སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཉིས་པ། སྔོ་སྦྱོར་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
ཕྱི་མ་རྒྱུད། >> ལེའུ་བཅུ་གཉིས་པ། སྔོ་སྦྱོར་བསྟན་པ།



ལེའུ་བཅུ་གཉིས་པ། སྔོ་སྦྱོར་བསྟན་པ། 

ཞི་བྱེད་དགུ་པ་རིན་པོ་ཆེའི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། སྔོན་དུ་ཞི་བྱེད་ཀྱི་སྦྱོར་བ་ཐང་ནས་སྨན་ཆང་གི་སྡེའི་བར་བརྒྱད་དང༌། རིན་པོ་ཆེའི་སྦྱོར་བ་རྣམས་གསུངས་པས་གསོ་བར་བྱ་བའི་ནད་ལ་གཏོགས་པ་བཞི་བརྒྱ་རྩ་བཞི་མི་སེལ་བ་འགའ་ཡང་མེད་མོད་ཀྱང༌།

ནམ་ཞིག་ལྔ་བརྒྱ་ཐ་མ་སྟེ་སྙིགས་མ་ལྔ་བདོ་བ་མན་རྒྱུད་དུ་འཆད་པ་ལྟར་གྱི་དུས་སུ་སླེབ་ཙམ་ན། དབུལ་པོའི་ནད་པ་རྣམས་ཀྱིས་རིན་ལྟ་བུས་སླུ་བར་མི་ཐེག་ཅིང་མཐའ་འཁོབ་སྟེ་སྔར་བོད་དུ་སྦྱར་ནས་གསུངས་པའི་ཁོལ་བུའི་ཡུལ་དུ་སྨན་སོགས་བཙལ་བས་རྙེད་པར་དཀའ་ལ། སྨན་ཡོད་པའི་ཐག་རིང་གི་ཡུལ་དུ་བཙལ་ན་ཡུན་དུ་འགོར་བས་དེ་ཚོལ་རིང་ནད་པ་རྐྱེན་དབང་དུ་འཆོར་བས་རྒྱུ་མཚན་དེའི་ཕྱིར་ས་ལས་སྐྱེས་པའི་སྔོ་རྣམས་ཀུན་སྐྱེས་ཚད་མཐོང་ཚད་ལྟ་བུ་སྨན་དུ་སྦྱར་བའི་ཐབས་དབུལ་པོའི་ནད་པ་རྣམས་ཀྱི་དོན་དུ་ཞུ་བས་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས། སྟོན་པས་གསུངས་པ། དེ་ཡང་ཀྱེ་མ་ཞེས་པ་ནི་དབུལ་པོའི་ནད་པ་རྣམས་ལ་བརྩེ་བར་དགོངས་པ་སྟེ་ལེགས་སོ། །དྲང་སྲོང་ཡིད་ལས་སྐྱེས་ཁྱོད་ཀྱིས་ཞུས་པའི་གཏམ་ལ་དེ་ག་ཤིན་ཏུ་བདེན་ཏེ། ལྔ་བརྒྱ་དུས་ཀྱི་ཐ་མ་ཞེས་གོང་དུ་བཤད་པ་ལྟར་གྱི་དུས་དེར་སླེབས་པའི་ཚེ་ན་ས་ལ་སྐྱེས་ཚད་དང་མིག་གིས་མཐོང་ཚད་ལྟ་བུ་སྨན་དུ་མ་ཁོལ་ན་གཞན་ནུས་ལྡན་གྱི་རྩི་སྨན་རིན་པོ་ཆེ་སོགས་དཀོན་པས་བཙལ་དུ་ག་ལ་རྙེད་དེ། དཔེར་ན་ལྷ་དང་ཀླུའི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་སོགས་ཡོན་ཏན་དུ་མ་དང་ལྡན་ཀྱང་ལག་ཏུ་མི་ལོན་པ་དང་འདྲ་ཞིང་རྙེད་པར་དཀའ་ལ། གལ་ཏེ་རྙེད་ཀྱང་དབུལ་པོའི་ནད་པས་སླུ་རིན་ལྟ་བུས་ཅི་ལ་ཐེག་སྟེ། དཔེར་ན་ཟོང་མེད་པའི་མི་ཚོང་འདུས་སུ་འཁྱམས་པ་དང་འདྲ་བར་དོན་མེད་པས། དེ་ལྟ་བས་ན་ཡུལ་མཐའ་འཁོབ་ཀྱི་དབུལ་པོར་གྱུར་པའི་ནད་རྣམས་སེལ་བའི་ཕྱིར་དུ་བྱམས་པའི་སེམས་ཀྱིས་སྔོའི་སྦྱོར་བ་བསྟན་པར་བྱ། འོན་ཀྱང་མ་འགྲུབ་པའི་ཕྱིར་དུ་གསུངས་པ་ལྟ་བུར་སོམ་ཉི་བྱ་མི་དགོས་ཏེ། འོག་ཏུ་འཆད་པ་ལྟར་ཚད་ལྡན་གྱི་ལག་ལེན་བྱུང་ན་ནུས་པ་རིན་པོ་ཆེ་དང་རྩི་སོགས་ཀྱི་སྨན་དེ་བས་ཀྱང་སྔོ་རང་ཆེ་བ་ཡིན་ཏེ། དཔེར་ན་བསིལ་བའི་ནུས་པའི་སྒོ་ནས་ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས་པའི་སྔོ་ཡང་ཡོད་པ་དེ་དག་ལ་སོགས་པའི་སྔོ་དེ་རྣམས་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད་ཅིང༌།

དེ་ལྟ་བུ་དང་ལྡན་པའི་ནུས་པ་འབྱུང་བར་བྱེད་པ་ལ་གཅེས་པའི་ཡན་ལག་བདུན་དང་ལྡན་པ་དགོས་ཏེ། གང་ཞེ་ན་སྐྱེ་ས་གཙང་ས་བསིལ་དྲོད་རང་རང་ནུས་པ་དང་མཚུངས་པའི་སར་སྐྱེས་པ་དང༌། རྩ་སྡོང་ཡལ་ག་སོགས་རང་རང་ལ་འཆད་པ་ལྟར་གྱི་དུས་སུ་བཏུས་པ་དང༌། རྨ་ཕབ་ནས་གྲིབ་མ་དང་མེ་ཉི་གང་འོས་སུ་སྐམ་གསེད་ལེགས་པ་དང༌། སོ་མ་སྟེ་ལོ་མ་ལོན་པའི་རྙིངས་པ་མ་ཡིན་པ་དང༌། རྩ་སྡོང་པགས་རྐང་སོགས་རང་རང་གི་དུག་འདོན་པ་དང༌། སྦྱོར་བ་ཁ་འཛིན་གཉེན་པོས་འཇམ་བཙལ་བ་དང༌། གནད་གསུམ་དུ་ཤེས་པས་འཕྲོད་པར་སྦྱར་བ་དང་བདུན་ཡོད་པའོ། །

དེ་ལྟར་གྱི་དང་པོ་ཟླ་ཟེར་ལས། སྨན་སྐྱེ་བའི་ས་ཕྱོགས་སྐམ་སར་གྱུར་ཅིང་རླན་གྱི་ཤས་ཆུང་བ། རགས་པའི་དབང་དྲོ་གྲང་གི་ཆ་མཉམ་ས་གཞི་མཉམ་ཞིང་མཐོ་དམན་མེད་ས་གཙང་ཞིང་དག་པ་ས་གཞི་བཟང་བ་ཞིག་དགོས་པ་དང༌། ངན་པ་ནི་དུར་ཁྲོད་ལ་སོགས་པ་མཆོད་རྟེན་ནམ་ཤིང་ཆེན་ཏེ་གྲོང་གི་ཕྱི་རོལ་ན་ཤིང་ཆེན་པོ་གཅིག་པུར་གནས་པ་དང༌། ལྷ་གནས་ཏེ་འཇིག་རྟེན་པའི་ལྷའི་རྟེན་མཁར་ཡོད་པ་དང༌། གཡང་ས་སྟེ་གད་ཁ་དང༌། གྲོག་མ་ཅན་གྱིས་ལས་སྐྱེས་པ་མ་གཏོགས་པ་འཇམ་ཞིང་ས་ཕྱོགས་རྩུབ་ཤས་མེད་པ་དང༌། ཆུ་བོ་ནི་གཡས་ཕྱོགས་ནས་འབབ་པ་དང༌། དེ་བཞིན་དུ་འཇག་མ་དང་དཱུར་བའི་ནེའུ་གསིང་གིས་ཁྱབ་ཅིང་གདལ་བ་དང་ལྡན་པའི་སྨན་དེ་གཤོལ་གྱི་ཐོང་ལྕགས་ཀྱིས་ནི་མ་རྨོས་ཤིང་བསྣད་པར་མ་གྱུར་པ་དང༌། ལྗོན་ཤིང་གི་གྲིབ་མས་ཁེབས་པར་མ་གྱུར་པ་དང༌། གཞན་ཡང་སྦྲུལ་ལ་སོགས་པ་གདུག་པས་ཕོག་པར་མ་གྱུར་པ་དང༌། ཁ་དོག་སྣུམ་ཞིང་མདངས་དང་ལྡན་ལ་བཅུད་ལ་སོགས་ཡོན་ཏན་དུ་མ་དང་ལྡན་པར་སྨན་སྐྱེ་བར་གྱུར་པ་ནི་བསྔགས་ཤིང་ཤིས་པ་ཡིན་པར་བཤད་ཅིང༌། ཡང་སྨན་དེ་ཡང་སྲིན་བུ་རྣམས་ཀྱིས་མ་ཟོས་ཤིང་མ་རྨས་པ་དང༌། ནགས་ཀྱི་མེས་མ་ཚིག་པ་དང༌། གཞན་ཡང་གྲང་ལྷགས་ཀྱིས་མཚོན་འབྱུང་བ་ལ་སོགས་པ་རྣམས་ཀྱིས་གནོད་པར་མ་གྱུར་བ་དང༌། ཉི་མ་དང་གྲིབ་མ་དང་ཆུ་ལ་སོགས་པས་མ་ཉེན་ཞིང་གནོད་པར་མ་གྱུར་པའི་སྨན་དེ་དུས་ཇི་ལྟ་བ་བཞིན་དུ་དུས་སུ་བཏུས་གྱུར་པ་དང༌། རྩ་བ་ཆེ་ཞིང་སའི་གཏིང་དུ་ཟུག་པ་དང༌། བྱང་གི་ཕྱོགས་སུ་བརྟེན་པ་སྟེ་སྐྱེས་པ་གང་ཡིན་པ་དེ་བཟང་ངོ༌། །དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པ་སོགས་མང་པོ་ཞིག་ལ་འཇུག་ཀྱང་འདིར་སྔ་ཕྱི་མཚམས་སྦྱོར་བ་སྟེ་སྔ་མ་རྒྱུ་མཚན་དང་བཅས་པ་དེ་བསྡུ་བ་དང༌། ཕྱི་མ་སྟོན་པ་ནི་སྨན་པ་དགེ་བ་ལ་སྤྱོད་ཅིང་གནས་པ་དང༌། དད་པ་དང་ལྡན་ཞིང་ངང་ཚུལ་བཟང་བ་དང༌། ཁྲུས་དང་གཙང་སྦྲ་བྱས་པ་དང༌། སྨྱུང་བ་བྱས་པས་སྨན་དེ་ནི་ལེགས་པར་གནས་ཤིང་འདུག་པ་བཏུ་ཞིང་བླང་བར་བྱ་ལ། བཏུས་ནས་ཀྱང་ཡོན་ཏན་དང་ལྡན་ཞིང་དེ་དང་འཚམ་པའི་སྣོད་དུ་བཅུག་ལ། དུས་སུ་འོ་མ་དང་བཅས་པ་དུས་སུ་སྦྱར་བར་བྱ་ལ། དེ་ལས་བུ་རམ་མར་དང་སྦྲང་རྩི་དང་པི་པི་ལིང་དང་བྱི་ཏང་ག་འབྲུ་སྨན་རྣམས་མ་གཏོགས་འོ་མ་མེད་པ་སྟེ་དེ་དག་ནི་རྙིང་པ་ཉིད་བཟང་བ་ཡིན་ནོ། །ཚ་གྲང་གི་ཁྱད་པར་སྐྱེ་ཡུལ་ཀྱང་རི་བོ་གངས་ཅན་དང་འབིགས་བྱེད་གཉིས་ཀྱི་རང་བཞིན་གྱི་རིའི་ཁྱད་པར་ནི་ས་གཞི་འདི་ཕལ་ཆེར་ཁྱབ་པ་ཡིན་ལ། དེ་གཉིས་ཀྱི་ནང་ལས་དང་པོ་རི་ཁ་བ་ཅན་ལས་སྐྱེས་པའི་སྨན་རྣམས་ནི་རང་བཞིན་བསིལ་ཞིང་ཚ་བའི་ནད་ལ་ཕན་པ་ཡིན་ཏེ། དེ་ནི་ཞི་ཞིང་གྲང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འབིགས་བྱེད་ཀྱི་རིའི་རང་བཞིན་ནི་དྲོ་བ་ཡིན་པའི་ཕྱིར་དེ་ལ་སྐྱེས་པའི་སྨན་ནི་མེའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ཁྱད་པར་དུ་གདགས་སྲིབས་གང་དུའང་སྔོ་སྐྱེས་པའི་ས་ནི་ས་ཕྱོགས་གཙང་ཞིང་ཉམས་དགའ་བ། བུདྡྷ་ཁོང་དུ་ཆུད་པའི་སངས་རྒྱས་ཀྱི་མཚན་ཏེ་དེས་ཞབས་ཀྱིས་བཅགས་པ་ཞིག་དགོས་ཀྱང༌། སྟོན་པ་མ་ག་དྷ་རྡོ་རྗེའི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་གཉིས་པ་ལ་དབང་སྒྱུར་གྱི་གནས་སུ་རྡོ་རྗེ་སྙིང་པོས་ས་བཅུ་པ་དང༌། སྟོན་པས་རྣམ་སྣང་མངོན་བྱང་གི་རྒྱུད་གསུངས། སྤྲུལ་པའི་སྐུས་ནི་སྟོང་གསུམ་ཞབས་ཀྱིས་བཅགས་སོ་ཞེས་སྨྲ་བའང་བྱུང་མོད་ཀྱང༌། དེ་ལྟར་གྱི་རྗེས་སུ་འབྲངས་ན་སྟོང་གསུམ་གྱི་སྨན་ཐམས་ཅད་བཟང་བར་ཐལ་སྐྱོན་འཇུག་ཕྱིར་ན་བུདྡྷས་བཅགས་ཞེས་པ་དེ་ནི་འཕགས་ཡུལ་དུ་སངས་རྒྱས་ཀྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་སོགས་གང་དུ་བསྟན་པའི་ས་རྣམས་དང༌། གཞན་ཡང་རྒྱ་བོད་ཀྱི་སྐྱེས་ཆེན་པཎ་གྲུབ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པ་སྤྱི་དང༌། བོད་དུ་ཆོས་རྒྱལ་རྣམས་ཀྱིས་བཏབ་པའི་གནས་ཆེན་དང༌། ཨཽ་ཌི་ཡ་ནའི་སློབ་དཔོན་ཆེན་པོའི་སྒྲུབ་གནས་རྣམས་སུ་སྐྱེས་པ་མཆོག་ཏུ་གྱུར་ཞིང་བཟང་བ་ཡིན་ལ། གཞན་ཡང་དེ་དང་མི་ལྡན་ཀྱང་ས་དཔྱད་སོགས་ཁོ་བོའི་བསྟན་བཅོས་བཻ་ཌཱུརྱ་དཀར་པོར་རྒྱས་བཤད་ཡོད་པ་ལྟར་བཀྲ་ཤིས་ཀྱི་ཡོན་ཏན་དགེ་བ་བཅུ་ལ་སོགས་པ་དང་ལྡན་ཞིང་ས་གཞི་གཤིན་པ་ཚ་སྒོ་སོགས་མེད་པ། གངས་ཅན་ཏེ་སྲིབས་ཀྱི་རི་ལ་བསིལ་སྨན་དང༌། འབིགས་བྱེད་ཅེས་པ་གདགས་ཀྱི་རི་ངོས་སུ་དྲོད་སྨན་སྐྱེས་པ་དེ་ནི། བསིལ་དྲོད་རང་རང་གི་གནས་སུ་སྐྱེས་པའི་ཕྱིར་གདགས་སྲིབས་གོ་མ་ལྡོག་པ་བཟང་ལ། དེ་ཡང་ཉི་ཟླའི་འོད་ཕོག་པ་དེ་ཚ་བསིལ་གྱི་ནུས་པ་སྟོབས་དང་ལྡན་པ་ཡིན་ཏེ། དེ་འདྲ་བར་སྐྱེས་པ་ནི་སྐྱེ་སར་སྐྱེས་པ་ཞེས་བྱ་སྟེ་ཡོན་ཏན་མཆོག་ཏུ་གྱུར་པ་ཡིན་ནོ། །

ཡན་ལག་གཉིས་པ་སྔོ་སྨན་དེ་དག་བཏུ་བའི་དུས་ནི་དེང་སང་རྀ་ཥྀའི་སྔོན་ཙམ་སྤྲོ་སངས་དང་སྦྲག་འཐུ་བ་ཞིག་སྣང་ཡང་དེ་གཅིག་པོར་མི་འཐད་དེ་རྩ་བ་དང་ཡལ་ག་དང་སྡོང་པོ་གསུམ་ནི་སྡོང་པོའི་སྨན་གྱི་རིགས་ཡིན་པས༌། རུས་པ་དང་རྩ་དང་ཤའི་ནད་སེལ་བའི་ཕྱིར་དེ་རྣམས་སྟོན་ཀ་རྩི་ཏོག་བསྐམས་པ་ཐ་ཆུང་དགུ་པའི་དུས་སུ་བཏུ་བར་བསྔགས་ལ། ལོ་མ་དང་ཞོ་ནི་བཅད་མཚམས་ནས་ནུ་ཞོ་ལྟ་བུའི་འོ་མ་འཛག་པ་དང༌། མྱུ་གུ་རྣམ་པ་གསུམ་ནི་ལོ་མའི་རིགས་ཡིན་པས་སྣོད་དྲུག་དང་རྐང་དང་ལྷ་བའི་ནད་སེལ་བས། དེ་རྣམས་ནི་དབྱར་གུང་འདབ་རྒྱས་ཆར་གྱི་ཞེས་དབྱར་འབྲིང་ལྔ་པར་བཤད་ཀྱང་ཐ་ཆུང་དྲུག་པའི་དུས་སུ་བཏུ་བར་བསྔགས་སོ། །མེ་ཏོག་དང་འབྲས་བུ་དང་རྩེ་མོ་རྣམ་པ་གསུམ་ནི་འབྲས་བུའི་རིགས་ཡིན་པས་མིག་སོགས་དབང་པོ་དང་དོན་ལྔ་དང་མགོ་བོ་རྣམས་ཀྱི་ནད་སེལ་བས་སྟོན་ཀ་སྐྱི་སེར་ལངས་ཤིང་འབྲས་བུ་སྨིན་པའི་དུས་སུ་སྟེ་སྟོན་འབྲིང་བརྒྱད་པར་བཏུ་བར་བསྔགས་སོ། །སྐོགས་པ་དང་བར་ཤུན་དང་ཚི་བ་ཞེས་པ་ཐང་ཆུའི་རིགས་སོགས་རྣམ་པ་གསུམ་ནི་ཤུན་པའི་རིགས་ཡིན་པས་པགས་པ་དང་རྒྱུས་པ་ཡན་ལག་གི་ནད་སེལ་བ་དེ་རྣམས་ནི། སྔོ་ཤིང་ཁ་འབུས་པ་དཔྱིད་ཀྱི་དུས་སུ་སྟེ་འབྲིང་པོ་གཉིས་པར་བཤད་ཀྱང་གསུམ་པར་བཏུ་བར་བསྔགས་སོ། །གཞན་ཡང་བཤལ་སྨན་རྣམས་ནི་རྩི་ཏོག་བསྐམས་ནས་ས་ཆུའི་ནུས་པ་གཏིང་དུ་འགྲོ་བའི་དུས་སྟོན་མཇུག་དང་སྐྱུགས་སྨན་རྣམས་ནི་སྔོ་ཤིང་ཁ་འབུས་མེ་རླུང་གི་ནུས་པ་གྱེན་དུ་འདྲེན་པའི་དུས་སུ་སྟེ་དཔྱིད་ཟླ་འབྲིང་པོའམ་ཐ་ཆུང་བཏུ་ཞིང༌། དུས་སོ་སོ་མ་ནོར་བ་དེའི་ཁྱད་པར་ཟླ་བ་ཡར་ངོའི་དུས་བཟང་ཞེས་པ་བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པ་ལས། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང༌། །ཉ་ཡི་ཚེ་ན་བཙལ་བར་བྱ། །ཞེས་བཤད་པ་དཔལ་སྭ་རོ་ད་ཡའི་རྒྱུད་ལས་གསུངས་པའི་སྨན་དཔྱད་འཁོར་ལོ་རགས་པ་ལྟར་ནའང་བདུན་ནས་བཅོ་ལྔའི་བར་སྨན་བདུད་རྩིར་འགྱུར་བར་བཤད་པ་དང་བཅས་བཅོ་ལྔའམ་དེའི་བར་གྱི་ཟླ་བ་གཉིས་པ་དྲུག་པ་བརྒྱད་པ་སོགས་མོ་ཟླའི་ཚེས་བཅུ་གཉིས་སྤངས་པའི་བདུད་རྩི་སྦྱོར་བ་སོགས་གཟའ་ཚེས་ཕུན་སུམ་ཚོགས་པ་ལ་ཡ་བཤན་མཛེ་མནོལ་སོགས་མ་ཡིན་པའི་གྲོང་པའི་ཆོས་ཀྱིས་མ་གོས་པ་གཙང་མའི་བྱིས་པ་དེ་ཡང་བདུད་རྩི་མཆོག་ལུང་ལས། བལ་བའི་ཐབས་ནི་འདི་ལྟར་བྱ། །བྱིས་པ་ལོ་དྲུག་ལོ་བདུན་མན། །ཁྲུས་བྱས་དང་དཀར་གོས་གྱོན་ནས། །ཤར་ཕྱོགས་ལོགས་སུ་ཁ་བལྟས་ཏེ། །ལྷ་ཕྱག་ལན་གསུམ་བཙལ་ནས་ནི། །ཞེས་པ་ལྟར་རིགས་གོང་བཤད་འཛོམ་པ་དབང་ཐང་གཙོར་གྱུར་གྱི་དར་བ་མིང་བཀྲ་ལེགས་པས་ཁྲུས་བྱས་གོས་དཀར་པོ་གྱོན་པ་སོགས་མཛེས་པའི་རྒྱན་དང་ལྡན་པ་བྱས་ལ། བདུད་རྩི་མཆོག་ལས། དེ་ནས་རྩ་ནས་འབྱུང་བའི་སྔགས། ཏདྱཐཱ་ཤོ་ཧེང་ག་ཏེ་ཏ་རེ་སྭཱ་ཧཱ། ཞེས་དང༌། སྨན་གྱི་བླ་མའི་གཟུངས་སྔགས་བྷཻ་ཥ་ཛྱེ་དང༌། རྟེན་འབྲེལ་སྙིང་པོ་བཟླ་ཞིང་ཤར་དུ་ཕྱག་བཙལ་ཏེ། སྨན་གྱི་ནུས་མཐུ་དང་གཟི་བརྗིད་ཐམས་ཅད་རྒྱུད་ལས་བཤད་པ་བཞིན་སྒྲུབ་པར་མཛོད་ཅིག་ཅེས་པའི་སྨོན་པ་དང་བཅས་ཏེ་བཏུ་བར་བྱའོ། །གཞན་ཡང་ཟླ་ཟེར་ལས། དེ་ནས་དགེ་བ་ལས་སྤྱོད་ཅིང༌། །དད་ལྡན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལེགས་པར་གནས་པ་བཏུ། །ཞེས་ཀྱང་འབྱུང་ངོ༌། །སྔོ་སྨན་དུག་འདོན་ས་བཅད་ལྔ་པར་བྱུང་རུང༌།

འདིར་རྒྱས་བཤད་གསུམ་པར་བྱུང་བའི་སྨན་དེ་དག་བཏུས་པས་མི་ཆོག་པར་དུག་དང་ཕྲལ་བ་གལ་ཆེ་བས། དེ་ཡང་རྩ་བ་དང་སྡོང་པོ་གཉིས་ཀྱི་དུག་ནི་པགས་པ་དང་རྐང་གཉིས་ཡིན་ཏེ། གང་ཞེ་ན་རྩ་བའི་སྨན་ལ་རྩ་བ་དེ་གའི་པགས་ཤུན་དུག་ཡིན་ལ། སྡོང་པོའི་སྨན་ལ་སྡོང་པོའི་ནང་གི་རྐང་སྐྱ་གསོབ་དེ་དུག་ཡིན། དེ་བཞིན་དུ་ཡལ་གའི་སྨན་ལ་དེ་གའི་ཚིགས་པ་དུག་དང༌། ངར་པ་ཞེས་པ་ལོ་མའི་རྐང་ངམ་ཡུ་བའི་མིང་ཡིན་ཏེ་དེ་ཉིད་ནི་ལོ་མའི་དུགམེ་ཏོག་གི་སྨན་གྱི་རིགས་ལ་དེའི་གོས་ཏེ་མེ་ཏོག་གི་གང་བུའི་པགས་དུག་དང༌། འབྲས་བུའི་སྨན་ལ་དེ་གའི་ནང་གི་ཚི་གུའམ་རུས་པ་དེ་འབྲས་བུའི་དུག་ཡིན་ལ། དེ་ཡང་ཞོ་དང་རྐང་དང་ཚི་བ་ཞེས་པ་གསུམ་ལ་དུག་མེད་དེ། པགས་པའི་ཕྱིའི་དྲེག་པ་ནི་པགས་པའི་སྨན་གྱི་དུག་ཡིན་ལ། དེ་བཞིན་དུ་ཤ་གདན་ནི་བར་ཤུན་གྱི་དུག་ཡིན་པས་ན་དུག་དེ་རྣམས་ལེགས་པར་ཕྲལ་བའི་སྔོ་སྨན་ནི་འཇམ་ཞིང་འཇུ་བ་སླ་བ་ཡིན་ལ། གོང་དུ་སྨོས་པའི་དུག་དེ་རྣམས་ཀྱིས་དངོས་སུ་སྲོག་འཕྲོག་པར་བྱེད་པ་ལྟ་བུ་མ་ཡིན་ཀྱང༌། སྨན་དེ་རྣམས་རྩུབ་ཅིང་འཇུ་དཀའ་བའི་སྐྱོན་དུ་འགྱུར་བ་ཡིན་ནོ། །

ཡན་ལག་བཞི་པ་སྔོའི་སྨན་དེ་དག་མ་བསྐམས་པའི་དུས་གསེད་དེ་མ་འདྲེས་པར་བཞོག་དགོས་པ་གང་ཡིན་ཡང་བཏུས་པའི་དུས་དེ་མ་ཐག་ཏུ་ཆོམ་ཙམ་བརྡུང་རྨ་ཕབ་ལ། བསིལ་སྨན་རྣམས་གྲིབ་མ་དང་ལྷགས་པས་སྐེམ་ཞིང༌། དྲོད་སྨན་རྣམས་མེ་དང་ཉི་མས་ལེགས་པར་སྐེམ་ལ། དེ་ཡང་དྲོད་སྨན་རྣམས་རླུང་བསེར་བུ་ཙམ་གྱིས་མ་ཞིག་པ་དང༌། བསིལ་སྨན་རྣམས་མེ་དང་ཉི་མས་མ་གདུངས་པ་དང༌། བསིལ་དྲོད་ཐམས་ཅད་ལ་དུ་བ་མ་ཕོག་པ་དང༌། སྨན་གཞན་གྱི་དྲི་མས་མ་གོས་པ་རང་རང་གི་ནུས་པ་དང་ལྡན་པ་ལ་ཡོན་ཏན་དཔག་ཏུ་མེད་དོ། །

ཡན་ལག་ལྔ་པ་སོ་མ་རྙིངས་པ་ཞེས་བྱ་བ་ནི་སྔོ་སྨན་དེ་དག་བཏུས་ནས་ལོ་དུས་མ་ལོན་པ་ཞིག་ངེས་པར་དགོས་ལ། ལོ་དུས་འདས་ན་ནུས་པ་འཆོར་བའི་ཕྱིར་ལོ་དུས་སུ་རྙིངས་པ་དོར་ཞིང་གསར་པ་སྤོ་བ་སྟེ་བསྒྲུབ་པར་བྱའོ། །

ཡན་ལག་དྲུག་པ་འཇམ་བཙལ་བ་ལ་སྤྱི་དོན་གསུམ་དུ་ཡོད་པ་སྟེ་སྦྱོར་བའི་སྒོ་ནས་འཇམ་བཙལ་བ་དང༌། ཁ་འཛིན་གྱི་སྒོ་ནས་འཇམ་བཙལ་བ་དང༌། གཉེན་པོའི་སྒོ་ནས་འཇམ་བཙལ་བ་དང་གསུམ་དུ་བསྟན་པའོ། །དེ་ཡང་སྦྱོར་བས་འཇམ་བཙལ་བ་ནི་སྨན་རིགས་མཐུན་མང་པོ་སྣ་སྤྲད་དེ་གཏོང་བ་དང༌། ཁ་འཛིན་གྱིས་འཇམ་བཙལ་བ་ནི། ཕོ་བ་དང་དོན་ལྔ་དང་སྣོད་དྲུག་རྣམས་གང་ལ་བབས་པའི་ཁ་འཛིན་གྱི་སྨན་དང་བཅས་ཏེ་བསྟེན་པ་དང༌། གཉེན་པོའི་འཇམ་བཙལ་བ་ནི་སྔོ་རྣམས་ཐམས་ཅད་དེ་ཀུན་ནུས་པ་རྩུབ་པས་ལུས་ཀྱི་རླུང་འབུད་པ་དང་ཕོ་བའི་མེ་དྲོད་གསོད་ཅིང་ལུས་ཟུངས་སྐེམས་པར་བྱེད་པ་ཡིན་པས། དེའི་ཕྱིར་ན་གཉེན་པོའི་སྨན་རླུང་གནོན་པའི་ཕྱིར་ཤ་ཆེན་ཏེ་མི་ཤ་དང་བུར་རྙིང་དང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་སྟེ་ཕོ་བའི་མེ་དྲོད་གསོ་བའི་ཕྱིར་སེ་འབྲུ་དང་པི་པི་ལིང༌། ལུས་ཟུངས་རྒྱས་པར་བྱེད་པའི་ཕྱིར་ཨ་རུ་ར་རྣམས་སྔོ་སྦྱོར་ཐམས་ཅད་ལ་བསྣན་པའམ། དེ་རྣམས་མ་འཛོམ་ན་སྔོ་རྣམས་ཁཎྜར་བྱས་པ་ཤིས་པ་ཡིན་ནོ། །

ཡན་ལག་བདུན་པ་འཕྲོད་པར་སྦྱར་བའི་ཐབས་ནི་རོས་ལས་བྱེད་པའི་གནད་དང༌། ནུས་པས་ལས་བྱེད་པའི་གནད་དང༌། ཞུ་རྗེས་ཀྱིས་ལས་བྱེད་པའི་གནད་རྣམ་པ་གསུམ་པོ་ཤེས་པས་བསིལ་དྲོད་མ་འདྲེས་པར་མཐུན་བསྡེབས་སུ་སྦྱར་བར་བྱས་ཏེ་གཏོང་དགོས་ལ། དེ་ལ་ཡང་དབྱེ་ན་ཚ་སེལ་དང་གྲང་སེལ་གཉིས་སུ་ཤེས་པར་བྱ་དགོས་པ་ལས། ཚ་སེལ་དེ་ལའང་ཐུན་མོང་བ་གཅིག་དང་གཙོ་བོ་བཞི་ལ་ཁ་བསྒྱུར་བའི་སྦྱོར་བ་ཉེར་བདུན་བཅས་སྡེ་ཚན་ནམ་རིགས་གཉིས་སུ་ཡོད་པའི་ཐུན་མོང་གི་སྔོ་སྦྱོར་དེ་ལ། དཔེ་རྒྱལ་པོ། བཙུན་མོ། སྲས། བློན་པོ། འབངས། དམག་དཔོན། དམག་མི། ཆིབས་པར་བྱ་བའི་རྟ་དང་བཅས་པའི་གཡུལ་ཆེན་པོ་སྤྲོད་པ་དང་མཚུངས་པར་སྦྱར་བར་བྱ་བ་ཡིན་ཏེ། རྒྱལ་པོ་ཟླ་བ་བསིལ་བའི་བདུད་རྩི་ཞེས་པ་གཡའ་ཀྱི་མ་དང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་སྟེ། བཙུན་མོ་ལྟ་བུ་རེ་སྐོན་དང༌། སྲོ་ལོ་དཀར་པོ། འཇིབ་རྩི་དངོས་བྱུང་ན་དང་དེ་མིན་པྲི་ཡང་ཀུ་སྲས། བློན་པོ་ལྟ་བུ་དུག་དང་འཁྲུགས་ལ་སྒོང་ཐོག་པ་ཞེས་འདྲེ་པད་ཁ་དང༌། འབངས་གྲས་རིམས་ལ་པར་པ་ཏ། མཁྲིས་ཚད་ལ་ཏིག་ཏ། ཚད་རྙིང་ལ་སྤང་རྩི་དོ་བོ། འཁྲུགས་ཚད་ལ་ཧོང་ལེན། མཁྲིས་ཚད་རྙིངས་པ་ལ་ཤང་ལང་སྟེ་ཀྱི་ལྕེ་དཀར་པོ་འབངས་སུ་སྦྱར་བས། དེ་ལྟར་བློན་པོ་ལྟ་བུའི་སྨན་གཉིས་དང་འབངས་ལྟ་བུ་བཞི་བཅས་དྲུག་པོ་ནད་རིགས་སོ་སོར་ཁ་བསྒྱུར་ཏེ་ཐུན་ལོག་སྦྱར་བ་ནི་ནད་ཀྱི་དགྲ་དཔུང་འཇོམས་པར་དམག་དཔོན་དུ་དབང་བསྐུར་བ་ལྟ་བུ་ཡིན་ལ། དེའི་དམག་མི་ནི་བསིལ་བའི་སྔོ་སྨན་སྣ་གང་འཛོམ་ཚོགས་ཚད་དུ་སྦྱར་བ་འདི་རྣམས་ཀྱི་ཆིབས་ལྟ་བུ་གངས་ཀྱི་ཆུ་ལ་བསྐྱོན་དགོས་ཏེ། དེ་ཡང་མ་སྨིན་གབ་ཚད་གཉིས་ལ་ཆུ་སུམ་གཉིས་གདུས་པའི་དྲོ་འཇམ་དུ་བཏང་ཞིང༌། ཚ་བ་རྒྱས་པའི་དུས་སུ་མ་བསྐོལ་བའི་ཆུ་བསིལ་ཤིས་ལ། རྙིངས་ཚད་ལ་ཆུ་བསྐོལ་གདུས་གྲང་དང༌། སྟོངས་ཚད་ལ་ཆུ་བསྐོལ་ངད་ཡལ་ཙམ་བསྟེན་དགོས་སོ། །

ཁ་བསྒྱུར་དང་བཅས་པའི་སྔོ་སྦྱོར་བདུན་པའི་སྦྱར་ཐབས་ཉེར་བདུན་བཤད་པ་ལ་ནི། ཧོང་ལེན་དང༌། སྤང་རྩི་དོ་བོ། རེ་སྐོན་པ། ཀྱི་ལྕེ་དཀར་པོ་བཅས་དེ་བཞི་པོ་སྔོའི་གཙོ་བོ་རྒྱལ་པོ་ལྟ་བུ་སྡེ་བཞི་ཞེས་མི་འགྱུར་གཞི་བཟུང་ལ། བློན་པོ་སྤུན་མང་ནད་སྟེང་ཁ་བསྒྱུར་བ་ནི། སྔོ་དེ་བ་དང༌། སྔོ་སྤྲིན་ཏེ་མྱང་རྩི་སྤྲས་མཆོག་དང༌། དམན་པ་གང་ལའང་སྐྱེ་བ་དང༌། སྐྲ་བཟང་ཟིལ་པ་བཅས་གསུམ་བསྡེབས་པས་རིམས་ཚད་སེལ་བའི་སྔོ་སྦྱོར་བདུན་པ། དེ་བཞིན་དུ་གཙོ་བོ་བཞི་པོའི་སྟེང་སྟབ་སེང་ཞེས་སྤྱི་ཞུར་དང༌། རྟ་ལྤགས་པ་དང༌། རི་ཚོས་ཏེ་འབྲི་མོག་བྱེ་མར་སྐྱེས་པའི་ཕྲ་བ་དེ་གསུམ་བསྡེབས་པས་འགྲམས་ཚད་སེལ་བའི་སྔོ་སྦྱོར། སྲོ་ལོ་དཀར་པོ་དང་སྒོང་ཐོག་གོང་བཤད། བོང་དཀར་བཅས་གསུམ་བསྡེབས་པས་འཁྲུགས་ཚད་སེལ་བའི་སྔོ་སྦྱོར། བོང་ང་དམར་སེར་དཀར་གསུམ་གང་འོས་དང༌། བྲག་སྐྱ་ཧ་བོ་དང༌། ལྡུམ་བུ་རེ་རལ་བཅས་གསུམ་བསྡེབས་པ་སྦྱར་བས་དུག་འཇོམས་པའི་སྔོ་སྦྱོར། ཆུ་ཤིང་འོམ་བུའི་བར་ཤུན་དང༌། སྒོག་ཐོག་པ་དང་བྱེའུ་ལ་ཕུག་གསུམ་བསྡེབས་པས་ཤ་དུག་འཇོམས་པའི་སྔོ་སྦྱོར། གངྒ་ཆུང་དང་བཙོད་དང་བོང་ང་དཀར་པོ་གསུམ་བསྡེབས་པས་ཚད་འཁྲུ་འཇོམས་པའི་སྔོ་སྦྱོར། བོད་ཀྱི་སྲན་མ་ནག་རིལ་དང༌། གཡེར་ཤིང་པ་མཆོག་དམན་གཉིས་ལས། གློ་ཡུལ་སོགས་ནས་འབྱུང་བའི་འབྲས་བུ་ནག་པོ་འོང་བ་དེ་མཆོགདེ་མིན་ཡུལ་གར་ཡང་སྐྱེ་བ་མེ་ཏོག་སེར་པོ་གཡེར་མའི་དྲི་ལྡན་དེ་དང༌། བཙོད་གསུམ་བསྡེབས་འབྲུམ་ནག་འཇོམས་པའི་སྔོ་སྦྱོར། ཆིག་ཐུབ་ཅེས་པ་འཇུག་སྒོའི་དབང་གིས་བཞེད་པ་མང་ཡང་རྩ་བ་ལ་ཕུག་སྐམ་པོ་འདྲ་བ་དེ་དང༌། སྟག་ཤ་དང་མིང་ཅན་ནག་པོ་སྟེ་གསུམ་བསྡེབས་པས་གག་ལྷོག་འཇོམས་པའི་སྔོ་སྦྱོར། ཨ་བྱག་གཟེར་འཇོམས་དང༌། དུག་པུཥྤ་ནི་ར་དུག་གི་མེ་ཏོགསྤྲུ་ནག་མའི་རྩ་བ་གསུམ་བསྡེབས་པས་གཉན་གཟེར་འཇོམས་པའི་སྔོ་སྦྱོར། མ་ནུ་པུཥྤར་དང༌། ལུག་ཆུང་སྟེ་རྐང་བགྲད་ནས་སྐྱེ་བའི་མེ་ཏོག་སྔོ་སྐྱ་ལུག་མིག་ལས་ཆུང་བ་དེ་དང༌། ཁུར་མང་དཀར་སེར་གང་རུང་གི་རྩ་བ་གསུམ་བསྡེབས་པས་སྨུག་པོ་སེལ་བའི་སྔོ་སྦྱོར། སྟབ་སེང་ཞེས་སྤྱི་ཞུར་དང༌། ཨ་བྱག་དང༌། སྲོལ་གོང་པ་གསུམ་བསྡེབས་པས་མགོ་ཆག་སེལ་བའི་སྔོ་སྦྱོར། རྣམ་པར་ཞེས་ཡུ་གུ་ཤིང་དང༌། ཁྲག་རྐང་ཞེས་མྱང་རྩི་སྤྲས། འབམ་པོ་གསུམ་བསྡེབས་པས་ཡན་ལག་གི་ཆུ་སེར་རྣམས་འཐུངས་ལ་ཚད་པ་གཅོག་པར་བྱེད་པའི་སྔོ་སྦྱོར། སེར་པོ་རྒུ་དྲུས་དང༌། སྤང་ཚན་སྤུ་རུ་ཞེས་པ་གཡའ་སྤང་ལ་སྐྱེ་བ་ལོ་སྡོང་སྤུ་དཀར་པོས་གཏུམས་པ་རྒྱས་པ་ཁ་སྐོང་དུ་བཤད་པ་དེ་དང༌། དར་ཡ་ཀན་གསུམ་བསྡེབས་པས་བྱང་ཁོག་དོན་འབྱོར་བ་དང་ཁྲག་སྐེམ་ཞིང་རྩ་ཆད་མཐུད་པའི་སྔོ་སྦྱོར། ཕུར་མང་དཀར་ནག་གི་ཐལ་བ། སྔོ་སྟག་ཤ འགྲོན་བུ་བཅས་པའི་ཐལ་བ་བསྡེབས་པས་བྱང་ཁོག་གི་རྣག་ཁྲག་དང་ཆུ་སེར་སྐེམས་པར་བྱེད་པའི་སྔོ་སྦྱོར། བཙོད་དང་འབྲི་མོག་ལུག་ཆུང་གོང་བཤད་བསྡེབས་པས་ཁྲག་ཚད་སེལ་བའི་སྔོ་སྦྱོར། རྩ་མཁྲིས་སམ་ཀ་ས་ཁུར་མང་དང༌། བོང་དཀར། སྐྱེར་པའི་བར་ཤུན་གསུམ་བསྡེབས་པས་མཁྲིས་ཚད་སེལ་བའི་སྔོ་སྦྱོར། སེ་རྒོད་དང༌། སྐྱེར་པའི་བར་ཤུན། སྤ་མའི་འབྲུ་གསུམ་བསྡེབས་པས་ཆུ་སེར་སེལ་བའི་སྔོ་སྦྱོར། ཚན་རིགས་གཉིས་ལས་འདིར་དཀར་པོ། སྙི་བ། བྱ་རྒོད་སྤོས་བཅས་བསྡེབས་པས་རྙིངས་ཚད་སེལ་བའི་སྔོ་སྦྱོར། སྲོ་ལོ་དཀར་པོ་དང་སུག་འདྲ་སྤང་རྒྱན་དཀར་པོ་བཅས་བསྡེབས་པས་གློ་ཚད་སེལ་བའི་སྔོ་སྦྱོར། རྩིའུ་སྟེ་པྲི་ཡང་ཀུ། སུམ་ཅུ་ཏིགམཚེ་ལྡུམ་གསུམ་བསྡེབས་པས་མཆིན་ཚད་སེལ་བའི་སྔོ་སྦྱོར། བྱ་རྒོད་སྤོས་དང༌། བྱི་ཚེར་དང༌། སེར་པོ་ཁྲག་རྐངཞེས་མྱང་རྩི་སྤྲས་གསུམ་བསྡེབས་པས་མཆེར་ཚད་སེལ་བའི་སྔོ་སྦྱོར། ཤུག་པ་ཚེར་མ་ཅན། བྱི་ཚེར། ཉི་དགའ་སྟེ་ལྕམ་པ་མ་ནིང་གསུམ་བསྡེབས་པས་མཁལ་ཚད་སེལ་བའི་སྔོ་སྦྱོར། ཁུར་མང་རྩ་བ། སྙ་ལོ། འཇིབ་རྩི་དངོས་སམ་པྲི་ཡང་ཀུ་གསུམ་བསྡེབས་པས་ཕོ་ཚད་སེལ་བའི་སྔོ་སྦྱོར། སྙ་ལོ། བོང་ང་དཀར་པོ། བཙོད་གསུམ་བསྡེབས་པས་རྒྱུ་ཚད་སེལ་བའི་སྔོ་སྦྱོར། སྔོ་དེ་བ། ཡུང་བ་ཞེས་སྒ་སེར། སྐྱེར་པའི་བར་ཤུན་གསུམ་བསྡེབས་པས་ཤ་ཚད་སེལ་བའི་སྔོ་སྦྱོར། མེ་ཏོག་ལུག་རུ་སྟེ་དཀར་སེར་དམར་གསུམ་གང་བྱུང༌། བྲག་སྤོས་སྙི་བ་གསུམ་བསྡེབས་པས་རྩ་ཚད་སེལ་བའི་སྔོ་སྦྱོར། སྟབ་སེང་གོང་བཤད། སེ་རྒོད། རྒྱལ་མཚན་གངྒ་ཆུང་གསུམ་བསྡེབས་པས་རུས་ཚད་སེལ་བའི་སྔོ་སྦྱོར་ཏེ། དེ་ལྟར་བཤད་པའི་ཚ་སེལ་གྱི་སྔོའི་སྦྱོར་སྡེ་བདུན་པོ་དེ་དག་རྣམས་ཐང་དང་ཕྱེ་མ་གང་བྱེད་ནི་ཕོ་བའི་མེ་དྲོད་དང་ཚ་བའི་སྟོབས་ཆུང་བ་ལ་ཐང་ཆེ་བ་ལ་ཕྱེ་མར་སྦྱར་དགོས་ཤིང༌། ཕྱེ་མ་བྱེད་ཚེ་ཤེལ་ཀ་རས་ཁ་བླང་བར་གཅེས་པ་ཡིན་ནོ། །

གྲང་སེལ་སྔོ་སྦྱོར་གྱི་སྡེ་ཚན་བཅུ་བཞིར་དབྱེ་བ་ནི། དབྱི་མོང་དཀར་པོ་དང༌། ད་ལིས་ཞེས་བ་ལུའི་མེ་ཏོག་དང༌། སྟར་བུ་དང༌། ཅོང་ཞི་སོལ་མེར་བསྲེགས་ཏེ་ཆང་ནང་དུ་ངད་བསད་ནས་རྒོད་བཏུལ་བྱས་པ་བཞི་འགྱུར་བ་མེད་པའི་གཞི་བཟུང་ལ། དེ་སྟེང་ཁ་བསྒྱུར་ལ་ལ་ཕུད་དང་འཛིམ་སྟེ་ཁ་སྐོང་དུ་སོང་བའི་རིགས་གཉིས་གང་རུང་དང༌། པི་པི་ལིང་གསུམ་བསྡེབས་ཏེ་ཁ་བསྒྱུར་བས་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའི་སྔོ་སྦྱོར། སྲན་མ་དང༌། ཕབས་ཏེ་ཆང་རྩི་དང༌། བུལ་ཏོག་གསུམ་བསྡེབས་པས་རྩམ་པ་འཇུ་བའི་སྔོ་སྦྱོར། ལྕེ་ཚ། ཟྭ་འབྲུ་སྟེ་རྒོད་གཡུང་གཉིས་ལས་ཀླུངས་སུ་སྐྱེ་བའི་ཟྭ་གཡུང་རིགས་བད་ཀན་བསྐྱེད་པ་དེ་དང༌། གོང་བཤད་ཀྱི་འཛིམ་གསུམ་བསྡེབས་པ་སྔོ་ངད་འཇུ་བའི་སྔོ་སྦྱོར། ཟེ་ཚྭ་བྱ་རྒོད་དམ་གོ་བོའི་བྱ་ཐལ། སྲུབ་ཀ་གསུམ་བསྡེབས་པས་སྐྲན་འདྲིལ་བཤིག་པའི་སྔོ་སྦྱོར། བྱི་བཟུང་ནི་ལོ་རྐང་མ་ནུ་འདྲ་སྙམ་ལ་འབྲས་བུ་སྲུབ་ཀ་ལྟར་ཆགས་པ་ཚེར་མ་ཅན་གྱིས་བྱི་བ་འཛིན་ཐུབ་པ་དེ་དང༌། ཟེ་ཚྭ། བ་སྤྲུ་གསུམ་བསྡེབས་པས་རྡོ་སྐྲན་བཤིག་པའི་སྔོ་སྦྱོར། མཛེ་ཚྭ། བ་སྤྲུ། པ་ཡག་པ་གསུམ་བསྡེབས་པས་མངལ་སྐྲན་བཤིག་པའི་སྔོ་སྦྱོར། ལྕེ་ཚ། སྲུབ་ཀའགྲོན་ཐལ་གསུམ་བསྡེབས་པས་དམུ་རྫིང་སྐེམ་པའི་སྔོ་སྦྱོར། ལྕ་བ། བ་སྤྲུ། ར་མཉེ་གསུམ་བསྡེབས་པས་སྐྱ་རྦབ་འཇོམས་པའི་སྔོ་སྦྱོར། བྲེ་ག་རྒོད། ཨ་ཀྲོང༌། མཆིན་སྨན་རྩིའུ་ཞེས་པྲི་ཡང་ཀུ་བསྡེབས་པས་གློ་ནད་སེལ་བའི་སྔོ་སྦྱོར། སེ་རྒོད། འཇིབ་རྩི་གོང་བཤད། དྲོད་སྨན་པི་པི་ལིང་གསུམ་བསྡེབས་པས་མཆིན་ནད་སེལ་བའི་སྔོ་སྦྱོར། ལྕ་བ། བ་སྤྲུ། གཟེ་མ་གསུམ་བསྡེབས་པས་མཁལ་ནད་སེལ་བའི་སྔོ་སྦྱོར། བྲེ་ག སྤ་འབྲུ། ར་མཉེ་གསུམ་བསྡེབས་པས་ཆུ་སེར་སེལ་བའི་སྔོ་སྦྱོར། ར་མཉེ། ཉེ་ཤིང༌། ཤ་རུ་གསུམ་བསྡེབས་པས་གྲང་རྣག་གཅོད་པའི་སྔོ་སྦྱོར་ཏེ་གྲང་སེལ་གྱི་སྦྱོར་བ་བཅུ་བཞིའོ། །དེ་དག་ཀུན་ལ་བུ་རམ་དཀར་པོའི་རྟ་སྦྱར་ཏེ་ཆུ་བསྐོལ་གྱིས་དབུལ་ནས་བཏང་བ་གཅེས་སོ། །གཞན་ཡང་སྔོ་སྦྱོར་གྲང་སེལ་གྱི་སྦྱོར་བ་ཆེན་པོ་ལ། ར་མཉེ། ཉེ་ཤིང༌། བ་སྤྲུ་བ། ལ་ཕུགལྕ་བ། བཙོང་སྟེ་རྩ་བ་དྲུག་དང༌། འགའ་ཞིག་བཙོང་ཚབ་ལྕ་བ་གཏོང་བའང་འདུག་པ་དང༌། སྔོའི་ཚ་བ་གསུམ། ཟྭ། ད་ལིས་ཏེ་ལོ་མ་ལྔ། ར་དུག་པའི་མེ་ཏོག་སྟེ་གཅིག་དང༌། འབྲས་བུ་ཐང་ཕྲོམ་ནག་པོ། སྟར་བུ། གཟེ་མ། ལྕམ་པ་སྟེ་རྣམ་པ་བཞི། ཟེ་ཚྭ། བུལ་ཏོགབྱང་ཚྭ་སྟེ་ཚྭ་གསུམ། ཅོང་ཞི་རྒོད་བཏུལ་དང༌། བྱ་ཐལ་ཏེ་ཐལ་བ་གཉིས་རྣམས་དང༌། བུ་རམ་སྦྱར་བའི་ཕྱེ་མ་ཆུ་ཚན་གྱིས་ཕུལ་བས། གྲང་ནད་མ་ལུས་པ་སེལ་བར་འགྱུར་བ་སོགས། དེ་ལྟར་མཐའ་འཁོབ་ཡུལ་དུ་མཁོ་བའི་སྔོ་སྦྱོར་གྱི་མན་ངག་འདི་ནི་ངེས་པར་སེམས་ལ་ལོངས་ལ་བྱམས་པའི་སེམས་ཀྱིས་འགྲོ་བའི་དོན་གྱིས་ཤིག་ཅེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་བཅུ་པ་སྔོ་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།

དེ་ལྟར་ལེའུ་བཅུ་ནི་ཞི་བྱེད་སྨན་གྱི་མདོ་སྟེ་གཉིས་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།