་པ་སྤྱི་བོར་གདགས་སོ། །རབ་ཏུ་གྲུབ་པར་གྲགས་ཤིང་ནུས་པ་མངོན་སུམ་དུ་འབྱུང་བ་རྣམས་ཀྱི་དོན་གཉིས་བསྒྲུབ་པའི་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ལ་སོགས་པའི་སྲུང་བ་མགུལ་དུ་གདགས་ཤིང་དེ་རྣམས་མ་དོར་བར་བཅང་བར་བྱའོ། །གཞན་ཡང་ནད་སློང་བར་བྱེད་པའི་རྐྱེན་རྣམས་ཀྱི་གཙོ་བོར་གྱུར་པ་ཟས་མི་མཐུན་པ་དང་སྤྱོད་ལམ་མི་མཐུན་པ་གཉིས་དྲན་ཤེས་བཞིན་པའི་ངང་ནས་དུས་རྟག་ཏུ་སྤང་བར་བྱའོ། །དེ་བཞིན་དུ་ལུས་ཀྱི་ལས་འགྲོ་བ་དང༌། ངག་གི་ལས་སྨྲ་བ་དང༌། ཡིད་ཀྱི་ལས་བསམ་པ་གསུམ་པོ་ངལ་ཞིང་དུབ་པར་གྱུར་པའི་ཉེས་པ་ཡོངས་སུ་སྤང་ཞིང་ལས་དེ་ལྟ་བུས་ཇི་སྲིད་མི་ངལ་ཙམ་ནི་ཡང་དག་པར་བསྟེན་པར་བྱའོ། །ལྕེ་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་རྣམས་ལ་ལོངས་མི་སྤྱོད་པའམ། ཡང་ན་ཡུལ་ངན་པ་དང་མ་རུངས་པ་ལ་སྤྱད་པས་ཡོངས་སུ་མནར་ཏེ་ཉམ་ཐག་པར་གྱུར་པ་དང༌། ཡང་ན་རང་རང་གི་ཡུལ་ལ་ཧ་ཅང་ལོངས་སྤྱད་པས་ཉམས་བདེ་དྲགས་པ་མ་ཡིན་པར་གནས་པར་བྱའོ།།

བདེ་ཞིང་ཚེ་བསྲིང་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་འགྲོ་འདུག་གི་སྤྱོད་པ་ནི་ཆུ་ལ་བྱིང་བ་ལ་སོགས་པའི་ཐེ་ཚོམ་དང་བཅས་པའི་གྲུ་ལ་འཇུག་པའམ། རྒྱུད་མི་བསྲུན་པ་དང་ལྡན་པའི་བཞོན་པ་རྟ་གླང་མ་དུལ་བ་ལ་སོགས་པ་ཞོན་པ་དང༌། རྐུན་པོ་ལ་སོགས་པས་སེམས་ཅན་གསོད་པའི་ས་ཕྱོགས་སུ་འགྲོ་བ་དང༌། ཆུ་ཆེན་པོའི་དཀྱིལ་དུ་མི་ཆུ་མི་ཤེས་པས་བརྒལ་ཞིང་རྐྱལ་བར་བྱེད་པ་དང༌། ཤེས་པས་ཀྱང་ཆུ་འཁོར་བ་སོགས་སུ་འགྲོ་བ། མེའི་ཕུང་པོ་ཆེན་པོ་དང་ཉེ་བར་འགྲོ་ཞིང་གནས་པ་དང༌། གད་སྟེང་སྟེ་གཡང་ཆེན་པོའི་རྩེའམ་རྩ་བ་དང༌། ཤིང་སྡོང་གི་རྩེ་དང་བྲག་ལ་སོགས་པར་རིམ་པ་བཞིན་དུ་དབྱར་དང་དགུན་གྱི་ཚེ་འཛེག་ཅིང་འགྲོ་བ་རྣམས་འབད་པས་སྤང་བར་བྱ་ཞིང༌། མདོར་ན་ཕྱོགས་གཅིག་འདྲ་བར་སྡོད་ན་ཡང་ས་ལེགས་པར་བརྟགས་པ་དང༌། གང་དུ་འགྲོ་ནའང་ལམ་ལ་ཞིབ་ཏུ་བརྟག་ཅིང་ཐེ་ཚོམ་དང་བཅས་ནས་འགྲོ་འདུག་སྤང་བར་བྱ་དགོས་ལ། ཁྱད་པར་དུ་མཚན་མོའི་དུས་སུ་ཕྱོགས་ཐམས་ཅད་དུ་འགྲོ་བར་མི་བྱ་ཞིང༌། ཉེས་དམིགས་དང་བྲལ་བའི་གནས་སུ་གནས་པར་བྱ་ལ། གལ་ཏེ་དོན་ཆེན་པོ་དང་ལྡན་པས་ཅི་ནས་ཀྱང་འགྲོ་དགོས་པའི་ཚེ་ལྷམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་གྱོན་ནས་དབྱུག་པ་ལ་སོགས་པ་ལག་ཏུ་ཐོགས་པའི་གྲོགས་གཞན་དང་ལྡན་པར་བྱས་ཏེ་འགྲོ་བར་བྱའོ།།

མི་གང་ཞིག་མཚན་མོའི་དུས་སུ་གཉིད་མ་ལོག་པ་ནི་རྩུབ་ཅིང་རླུང་བསྐྱེད་པའི་ཕྱིར་ཅི་བདེ་བར་གཉིད་ལོག་པར་བྱའོ། །གལ་ཏེ་མཚན་མོ་གཉིད་མ་ལོག་པ་དེའི་ཚེ་ནང་པར་ཟས་མ་ཟོས་པར་སྨྱུང་བར་བྱས་ལ། གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཙམ་དུ་གཉིད་ལོག་པར་བྱའོ་ཞེས་པ་དེ་ལྟ་བུ་ནི་ཀུན་ལ་སྤྱིར་བཏང་བ་ཡིན་ལ། དམིགས་བསལ་དུ་ཆང་གིས་ར་རོ་བ་དང་སྟོབས་ཟད་པ་དང༌། མྱ་ངན་གྱིས་ནོན་པ་དང༌། རྩོལ་བས་དུབ་པ་དང༌། སྨྲ་བ་ཤིན་ཏུ་མང་བ་དང༌། རྒས་པ་དང་འཇིགས་ཤིང་སྐྲག་པའི་མི་རྣམས་ལ་ནི་ནམ་ཟླ་སོ་གའི་ཚེ་རྩུབ་ཅིང་ཡང་བའི་དུས་དང༌། མཚན་མོ་ཐུང་བ་ཡིན་པས་ན་ལུས་ཀྱི་སྟོབས་དང་གཟི་མདངས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར་ཉིན་པར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བར་འགྱུར་བས་ཕན་ཏེ་རླུང་འཇོམས་ཤིང་སྟོབས་འཕེལ་བར་བྱེད་པས་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་བུ་མ་ཡིན་པའི་གཞན་དུ་ཉིན་པར་གཉིད་ལོག་པ་གང་ཡིན་པ་དེ་ནི་བད་ཀན་ལྷག་པར་སྐྱེད་ཅིང་སྐྱ་སོབ་ཏུ་སྐྲངས་པ་དང༌། ཤེས་པ་རྨོངས་བག་ཏུ་འགྱུར་ཞིང་མགོ་བོ་ན་ལ་སྒྱིད་པ་སྐྱུར་བ་དང༌། ཆམ་པ་དང་རིམས་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར་བའི་ཕྱིར་འབད་པས་སྤང་བར་བྱའོ། །གཞན་ཡང་གང་ཞིག་གཉིད་འཕེལ་ཏེ་ཆེ་དྲགས་པ་དེའི་ཚེ་སྐྱུག་བཏང་བ་དང་སྨྱུང་བར་བྱ་ཞིང༌། བུད་མེད་བསྟེན་ཏེ་འཁྲིག་པ་ལ་སོགས་པ་བྱས་ན་ཕན་ཏེ་གཉིད་སྲབ་ཏུ་འགྱུར་རོ། །དེ་བཞིན་དུ་ཧ་ཅང་གཉིད་ཡེར་ཏེ་མི་འབྱུང་བ་དེའི་ཚེ་ན་འོ་མ་དྲོན་མོ་དང༌། ཞོ་དང་ཆང་དང་ཤ་ཁུ་ལ་སོགས་པ་དྲོ་ཞིང་བཅུད་པའི་བཟའ་བཏུང་དང༌། ཏིལ་མར་ལ་སོགས་པ་མགོ་བོར་བསྐུ་ཞིང་རྣ་བའང་སྣུམ་ཅུང་ཟད་བསྲོས་པས་དགང་བར་བྱས་ན་ཕན་ཏེ་གཉིད་ལེགས་པར་འབྱུང་བར་འགྱུར་རོ།།

སྐྱེ་བོ་གང་ཞིག་ཉལ་པོ་སྤྱོད་པར་འདོད་པ་དེ་དག་གིས་ཀྱང་རང་རང་དང་རིས་མི་མཐུན་པའམ་སྐྱེ་གནས་མི་མཐུན་པ་དུད་འགྲོ་ལ་སོགས་པ་རྣམས་དང༌། བུད་མེད་ཡིན་ཡང་གཞན་གྱི་བདག་པོ་ཅན་དང༌། གཟུགས་ངན་ཞིང་སྙིང་དུ་མི་སྡུག་པ་དང༌། སྦྲུམ་མ་དང་ཤིན་ཏུ་རིད་པས་ཤུགས་ཞན་པ་དང་རབ་ཏུ་ཉེན་པ་དང༌། ཟླ་མཚན་ལྡན་པའི་དུས་རྣམས་སུ་བུད་མེད་ལ་བཀན་ནས་བྱེད་པ་སོགས་འཁྲིག་པ་ཡོངས་སུ་སྤང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་ཚེ་ལ་བར་དུ་གཅོད་ཅིང་སྟོབས་དང་མདངས་ལྷག་པར་དུ་ཟད་པ་སོགས་མི་ཤིས་པ་སྣ་ཚོགས་འབྱུང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་མ་ཡིན་པའི་བུད་མེད་ལ་དགུན་གྱི་དུས་སུ་སྐྱེས་པ་གང་ཞིག་རོ་ཙ་བས་ཁུ་བ་ཆེར་འཕེལ་ཏེ་དྲེགས་པ་དང་ལྡན་པ་དེའི་ཚེ་ཡང་ནས་ཡང་དུ་སྤྱོད་ཀྱང་བཀག་པ་མེད་ཅིང༌། དེ་བཞིན་དུ་སྟོན་དཔྱིད་ཀྱི་དུས་སུ་ཞག་གཉིས་གཉིས་ཀྱི་བར་དང༌། དབྱར་སོས་ཀྱི་དུས་སུ་ཟླ་བ་ཕྱེད་ཕྱེད་ཀྱི་བར་དུ་སྤྱད་པར་བྱའོ། །དེ་ལྟ་མ་ཡིན་པའི་གནས་སྐབས་གཞན་དུ་བུད་མེད་ལ་ཞུགས་པ་ན་མིག་ལ་སོགས་པའི་དབང་པོ་རྣམས་ཉམས་ཤིང་མགོ་བོ་འཁོར་བ་སོགས་ཀྱིས་ནད་མི་བཟད་པས་བཏབ་ནས་དུས་མ་ཡིན་པར་འཆི་བར་བྱེད་པ་ཡིན་པས་ན་དྲན་བཞིན་དུ་སྤང་བར་བྱའོ།།

མི་གང་ཞིག་དུས་རྟག་ཏུ་ལུས་ལ་སྣུམ་བསྐུ་ཞིང་བྱུགས་པ་དང་མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེ་ནི་རྒས་པ་ལས་བསྲིང་ཞིང་འབད་པས་ངལ་བ་དང་རླུང་གི་ནད་འཇོམས་པར་བྱེད་པ་ཡིན་ཞིང༌། བྱེ་བྲག་ཏུ་མགོ་བོ་དང་རྐང་པ་དང་རྣ་བ་ལ་སྐབས་སྐབས་སུ་སྣུམ་བསྟེན་པར་བྱ་སྟེ། དེས་ནི་ལུས་ཡང་ཞིང་ཚིལ་འབྲི་བ་དང༌། ལུས་ཀྱི་སྐབས་ཕྱེ་བས་སྐྱེ་མཆེད་གཙང་ཞིང་མེ་དྲོད་ལྷག་པར་དུ་སྐྱེད་པར་བྱེད་དོ། །ལུས་མཁྲེགས་པ་དང་ལུས་ངག་ཡིད་ཀྱི་ལས་ནུས་པ་སོགས་ཡང་དག་པའི་རྩོལ་བ་སྤྱད་པ་ལས་འབྱུང་བར་འགྱུར་རོ། །འོན་ཀྱང་རྩོལ་སྤྱད་དེ་ཧ་ཅང་ཡང་ཐལ་དྲགས་ན་ལོག་པའི་སྐྱོན་དུ་འགྱུར་བས་གོང་གི་ཡོན་ཏན་དེ་རྣམས་ལས་གཞན་དུ་གྱུར་ནས་ལུས་མ་རུངས་པར་འགྱུར་ཞིང་དམིགས་བསལ་དུ་རྒན་པོ་དང་བྱིས་པ་དང་རླུང་གི་ནད་དང་མཁྲིས་པའི་ནད་དང༌། དེ་གཉིས་ཀ་ལྡན་པའི་ནད་ཅན་གྱི་མི་རྣམས་ཀྱིས་རྩོལ་སྤྱད་དེ་ལྷག་པར་དུ་ཡང་སྤང་བར་བྱའོ། བྱིས་པ་སོགས་མ་ཡིན་པའི་མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དང་དཔྱིད་ཀའི་དུས་སུ་རྩོལ་སྤྱད་བྱ་ཞིང༌། ལྷག་པར་དུ་དེ་དང་མཐུན་པའི་བད་ཀན་ཅན་གྱི་མིས་ནི་རྩོལ་བཅག་འབད་པས་བསྟེན་པར་བྱའོ། །དེ་ལྟར་བསྐུ་བྱུག་རྩོལ་བཅག་བྱས་པའི་རྗེས་སུ་སྲན་ཕྱེ་ལ་སོགས་པ་སྐམ་པའི་རྫས་ཀྱིས་ཕུར་ཏེ་སླར་ཡང་དྲིལ་ཞིང་ཕྱིས་པས་ནི་བད་ཀན་སེལ་ཞིང་ཚིལ་འཇུ་བར་བྱེད་པ་དང༌། པགས་པའི་མདོག་དྭངས་ཤིང་གསལ་ལ་ཡན་ལག་རྣམས་ཀྱང་བརྟན་ཞིང་མཉེན་པར་བྱེད་པའི་མཆོག་ཡིན་པར་ཤེས་པར་བྱའོ།།

གང་ཞིག་ལུས་ཀྱི་ཆ་ཤས་ཕལ་ཆེར་ཡང་ནས་ཡང་དུ་འཁྲུད་པར་བྱེད་པ་དེས་ནི་རོ་ཙ་བ་དང་དྲོད་དང་སྟོབས་ཆེ་བ་དང་གཟི་མདངས་རྣམས་བསྐྱེད་ཅིང་པགས་པ་གཡའ་ཞིང་རྔུལ་བ་དང༌། དྲི་ང་ཞིང་སྙོམས་པ་དང་ཁ་སྐོམ་པ་སྟེ་དབང་པོ་རྣམས་ཡུལ་འཛིན་མི་ནུས་པ་དང༌། སྐོམ་པ་དང་ལུས་ཚ་བ་རྣམས་སེལ་བར་བྱེད་པ་ཡིན་ལ་ཆུ་དྲོན་གྱིས་ལུས་ཀྱི་སྨད་ཀླུབས་ཤིང་བཀྲུ་བ་ནི་སྟོབས་སྐྱེད་ཡིན། འོན་ཀྱང་ཆུ་དྲོན་གྱིས་མགོ་བོ་བཀྲུས་ན་སྐྲ་དང་མིག་ལ་ལྷག་པར་དུ་གནོད་ཅིང་ལུས་ཀྱི་སྟོབས་འཕྲོག་པར་བྱེད་པ་ཡིན་ལ། ཁྱད་པར་དུ་ཚད་པས་འཁྲུ་བ་དང་ལྟོ་བ་སྦོས་པ་དང་ཆམ་པ་དང་མ་ཞུ་བས་བཏབ་པ་དང་སྣ་ནད་ཅན་དང་མིག་ནད་ཅན་དང་ཟས་ཟོས་མ་ཐག་པ་རྣམས་ལ་ནི་མགོ་བོར་མ་ཟད་ལུས་ཀུན་ལ་ཁྲུས་བྱ་བ་སྤང་བར་བཤད་དོ།།

དབང་པོ་རྣམས་ཀྱི་ནང་ནས་མིག་ཅེས་བྱ་བ་ནི་མེའི་རང་བཞིན་དུ་གནས་པ་དེ་ཉིད་བད་ཀན་ཚིམ་བྱེད་ས་ཆུའི་རང་བཞིན་ཅན་ལ་ལྷག་པར་འཇིག་སྟེ་ཆོས་མི་མཐུན་པའི་ཕྱིར་ན་བད་ཀན་དེ་དག་ཕྱིར་དབྱུང་ཞིང་མཆི་མའི་ཚུལ་དུ་འཛག་པར་བྱ་བའི་ཕྱིར་དུ་མིག་སྨན་སྐྱེར་ཁཎྜ་ཞེས་བྱ་བ་དགུན་ལ་སོགས་པའི་དུས་རྟག་ཏུ་ཞག་བདུན་བདུན་ལོན་པའི་ཚེ་ཉིན་རེ་བཞིན་བླུགས་པར་བྱའོ།།

ལྷན་ཅིག་སྐྱེས་པའི་ནད་ཀྱི་ཟླས་ཕྱེ་བའི་གློ་བུར་ཀྱི་ནད་ལས་གཞན་དུ་གྱུར་ཅིང་ལྷག་པར་ཡང་སྲོག་ལ་རྣམ་པར་འཚེ་བའི་གློ་བུར་གྱི་ནད་གག་པ་དང༌། ཕོ་ལོག་དང༌། ཉྭ་ལོག་དང༌། ལྷོག་པ་དང༌། སྣ་ཁྲག་མང་དུ་ཤོར་བ་སྟེ། དེ་ལྔ་པོའི་དགྲ་བོ་མི་བཟད་པ་ལུས་སྲོག་གི་གཤེད་དུ་ནམ་འོང་ཆ་མེད་དེའི་ཕྱིར་སོ་སོའི་གཉེན་པོ་གཞུང་དང་མན་ངག་ཟབ་མོ་ལས་ཇི་ལྟར་འབྱུང་བའི་སྨན་དཔྱད་རྣམས་དགྲ་བོ་ལ་སྐྱེལ་མའི་ཚུལ་དུ་ལུས་ལ་རྟག་པར་བསྟེན་ཞིང་བཅང་བར་བྱའོ། །དེ་ལྟར་བཤད་ཟིན་པ་དང་འཆད་འགྱུར་གྱི་བྱ་བ་ཐམས་ཅད་ཀྱང་དུས་དང་རྣམ་པ་ཐམས་ཅད་ལ་རྟག་ཏུ་བྱ་བ་སྣ་གཅིག་ལ་མ་ཡིན་པར་དོན་འདི་དག་ཀུན་ལ་སྤང་བླང་སྙོམས་ཞིང་རིས་མེད་པར་སྤྱད་པར་བྱ་ཞིང༌། དེ་ཡང་གནས་སྐབས་དེ་ལྟར་གྱི་ཚེ་ནའང་བདག་ནི་ཉིན་མོ་དང་མཚན་མོ་ཀུན་ཏུ་དམ་པའི་ཆོས་སམ་དམ་པའི་ཆོས་མ་ཡིན་པའང་འོན་ཏེ་འདི་ལྟར་བཤད་ཅིང་འབྱུང་བའི་བྱ་བས་དུས་འདའ་ཞིང་གནས་སམ་འགྲོ་བར་བྱ་ཞེས་དུས་རྟག་ཏུ་དྲན་པ་ཉེ་བར་འཇོག་ཅིང་ཡིད་ལ་རྣམ་པ་ཀུན་ཏུ་བྱེད་པ་དེ་ལྟ་བུ་ནི་འཇིག་རྟེན་འདི་དང་གཞན་རྣམས་སུའང་སྡུག་བསྔལ་གྱི་སྣོད་དུ་མི་འགྱུར་ཏེ། སྡུག་བསྔལ་རིང་དུ་བསྲིང་ཞིང་བདེ་བའི་རང་བཞིན་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ།།

སྐྱེ་བོའམ་བཙུན་པར་གྱུར་པ་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་མིའི་ཆོས་ལུགས་བཟང་པོ་དུས་རྟག་ཏུ་སྤྱོད་ཅིང་ཉམས་སུ་ལེན་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱིས་བསྡུས་པའི་ཡོན་ཏན་དང་དགེ་ལེགས་ཀུན་ཐོགས་མེད་དུ་འབྱུང་བའི་གཞི་ཉིད་ཡིན་པས་ན་ཚུལ་དེ་མཁས་པ་རྣམས་ཀྱིས་རྗེས་སུ་འབྲངས་ཏེ་ལེགས་པར་སྤྱད་པར་བྱའོ། །དེ་ཡང་དབུ་མ་བཞི་བརྒྱ་པ་ལས། འཇིག་རྟེན་ཚུལ་ལུགས་གང་དང་གང༌། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་ལས་ཀྱང༌། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང༌། །ཞེས་པ་དང༌། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་པ་དང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང༌། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབས་པ། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །ཞེས་པ་དང༌། འཇིག་རྟེན་བྱ་བ་ལེགས་ཤེས་ན། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ཞེས་གསུངས་པས་ལེགས་འདོད་རྣམས་ཀྱིས་ཐོག་མ་ཉིད་དུ་མིའི་ཆོས་ལུགས་ཁོ་ན་དོན་དུ་གཉེར་བར་བྱ་ཞིང༌། དེ་ཡང་རྒྱས་པར་ཤེས་རབ་བརྒྱ་པ་དང༌། སྐྱེ་བོ་གསོ་ཐིགས། བཤེས་སྤྲིང༌། རིན་ཆེན་ཕྲེང་བ། གོང་ནས་གནང་བའི་ལུགས་ཟུང་བླང་དོར་དང༌། ཁོ་བོའི་དྭངས་ཤེལ་ཉེར་གཅིག་པ་ལ་སོགས་པ་གཏམ་གྱི་ཚོགས་རྣམས་ལས་རྟོགས་ཤིག།

སྐབས་འདིར་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་མིའི་ཆོས་ལུགས་ལེགས་པར་སྤྱོད་པར་འདོད་པ་རྣམས་ཀྱིས་ཕན་ཚུན་གང་དང་གཏམ་གྱི་མདོ་དོན་འཆད་ཅིང་ཁས་བླངས་པ་དེ་ཉིད་རྡོ་ལ་རི་མོ་བྲིས་པ་ལྟར་དོན་བཙན་པར་བྱ་ཞིང་སྔོན་སྨྲས་པའི་ཚིག་གི་རྗེས་ཀྱང་དོན་གྱིས་བསབ་པར་བྱ་སྟེ། དེ་ཡང་ངན་པའི་ལས་ཏེ་འཇིག་རྟེན་དུ་སྨད་པར་འོས་པའི་བྱ་བ་ནི་བྱེད་པར་ཆད་ཟིན་ཀྱང་ཐབས་ཀྱིས་ཟློག་པར་བྱེད་ཅིང༌། བཟང་པོའི་ལས་བསྔགས་པར་འོས་པ་རྣམས་མི་བྱེད་པར་གཞན་གྱིས་བཤོལ་བར་བྱེད་ན་ཡང་འབད་པས་བརྩམ་པར་བྱའོ། །གཞན་ཡང་འཇིག་རྟེན་ལ་གྲགས་པའི་བྱ་བ་གང་རྩོམ་ཡང་གཞིག་པ་ཞིབ་མོ་ཞིག་སྔོན་ལ་བཏང་ཞིང་ཚེ་འདི་གཙོ་བོར་ཕྱིས་ཀྱི་ལེགས་འཕེན་ཉིད་བཅའ་བར་བྱའོ། །ཟེར་དགུ་སྟེ་གཞན་གྱི་ཟེར་རོ་ཅོག་ལ་བདེན་པར་མི་བཟུང་བར་ལེགས་པར་བརྟག་ཤིང་དཔྱད་དེ་བདེན་པའི་ངེས་པ་ཐོབ་ནས་དོན་དུ་བཟུང་ཞིང་རང་ཉིད་ཀྱིས་ཀྱང་སྨྲ་དགུ་ཐམས་ཅད་རེ་རེ་ནས་བསམས་ལ་སྨྲ་ཞིང་དེ་ཡང་རང་གི་མདོ་དོན་ཉིད་གཙོ་བོར་གདམས་པར་བྱའོ། །ཁྱད་པར་དུ་བུད་མེད་ཀྱི་ངག་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་ལ་མི་ཉན་ཞིང་རང་གི་གཏམ་ཉིད་ཀྱང་རྦད་ཁ་ལྕི་བར་བྱའོ། །རང་ལ་ལྷག་པར་བྱམས་ཤིང་སྐྱོང་བའི་མི་དང་རེ་ལྟོས་བཅས་པའི་མི་ལ་ཚིག་གི་དྲོན་མི་གཞུག་པར་ལྷུག་པར་སྨྲ་ཞིང་ལུས་ངག་ཡིད་གསུམ་ག་ཡང་ཅམ་ལ་བརླིང་ཞིང་ཟབ་པ་དང༌། འཕྲལ་ལ་ཀུན་དང་འགྲོགས་པ་བདེ་བར་བྱའོ། །རང་ལ་གནོད་པར་བྱེད་པའི་དགྲ་བོ་དག་ཡན་པར་གཉའ་རེངས་སུ་མི་བཏང་སྟེ་འདམ་རིང་ཞེས་པ་ཡིད་ལ་གཏིང་རིང་པོར་བཞག་སྟེ་ཐབས་མཁས་ཀྱི་སྒོ་ནས་འདུལ་ཞིང༌། ཤ་རུས་ཀྱི་ཉེ་བ་དང་འཁོར་བྲན་གཡོག་ལ་སོགས་པ་རྣམས་ནི་ཤ་ཚས་ལེགས་པར་བསྐྱང་ཞིང་རང་ལ་སྔར་དྲིན་ཡོད་པའི་མི་ལ་གུས་པ་དང་བཅས་པའི་སྒོ་ནས་མིག་རིང་དུ་བལྟ་སྟེ་མི་བརྗེད་པའི་དྲིན་དུ་གཟོ་བར་བྱའོ། །ཁྱད་པར་དུ་སློབ་དཔོན་དང་ཕ་མ་དང་ཁུ་བོ་ལ་སོགས་པ་བཀུར་བར་འོས་པའི་རྒན་རིམ། ཕུད་དུ་གུས་པས་ཁུར་ཞིང་ཡུལ་གྱི་མི་རང་གི་མཛའ་བཤེས་སམ་འོན་ཏེ་དུས་རྟག་ཏུ་འགྲོགས་དགོས་རྣམས་དང་བློ་སེམས་ལྷག་པར་དུ་བསྟུན་པར་བྱའོ། །སོ་ནམ་ལ་སོགས་པ་ནོར་གྱི་གསོག་འཇོག་ཆུང་ངུ་ནས་ཤིན་ཏུ་ཞིབ་མོར་བྱ་ཞིང་དེ་ཡང་སྦྱིན་པ་ལ་སོགས་པ་ལོངས་སྤྱོད་དགོས་པའི་དུས་སུ་སེར་སྣ་མེད་པར་རྩིང་པོར་སྤྱད་པར་བྱའོ། །གཞན་ཡང་ཕན་ཚུན་དུ་བྱ་བ་གང་ལའང་རང་ཉིད་མི་བདེན་པའི་ཆ་མཐོང་ན་ཕམ་ངོ་བླངས་ཤིང་རྒྱལ་བར་ཤེས་ན་དེ་ཙམ་ལ་ཆོག་ཚོད་ཟིན་པར་བྱ། མཁས་པའི་བློ་གྲོས་དང་ལྡན་ན་ང་རྒྱལ་དང་དྲེགས་པ་བསྐྱུང་ཞིང་ལོངས་སྤྱོད་ཀྱིས་ཕྱུག་པར་གྱུར་ན་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །རང་ལས་དམན་པའི་མི་བྲན་རྣམས་ཁྱད་དུ་མི་བསད་ཅིང་མཐོ་བ་རྣམས་ལ་ཕྲག་དོག་སྤང་བ་དང༌། དེ་བཞིན་དུ་མི་ངན་པར་གྲགས་པའམ་འོན་ཏེ་མ་བརྟགས་པའི་མི་རྣམས་འཁོར་དུ་བསྟེན་རྫི་མི་བྱ་ཞིང་བན་བོན་ལ་སོགས་པ་མཐུ་གཏད་པ་རྣམས་དགྲར་ཡང་མི་བསླང་ལ་གཉེན་དུ་ཡང་མི་བྱ་སྟེ་བཏང་སྙོམས་སུ་བྱའོ། །རང་ཉིད་དབུལ་བར་གྱུར་ཀྱང་གཞན་གྱི་ནོར་ལ་མི་རློམ་ཞིང་མི་འབགས་པ་དང༌། གཞན་ལ་གནོད་པའི་ལ་ཡོགས་དང་མནའ་སྐྱེལ་བགག་རྣམས་ལ་འབད་པས་འཛེམ་པ་དང༌། བྱ་བ་གང་ལའང་ཕྱིས་མི་འགྱོད་པའི་རྡོག་གཏད་དང་ལྡན་པར་བྱ་ཞིང༌། རང་ལས་དམན་པའམ་འོན་ཏེ་མི་ངན་རྣམས་ལ་དབང་མི་བསྐུར་བར་རང་ཉིད་དབང་དང་ལྡན་པར་བྱའོ། །མདོར་ན་སེམས་ཀྱི་སྟོབས་ཤིན་ཏུ་དྲང་ཞིང་ངང་རྒྱུད་རིང་ལ་ཁོང་ཡངས་ཤིང་བློ་རྒྱའི་གཞི་ཆེར་བསྐྱེད་ལ་བརྩམ་པར་བྱ་བའི་ལས་རྣམས་ཕལ་ཆེར་ཟླ་ཚོད་ཀྱི་དུས་སུ་ཡང་ཉམས་སུ་བླང་བར་གཅེས་པ་ཡིན་ནོ། །བཤད་མ་ཐག་པའི་བྱ་བ་དེ་ལྟར་སྤྱོད་པའི་གང་ཟག་དེ་འདྲ་བ་གང་ཡིན་པ་དེ་ནི་རང་ཉིད་གཅིག་པུར་སྐྱེས་ཀྱང་གཞན་ལ་དབང་མི་འཆོར་ཞིང་བྲན་གཡོག་གི་ལུས་སུ་གྱུར་ཀྱང་སྐྱེ་བོ་མང་པོའི་དཔོན་དུ་འགྱུར་བ་ལ་ཐེ་ཚོམ་ཅི་ཡང་མེད་དེ་གདོན་མི་ཟ་བར་སྙན་གྲགས་དང་བཅས་ཏེ་ཐོབ་པར་འགྱུར་རོ།།

འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་བཤད་ཟིན་པ་དེ་ནས་དམ་པ་ལྷ་ཆོས་ཀྱི་སྤྱད་པ་སྤྱོད་པའི་ཚུལ་བཤད་པ་ནི། འགྲོ་བ་མིའི་ལུས་ཅན་གྱི་སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་འདོད་པའི་ཕྱིར་དུ་འཇིག་རྟེན་གྱི་བྱ་བ་སོ་ནམ་དང་ཚོང་ལ་སོགས་པ་སྣ་ཚོགས་པའི་ལས་རྩོམ་པ་ཀུན་ལ་འབད་པས་འཇུག་ཅིང་དོན་དུ་གཉེར་མོད་དུ་ཟིན་ཀྱང༌། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་ཉམས་སུ་བླང་བ་མེད་ན་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་ཚེ་འདིའི་བདེ་བ་དེ་ཉིད་ནི་མ་འོངས་པ་ན་ཉམས་སུ་མྱོང་འགྱུར་གྱི་སྡུག་བསྔལ་ཆེན་པོའི་རྒྱུའམ་འགྱུར་པའི་སྡུག་བསྔལ་ཞེས་བྱ་བ་ཡིན་པའི་ཕྱིར་ན་འདི་ཕྱི་གཏན་གྱི་བདེ་བ་ཐོབ་པར་འདོད་པ་རྣམས་ཀྱིས་དམ་པའི་ཆོས་ལ་རབ་ཏུ་འབད་པར་བྱ་ཞིང་དེ་ཡང་འདུལ་བ་ལུང་ལས། འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་གསོ་བ་རིག་པ་ཁོ་ན་ལ་བརྟེན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་སོགས་རྒྱས་པར་ནི་ལོགས་སུ་བཤད་པ་ལྟར་ཡིན་ལ། འགྲོ་བ་མིའི་ལུས་ཅན་སྤྱི་དང་བྱེ་བྲག་ཏུ་སྨན་པ་རྣམས་ཀྱིས་དམ་པའི་ལྷ་ཆོས་ཀྱི་སྤྱོད་པ་དག་ཀྱང་འདི་ལྟར་ཉམས་སུ་བླང་བའི་ཚུལ་མཚོན་ཙམ་ནི། ཡིད་དང་བ་དང་རབ་ཏུ་མོས་པའི་སྒོ་ནས་ཐོག་མ་ཉིད་དུ་དགེ་བའི་ལམ་སྟོན་ཞིང་མཐོ་རིས་དང་ཐར་པའི་གྲོགས་བྱེད་ནུས་པས་བཤེས་གཉེན་མཆོད་གནས་སྡེ་གཉིས་སུ་གྲགས་པ་གང་རིགས་བསྟེན་ཏེ། ཆོས་ཉན་པ་དང་བསྙེན་ཅིང་བཀུར་བ་ལ་སོགས་པས་མཆོད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཅིག་ཤོས་མི་དགེ་བའི་བཤེས་གཉེན་ཏེ་སྡིག་པ་དང་ངན་སོང་གི་གནས་ལ་སྦྱོར་བར་བྱེད་པ་གང་ཡིན་པ་རྣམས་ནི་རིང་དུ་སྤང་བར་བྱའོ། །དེས་ན་དགེ་བའི་བཤེས་གཉེན་དེས་གདམས་པའི་སྙིང་པོ་ལ་ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ། གཞན་གྱི་ནོར་འཕྲོག་ཅིང་རྐུ་བ་དང༌། ལོག་པར་གཡེམ་པ་སྟེ་གཞན་གྱི་བུད་མེད་ལ་སྤྱོད་པ་དང༌། རྟེན་གྱི་དྲུང་དང་ཉིན་མོ་འཁྲིག་པའི་ལས་བྱེད་པ། ཞར་བྱུང་ཕྲ་མོར་རང་གི་ཆུང་མ་ལས་གཞན་དུ་གྱུར་པའི་བུད་མེད་ལ་སྤྱོད་པ་གསུམ་དང༌། ངག་གི་སྒོ་ནས་མི་བདེན་པར་སྨྲ་བ་བརྫུན་དང༌། དགོས་པ་མེད་བཞིན་དུ་འབྲེལ་མེད་སྨྲ་བ་ངག་འཁྱལ་པ་དང༌། ཁྲོས་ཏེ་གཞན་ལ་གནད་དུ་འཛུགས་པའི་ཚིག་རྩུབ་དང༌། ཕྲ་མས་མཛའ་བར་སོ་སོར་འབྱེད་པ་དབྱེན་སྦྱོར་བཞི་དང༌། ཡིད་ཀྱི་སྒོ་ནས་གཞན་གྱི་རྫས་ལ་རེ་བ་བརྣབ་སེམས་དང༌། སེམས་ཅན་ལ་སྡང་བར་འཛིན་པའི་གནོད་སེམས་དང༌། ལས་རྒྱུ་འབྲས་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་འཛིན་པ་ལྟ་བ་ཕྱིན་ཅི་ལོག་པ་སྟེ་གསུམ་དང་བཅས་པ་སྡིག་པའི་ལས་མི་དགེ་བ་བཅུ་པོ་དེ་ནི་ལུས་ངག་ཡིད་ཀྱིས་དམ་བཅས་ཏེ་འབད་པས་སྤང་བར་བྱའོ། །གཞན་ཡང་འགྲོ་བ་གང་ལུས་སེམས་མྱ་ངན་གྱིས་རབ་ཏུ་གཟིར་བ་དང༌། ཉམ་ཐག་པའི་ཟུག་རྔུས་གཙེས་པའི་ནད་པ་དང༌། ཟས་གོས་དང་བྲལ་བས་ཕོངས་པར་གྱུར་པ་སྟེ། དེ་ལྟར་སྡུག་བསྔལ་དང་ལྡན་པ་དེ་རྣམས་ལ་ལྷག་པར་ཡང་མྱ་ངན་སེལ་བ་དང༌། གསོ་དཔྱད་དང་སྦྱིན་པ་ཅི་ནུས་པའི་སྒོ་ནས་འབད་པས་ཕན་གདགས་པར་བྱའོ། །དེ་བཞིན་དུ་འབུ་སྲིན་གྲོགས་སྦུར་ལ་སོགས་པ་སྲོག་ཆགས་ཕྲ་མོ་ཀུན་ལ་ཡང་དུས་རྟག་ཏུ་རང་ཉིད་དང་འདྲ་བར་བལྟ་བར་བྱའོ། །རང་ཉིད་སྲོག་ལ་གཅེས་པར་འཛིན་ཞིང་བདེ་བར་འདོད། སྡུག་བསྔལ་མི་འདོད་པ་ལྟར་སྲོག་ཆགས་ཕྲ་མོ་དེ་རྣམས་ཀྱང་དེ་ལྟར་འདོད་པ་འབའ་ཞིག་ཡིན་པ་དེའི་ཕྱིར་ན་གཅེས་སྤྲས་སུ་བསྐྱང་བར་བྱའོ། །དེ་ལྟར་མ་ཡིན་པ་མི་ནང་ཕན་ཚུན་རྣམས་ལའང་བསླུ་བ་མེད་པ་བདེན་པར་སྨྲ་བ་དང༌། དེས་པས་བཞིན་འཛུམ་ཞིང་དྲང་པོར་མི་བསླུ་བར་སྨྲ་བ་དང༌། རང་ཉིད་ལ་གནོད་པར་བརྩོན་པའི་དགྲ་བོ་ལའང་འཁོན་དུ་མི་འཛིན་པར་ཅི་ནུས་ཀྱིས་ཕན་གདགས་པ་གཙོ་བོར་བྱ་དགོས་ན་གཞན་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱོགས་རིས་མེད་པའི་སེམས་ཅན་ཐམས་ཅད་ལ་རབ་ཏུ་བྱམས་པའི་སྒོ་ནས་བྱང་ཆུབ་མཆོག་གི་སེམས་གཉིས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་ཞེ་ཐག་པ་ནས་སྨོན་པའི་སྨོན་པ་སེམས་བསྐྱེད་དང༌། དེའི་ཆེད་དུ་གཞན་ལ་ཕན་ཅི་ཐོགས་སུ་འཇུག་པའི་འཇུག་པ་སེམས་བསྐྱེད་གཉིས་པོ་ཆོ་ག་བཞིན་དུ་བླང་ཞིང་མ་ཉམས་པར་བསྲུང་བ་དང༌། ལུས་ངག་ཡིད་གསུམ་ག་དུལ་ཞིང་ནོར་ལ་ཕོངས་མེད་གཏོང་བའི་སེམས་དང་ལྡན་པར་བྱེད་པ་སྟེ། མདོར་ན་གཞན་རྣམས་ཀྱི་དོན་ལའང་རང་ཁོ་ནའི་དོན་དང་འདྲ་ཞིང་ཁྱད་པར་མེད་པར་སེམས་པས་དུས་རྟག་ཏུ་ཉམས་སུ་ལེན་པ་དེ་དག་ནི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་མཐར་ཐུག་གོ་ཞེས་གསུངས་པ་ཡིན་པས་ན་ཐར་འདོད་ཀུན་གྱིས་ཉམས་སུ་བླང་བར་བྱའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པའི་ཕན་ཡོན་ནི། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཚོགས། །ནམ་མཁའ་མཉམ་པ་དུ་མ་ཞིག །རྒྱུན་མི་ཆད་པ་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ནན་ཏན་དུ་བྱའོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 10:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།